༈བཀྲ་ཤིས་བསྟན་པ་རབ་རྒྱས་དང་ལྷ་རམས་པ་ངག་གི་དབང་ཕྱུག་བར་གྱི་བགློ་གླེང་ལ་དཔྱད་པ།

97/464

ཕྱི་ལོ་༢༠༡༩འགོ་ཚུགས་པ་མཉམ་དུ་སྟོབས་ལྡན་གྱི་མི་རིགས་གཞན་པ་ཚོས་ནི་དམག་དོན་དང་། དཔལ་འབྱོར། གསར་གཏོད་སོགས་ལ་ང་ཤི་ཁྱོད་གསོན་གྱི་འཚང་ཁ་ཤིག་ཤིག་བྱས་དང་བྱེད་བཞིན་པར་མཐོང་ཞིང་། སྔོན་ཐོན་གྱི་ཡང་རྩེར་བང་ཁ་བཀྱེ་བའི་གསར་འགྱུར་དང་།ཚགས་ཤོག་གིས་འཛམ་གླིང་གང་སར་ཁྱབ་པར་མ་ཚད་ལུང་ཁུག་འདིར་ཡང་སྟེས་དབང་གིས་ཤོག་ལྷེ་འགའ་ཞིག་བརྡ་འཕྲིན་གྱི་རླུང་བུས་ཡར་་སྤུར་མར་སྤུར་བྱེད་བཞིན་པའི་སྒང་རེད།

རང་རེས་ཕྱོགས་ནས་ཀྱང་མཁས་པར་བརྩི་བའི་དཔལ་ལྡན་འབྲུག་པའི་གདན་ས་ཕྱག་ཆེན་གླིང་གི་མཁན་ཆེན་བསྟན་པ་རབ་རྒྱས་མཆོག་དང་།རྡར་ས་བཙུན་དགོན་སྒྲོལ་མ་གླིང་གི་ལྷ་རམས་པ་ངག་གི་དབང་ཕྱུག་གམ་ཏྲེ་ཧོར་རིན་ཆེན་དངོས་གྲུབ་གཉིས་ཀྱིས་ཀྱང་ཆོས་རའི་ནང་གི་ལན་བརྒྱག་སྟངས་སྐོར་ནས་ང་བདེན་ཁྱེད་བརྫུན་གྱི་འཕྲིན་ཡིག་འགའ་རེ་ཕར་སྐུར་ཚུར་སྐུར་བྱེད་བཞིན་བདོག་ལ། ཆོས་རའི་དམ་བཅའི་འགྲོ་ཕྱོགས་ཙམ་ཡང་མི་ཤེས་པའི་ཆེན་པོའི་མིང་ཅན་འགའ་ཞིག་གིས་རྩོད་པ་འདི་འདྲ་ཆེན་པོ་བྱས་ན།གཅིག་ན་དཀར་དགེ་བར་དང་།གཉིས་ན་དགེ་འབྲུག་བར་ན་འཐོར་འཁྱོམ་འོང་བར་གདའ་བས་རྩོད་པ་ཆེན་པོ་འདི་འདྲ་མ་བརྒྱག་རོགས་ཞེས་ཧ་ལས་ཧོན་འཐོར་ནས་བསྡད་ཡོད་སྐད། འུ་ཚོས་ནི་གནའ་ནས་ད་ལྟའི་བར་དུ་འདི་མ་གཏོགས་བྱ་བ་མེད་པ་ལྟ་བུར་ཆགས་ཡོད་པས།”མི་རྒན་དལ་མོས་དོ་མོང་ཀྲེད་གྲུབ་”ཅེས་པའི་དཔེ་བཞིན་སོང་ཡོད་པས་འདི་མི་རྩོད་ཅི་བརྩད།འདི་རིགས་ཡར་རྩོད་མར་བརྩད་བྱ་བ་ནི་རྒྱུན་ལྡན་ཡིན་པས་ཧ་ལས་རྒྱུ་དང་ཧོན་ཐོར་དོན་ཅི་ཡང་མེད།

ཁོང་རྣམ་གཉིས་ཀྱིས་རང་ལུགས་ཟེར་བ། སྲོག་ལས་དམར་པའི་དམ་བཅའ་དེ་ཚོ་མི་འཆོར་བའི་ཆེད་དུ་རྡོག་བྲད།ཨམ་གཙིགས་བསྡམས།

ཐ་ན་མི་གཤིས་ལ་དམའ་འབེབས་དང་འཕྱ་སྨོད་ཀྱིས་རི་ལུང་སྐོང་བཞིན་འདུག འཛམ་གླིང་གི་རིག་གནས་ཤེས་པར་འདོད་པའི་དགེ་བཤེས་ངག་གི་དབང་ཕྱུག་དང་། ནང་པའི་ལྟ་གྲུབ་ཀྱིས་སེམས་བངས་བའི་མཁན་ཆེན་བསྟན་པ་རབ་རྒྱས་རྣམ་གཉིས་གཅིག་གིས་གཅིག་ལ།ཚིག་རྩུབ་དང་། དམའ་འབེབས།མཐོང་ཆུང་བྱ་ཚུལ་ལ་བལྟས་ན་ཧོར་གླིང་གཡུལ་འགྱེད་ནང་གི་གླུ་ཚིག་གཅིག་ཝལ་ལེར་སེམས་ལ་ཤར་སོང་།གླུ་ཚིག་དེ་ནི། །ཕོ་ཐ་འདྲ་གཉིས་ཐུག་པའི་དུས།།གཅིག་མཚང་གཅིག་གིས་དྲུས་པ་འདྲ།།ཞེས་པའི་གླུ་ཚིག་འདི་རེད།

ཁང་རྣམ་གཉིས་ཀྱིས་གཅིག་གི་ངོ་གདོང་ལ་གཅིག་གིས་མཛུབ་མོ་ཀེར་ནས། མཁས་རློམ། བྱིས་པ། ཡིག་ཉོག སྨྱོན་པ། བླུན་པོ། རྒོལ་ངན་ངོ་ཚ་བྲལ་བ། དགེ་བཤེས་མིང་ཅན།རང་སྒྲོག་མཁན་པོ།ལུང་ཁུག་མཁན་པོ།བྱིས་པ་མཁས་རློམ་སོགས་ཚིག་རྩུབ་མང་པོ་ཅི་ཚད་གཤེ་ཡང་། བོད་སྤྱི་ཡངས་ལ་ནི་ཕན་བཏགས་གནོད་སྐྱེལ་ཅི་ཡང་མེད་པས་ཁྱེད་རྣམ་གཉིས་གཟིམ་ཁྲའི་མཐའ་ཅན་མ་གྱུར་བར་དུ་འུར་བརྒྱག་ནས་བརྩད་རོགས་ཞེས་རེ་སྐུལ་ཡང་ཡང་ཞུ་བཞིན་ཡོད།

དོན་ངོ་མ་ཁྱེད་གཉིས་བརྩད་གཞི་ནི་མཁན་པོར་དགུང་ལོ་ཉེར་ལྔའི་ཐོག་དབུ་མའི་བསྟན་བཅོས་ལུང་རིགས་འབྲུག་སྒྲ་སོགས་བཀོད་པའི་དེབ་ཆུང་ཆུང་ཞིག་ཡོད་རེད།དེབ་དེའི་སྣེར་ཆོས་རའི་ནང་གི་ལན་བརྒྱག་སྟངས་ལ་གནའ་བོའི་རྣམ་ཐར་སྒོ་གསུམ་དང་སྒོ་བཞི་དང་མི་འདྲ་བར།རྟགས་མ་ངེས།གསལ་བ་མ་ངེས་སོགས་ཐ་སྙད་འགའ་རེ་གསར་བཟོ་འདྲ་བོ་ཞིག་བྱས་ཡོད། ངག་གིས་དབང་ཕྱུག་གིས་ཉི་མ་གསུམ་བཞི་ཡར་སྔོན་ནས་མཁན་པོའི་འདོད་སྟངས་དེ་ལ་མི་འཐད་པའི་ཚུལ་བསྟན་ཞིང་། རྟགས་མ་ངེས་དང་།གསལ་བ་མ་ངེས།གསལ་བ་མ་གྲུབ་ཅེས་པའི་ལན་བརྒྱག་སྟངས་འདི་རྒྱ་གཞུང་གི་དགོངས་པ་མིན་རབས་དང་།ཅིའི་ཕྱིར་ཞེས་པའི་ལན་འདི་མཁན་ཆེན་གྱིས་མི་འདོད་ཀྱང་རྒྱ་གཞུང་དགོངས་པ་ཡིན་ཚུལ་བཤད་ཡོད། དེའི་ལན་དུ། ཁ་སང་མཁན་ཆེན་མཆོག་གིས་འཕྲུལ་གྱི་མདའ་མོ་ཞེས་པའི་དགའ་རྩོམ་དེ་འཕྲིན་ཕྲན་རྒྱབ་ཏུ་བཀོན་ཡོད། དགག་རྩོམ་དེའི་ནང་དུ་རྟགས་མ་ངེས་དང་གསལ་བ་མ་ངེས།གསལ་བ་མ་གྲུབ་ཅེས་པའི་ལན་བརྒྱག་སྟངས་ཀྱི་བརྡ་ཆད་ཡོད་པའི་རྒྱ་གཞུང་ཞིག་དྲང་རྒྱུ་རྙེད་མེད་ཀྱང་། མངོན་པ་མཛོད་དུ་བཤད་པའི་རྣམ་ཕྱེས་ཀྱི་ལན་བརྒྱག་སྟངས་དེ་དང་། ས་པཎ་གྱི་དགོངས་པའི་ནང་ལ་གོ་རྒྱུ་ཡོད་སྐད་ལབ་འདུག མཁན་ཆེན་གྱིས་ཅི་ཕྱིར་ཞེས་པའི་ལན་བརྒྱག་སྟངས་མེད་པར་མི་འདོད་ཀྱང་།ཅི་ཕྱིར་ཞེས་པའི་ལན་བརྒྱག་སྟངས་འདི་དགག་ཚིག་ཡིན་པའི་ཤེས་བྱེད་མེད།གལ་སྲིད་ཅིའི་ཕྱིར་ཞེས་པའི་ལན་བརྒྱག་སྟངས་འདི་དགག་ཚིག་ཡིན་པའི་སྒྲུབ་བྱེད་འབུ་བུང་བའི་སྐད་ཙམ་ཞིག་ཡོད་ན་གསེར་སྲང་སྟོང་ཕྲག་གཅིག་ལྷ་དར་གྱིས་བརྒྱན་ཏེ།ངག་གི་དབང་ཕྱུག་ལ་འབུལ་བར་བཤད་ཡོད།མདང་དགོང་མཚན་གོང་པོར་བྲིས་པའི་ངག་གི་དབང་ཕྱུག་གི་དགག་ལན་དུ། དམ་བཅའ་ཅུང་ཟད་འགྱུར་ཚར་བའི་ཉམས་ཤིག་འདུག མདང་གི་དགག་ལན་དུ་ཅིའི་ཕྱིར་ཞེས་པའི་ལན་བརྒྱག་སྟངས་དེ་མཁན་ཆེན་གྱིས་འདོད་པར་གཞི་བཞག་ནས། དེ་དགག་ཚིག་ཡིན་པའི་སྒྲུབ་བྱེད་འགོད་བཞིན་འདུག་པས་དམ་བཅའ་གཅིག་རྨང་ནས་ཤོར་ཟིན་འདུག ལྷ་རམས་པ་ངག་གི་དབང་ཕྱུག་གི་རྩ་དམ་དང་པོ་ཤོར་སྟངས་ལ་བལྟས་ན། མཁན་ཆེན་གྱི་དགག་ལན་དུ། །གཞན་ཕྱོགས་འཇོམས་པའི་རིགས་ལམ་འགྲོས།།བྲག་ལ་ཐོག་ལྕེ་འབབ་པ་འདྲ།།ཞེས་པའི་ཧོབ་བཤད་དེའི་ནང་ལ་གནམ་ལྕགས་ཀྱི་ཁྲོ་ཆུ་ཅུང་ཟད་འདྲེས་ཡོད་པར་སེམས། དེ་ཙམ་གྱིས་གཡུལ་འགྱེལ་གྱི་རྒྱལ་ཕམ་ད་དུང་ཚར་མེད་པས་མཁན་ཆེན་དང་།མཁན་ཆེན་སློབ་མ་ཚོ་ཡིད་མ་ཚིམ་པར། རྟགས་མ་ངེས་དང་།གསལ་བ་མ་ངེས།གསལ་བ་མ་གྲུབ་ཅེས་པའི་ལན་བརྒྱག་སྟངས་ཀྱི་ཐ་སྙད་གསར་བ་དེ་རིགས་ཆ་ཚང་ཡོད་པའི་མདོ་དང་རྒྱ་གཞུང་གི་དཔང་རྟགས་ལ་ཏྲེ་ཧོར་ལྷ་རམས་པས་རེ་སྒུག་བྱས་གདའ་བས། ལ་འུར་རྒྱ་གཞུང་མང་པོ་ཞིག་ཕར་སློག་ཚུར་སློག་བྱོས་ནས་ལུང་གསལ་ཁ་ཅན་ཞིག་དྲང་རྒྱུ་ཨེ་རྙེད་ལྟོས། དེ་འདྲའི་ལུང་གསལ་ཁ་ཅན་ཞིག་ཡོད་ན་ཏྲེ་ཧོར་རམས་པའི་རྩ་བའི་དམ་བཅའ་གཉིས་པ་རྡུལ་དུ་བརླགས་པར་བྱས་འདུག གལ་སྲིད་ལུང་གསལ་ཐིང་ཐིང་ཞིག་དྲང་རྒྱུ་མེད་ཚེ་མཁན་ཆེན་པ་དང་མཁན་ཆེན་པའི་རུ་དཔུང་རྣམས་སྤོབས་པ་བཅོམ་པའི་ཕམ་དམག་ཏུ་སོང་ཡོད་པས་དཱ་ནས་བཟུང་འུར་སྒྲོག་དེ་ཙམ་མི་མཛད་ནས་སྒོམ་ཆེན་འཕྱི་བའི་རྟུལ་ཞུགས་དང་དུ་ལན་རོགས་ཞེས་ཕྲན་ལྡན་མ་མཚོ་སྐྱོམ་གྱིས་ཞུ་བཞིན་ཡོད།