སྐྱེ་བ་སྔ་ཕྱི་ལ་རེག་ཟིག སྒང་བུ་བསོད་ནམས།

96/464

ཤེས་རབ་གློག་ཞགས་རེ་རེ་འགྱུ་བ་རེས། །

ལྟ་ངན་སྨྲ་བའི་ལྕེ་རྣམས་དུམ་པ་ཡི། །

རིགས་པའི་དཔའ་བོ་ཕྱོགས་གླང་ཡབ་སྲས་ཞབས། །

མི་ཕྱེད་དད་གསུམ་འདབ་མ་རྩེ་གཅིག་ཕྱོགས། །

མཁས་པའི་མཁས་པ་རྒྱུ་སྐར་བཀྲ་བའི་དབུས། །

ལུང་རིགས་གཤོག་པས་བརྟོལ་མེད་ཤོར་བ་ཡི། །

སྔ་འགྱུར་ཤིང་རྟ་པ་སྟེ་མི་ཕམ་མཆོག །

ཚེ་རབས་ཕྲེང་བའི་ཕྲེང་བར་སྤྱི་བོར་ཞུགས། །

དེ་ལ་འདིར་གུས་ཚིག་པད་མ་དཀར་པོས་མདུན་བསུས་ཏེ། གང་ཞིག་གླེང་བར་བྱ་བ་ནི། སྤྱིར་ན་གོ་ལ་ཟླུམ་པོ་འདིའི་སྟེང་དུ་རིགས་མི་གཅིག་པའི་སྲོག་ཆགས་བགྲང་ཡས་པ་ཞིག་ཡོད་པ་སྨོས་མེད་ལགས། འོན་ཀྱང་དེའི་ནང་ནས་ཀྱང་དལ་བ་བརྒྱད་དང་འབྱོར་པ་བཅུ་ཚང་པའི་མིའི་ལུས་རྟེན་ནི་ཤིན་ཏུ་རྙེད་པར་དཀའ་བ་དང་། ལན་གཅིག་རྙེད་པ་སྲིད་ཀྱང་དེ་ནི་རང་ཉིད་ཀྱིས་ཚེ་རབས་མང་པོར་ཚོགས་གཉིས་བསགས་པ་བརྟེན་ནས་རྙེད་དགོས་པ་ཞིག་ཡིན་པ་ལས། རིན་པོ་ཆེ་གང་གིས་ཀྱང་ཉོ་མི་ཐུབ་པ་དང་། མ་ཚད་གྱང་ལ་སྲན་མ་བཏབ་པ་ལས་ཀྱང་དཀའ་བ་སོགས་གསུངས་པ་ལྟར་ཅིའི་ཕྱིར་མི་འགྲུབ། འོ་ན་རང་ཅག་ལེགས་ཤིང་ཆ་ཚང་བའི་དེ་འདྲའི་མིའི་ལུས་རྟེན་དེ་ཐོབ་པ་དང་། ཡང་སྒོས་སུ་བདེན་དོན་གྱི་གྲུབ་པའི་གཞུང་ལུགས་གང་མང་ཞིག་སྦྱངས་བའི་གོ་སྐབས་རྙེད་པ་ནི་དེ་ལས་ཀྱང་འགྲན་ཟླ་བྲལ་བའི་ལས་བཟང་ཞིག་ཡིན་པ་སྨྲས་མེད་ཨང་། ཡིན་ན་ཡང་དེང་གི་དུས་འདིར་ཚད་མ་རིག་པར་ཞིབ་འཇུག་བྱ་མཁན་དང་། ལྷག་པར་ནང་བསྟན་ལྟ་གྲུབ་ཀྱི་ཕྱོགས་ནས་འཆད་ཉན་སྒོམ་སྒྲུབ་སོགས་གང་ས་ཅི་ཐད་ནས་མང་ཆེ་བའི་ས་ཚུགས་སུ་བསླེབས་ཀྱང་། ཚད་མ་རིག་པའི་ཁྱབ་ཁོངས་ནང་ནས་ཀྱང་རྩ་བའི་གནད་དོན་དག་ལས་གཡེལ་ཏེ་རྣམ་འགྲེལ་སོགས་ཀྱི་བརྗོད་བྱ་ཉི་ཚེ་བ་ཙམ་ལས། ཚད་མ་རྣམ་འགྲེལ་གྱི་བརྗོད་བྱའི་གནད་ལ་ཁེལ་ཐུབ་མཁན་ནི་ཤིན་ཏུ་དཀོན། དེས་ན་ངེད་ཅག་སྐྱ་སེར་གང་ཡིན་ཡང་རང་རེའི་གྲུབ་མཐའ་ལ་འཚེ་བ་སྣ་ཚོགས་འབྱུང་བྱེད་ཀྱི་ཕྱོགས་འཛིན་ཆགས་སྡང་གི་སྐད་ཆ་དག་སྐྱུར་ནས། དལ་འབྱོར་མིའི་ལུས་རྟེན་འདི་དོན་མེད་ཆུད་ཟོས་སུ་འགྱུར་བར་འཇིགས་སྣང་ཕྲན་བུ་ཙམ་ཨེ་སྐྱེ་ལྟོས་ནས་གཞུང་འདི་དག་གི་དོན་ལ་ངེས་ཤེས་གཏིང་ཕྱིན་པ་ཞིག་སྐྱེ་རྒྱུ་ཤིན་ཏུ་གལ་ཆེའོ། ། དེས་ན་བདག་གིས་ད་ཐེངས་ཚད་མ་རྣམ་འགྲེལ་གྱི་བརྗོད་བྱ་གལ་ཆེ་བ་སྟེ། སྐྱེ་བ་ཡོངས་སུ་ལེན་པ་ན། །འབྱུང་རྔུབ་དབང་པོ་བློ་དག་ནི། །རང་གི་རིགས་ལ་ལྟོས་མེད་ཅན། །ལུས་ཉིད་འབའ་ཞིག་ལས་སྐྱེ་མིན། །ཧ་ཅང་ཐལ་ཕྱིར་ཞེས་སོགས་ཀྱི་གཞུང་གི་དངོས་བསྟན་ཏེ་སྐྱེ་བ་སྔ་ཕྱིའི་ཕྱོགས་ནས་གཞན་རྒྱུད་ཀྱི་ལྟ་བ་ངན་པ་དག་དྲུང་ནས་འབྱིན་པར་བྱེད་པའི་ཆོས་ཀྱི་གྲགས་པའི་རིགས་པ་ངར་ལྕགས་དག་དཔུང་གཉེན་དུ་བྱེད་ནས་ཐ་མལ་བ་བདག་གི་ཡིད་ལ་ཅི་ཤར་གྱི་སྒོ་ནས་དོགས་གནད་ཅུང་ཙམ་དགྲོལ་བ་ལ། ཕྱི་རོལ་པའི་གྲུབ་མཐའ་སྨྲ་བ་རྒྱང་འཕེན་པ་དགག་པ་དང་། དེའི་ཡན་ལག་ཆད་ལྟ་སྨྲ་མཁན་དབང་རྩའི་ཚན་རིག་པ་དགག

རང་ལུགས་གཟུགས་འདས་ཀྱི་ཤེས་པ་གྲུབ་ཚུལ་བཤད་པ་དང་གསུམ་མོ། ། དང་པོ་ནི། ལུས་གྲུབ་པ་དང་དུས་མཉམ་དུ་རྣམ་ཤེས་གྲུབ་པ་དང་ལུས་ཞིག་པ་དང་ལྷན་དུ་རྣམ་ཤེས་ཀྱང་ཡེ་མེད་དུ་འགྱུར་བ་འདོད་མཁན་རྒྱང་འཕེན་པ་དག་གི་འདོད་པ་གཙོ་བོ་ནི་འདི་ལྟར། རྣམ་འགྲེལ་ལས། བློ་ནི་ལུས་ལ་རྟེན་པའི་ཕྱིར། །གོམ་པ་གྲུབ་པ་མེད་ཅེ་ན། །མ་ཡིན་རྟེན་ནི་བཀག་ཕྱིར་རོ། ། ཞེས་དང་། དེ་ཡང་འགྲེལ་ཆེན་ལས་རྒྱང་འཕེན་པ་ན་རེ། བློ་ནི་ལུས་ལ་བརྟེན་པ་སྟེ། ཇི་ལྟར་ན་སྒྲོན་མེ་དང་འོད་ལྟར་ལུས་ཀྱི་འབྲས་བུའམ། ཆང་དང་མྱོས་པ་ལྟར་ལུས་ཀྱི་ཡོན་ཏན་ནམ། རྩིག་པ་དང་རི་མོ་ལྟར་རང་བཞིན་གྱི་ཚུལ་གྱིས་བརྟེན་པའི་ཕྱིར། ལུས་ཞིག་པ་ན་བློ་རྒྱུན་ཆད་པས་བློའི་ཆོས་སྙིང་རྗེ་སོགས་སྐྱེ་བ་དུ་མར་གོམས་པས་མཐར་ཕྱིན་པར་གྲུབ་པ་མེད་དོ་ཅེ་ན། ཞེས་གསུངས་ལ། དེ་འདྲའི་རྒོལ་ཚིག་ཅིག་ཐོག་མ་ཡོང་དོན་གཙོ་བོ་ནི་གོང་གི་རྣམ་འགྲེལ་རྩ་ཚིག སྒྲུབ་བྱེད་ཐུགས་རྗེ་གོམས་ལས་དེ། །ཞེས་པའི་རྩ་ཚིག་དེ་ལས་འཕྲོས་པ་ཡིན་ལ་འཕྲོས་ཚུལ་ཡང་འདི་ལྟར། དེའི་སྐབས་ནས་དཔལ་ལྡན་ཆོས་གྲགས་ཀྱིས་སྒྲུབ་བྱེད་ཐུགས་རྗེ་ཆེན་པོ་སྐྱེ་དུ་མར་ཡང་ནས་ཡང་དུ་ཡུན་རིང་གོམས་པའི་དབང་གིས་མཐར་ཕྱིན་པ་དེ་ཡི་ངོ་བོ་ཉིད་དུ་འགྲུབ་རྒྱུ་ཡོད་པར་གསུངས་བ་ལ། རྒྱང་འཕེན་པས་བློ་ནི་ལུས་ལ་རྟེན་པས་ན་ཐུགས་རྗེ་ཆེན་པོ་དང་བྱམས་པ་སོགས་མུ་མེད་དུ་འཕེལ་ནས་ཚད་ལ་ངེས་པར་མེད་ཅེས་པ་ནི་ཁོང་དུ་མ་ཆུད་དོ། །དེས་ན་ཚད་མ་རྣམ་འགྲེལ་གྱི་ཚད་གྲུབ་ལེའུ་མགོ་མཇུག་བར་གསུམ་མང་དག་ནི་ལུས་སེམས་རྫས་ཐ་དད་བསྒྲུབས་པ་དང་སྐྱེ་བ་སྔ་ཕྱི་དང་འབྲེལ་ཡོད་ཀྱི་གཞུང་འདི་ཤིན་ཏུ་རྒྱས། རྒྱང་འཕེན་པ་ནི་དཔལ་ལྡན་ཆོས་ཀྱི་གྲགས་པའི་ཁ་གཏད་ཀྱི་སྔ་རྒོལ་དེ་ཡིན་པར་གྲུབ་མོད། ཚད་མ་རྣམ་འགྲེལ་གྱི་གཞུང་སྟོད་སྨད་བར་གསུམ་གང་ནས་ལྟོས་ཀྱང་སུན་འབྱིན་པའི་ཚིག་མང་ཤོས་ཀྱི་སྔ་རྒོལ་ནི་རྒྱང་འཕེན་པ་ཡིན་པའི་ཚོར་སྣང་རྣལ་མ་ཞིག་སྐྱེ་བྱུང་། ཡིན་ན་ཡང་ལ་ལས་རྒྱང་འཕེན་པས་སྐྱེ་བ་སྔ་ཕྱི་ཁས་མི་ལེན་ཡང་ཚད་མའི་སྐྱེས་བུ་ཁས་ལེན་པ་སོགས་བཤད་ཡོད། དེ་ནི་མནོ་བསམ་ཞིབ་མོར་མ་གཏང་པའི་སྐད་ཆ་སྟེ། རྒྱང་འཕེན་པས་ཚད་མའི་སྐྱེས་བུ་ཁས་མི་ལེན་པ་ནི། སྒྲུབ་བྱེད་ཐུགས་རྗེ་གོམས་ལས་དེ། ཞེས་པའི་གཞུང་ལས་སྐྱེ་བ་སྔ་ཕྱིའི་ཇི་ལྟར་འཕྲོས་པ་དང་འཕྲོས་ཚུལ་ཕྱོགས་སྔ་གང་ཡིན་ལ་གོ་བ་གཏིང་ཕྱིན་པ་ཞིག་ལོན་ན་ད་གཟོད་ངེས་པ་རྙེད་དོ། ། འདིར་རྒྱང་འཕེན་པས་ལུས་སེམས་གཉིས་འདོད་སྟངས་ལ་དོགས་པ་ཞིག་སྟེ། ཁོས་ལུས་སེམས་གཉིས་གནས་སྟངས་དེ་ཉེར་འབྲས་དང་ཉེར་རྒྱུའི་སྒོ་ནས་གནས་པར་འདོད་དམ། རང་བཞིན་གཅིག་པའི་གནས་པར་འདོད། འདི་ལ་ལ་ལས་རྒྱང་འཕེན་པས་ལུས་སེམས་གཉིས་རང་གཞིན་གཅིག་པ་དང་ཉེར་འབྲས་ཉེར་རྒྱུ་དུས་མཉམ་པ་གསུམ་ཆར་གྱི་སྒོ་ནས་གནས་པར་འདོད་རེད་ཅེས་སྨྲ་ལ། དེ་ནི་ལུང་རིགས་གང་གིས་ཀྱང་གསལ་འདེབས་བྱེད་དཀའ་བའི་གཏམ་ཞིག་ཨེ་ཡིན་ནམ་སྙམ་མོ། ། ཡང་སྒོས་སུ་རྒྱང་འཕེན་པའི་གྲུབ་མཐའ་ནི་རིགས་ལམ་གྱིས་བརྡར་ཤ་གཅོད་པའི་གྲུབ་མཐའ་ཡིན་གྱི་དོན་མེད་འུར་འདྲོགས་བྱེད་མཁན་གླེན་པའི་ངང་ཚུལ་ཅན་བྱིས་པ་ལྟ་བུ་ཞིག་ཡིན་ན་ཆོས་ཀྱི་གྲགས་པས་ཐལ་བ་མང་པོ་ཞིག་ཀྱང་འཕེན་དགོས་མེད་དོ། །

སྒྲོན་མེ་དང་འོད་ལྟར་ལུས་ཀྱི་ཉེར་འབྲས་དང་ཉེར་རྒྱུ་ཡི་སྒོ་ནས་གནས་པ་དང་། ཆང་དང་མྱོས་པ་ལྟར་ལུས་ཁྱད་གཞི་དང་སེམས་དེའི་ཁྱད་ཆོས་ལྟར་གནས་པ་དང་། རྩིག་པ་དང་རི་མོ་ལྟར་རང་བཞིན་གྱི་སྒོ་ནས་གནས་པ་སོགས་ནི་དོན་གྱི་གོ་བ་འགལ་བ་ལྟག་སྤྲོད་དུ་གྱུར་ཡོད་པ་སྨྲས་མེད་ཡིན་པས། དང་ཐོག་ནས་རྒྱང་འཕེན་པས་རྒྱུ་འབྲས་ཚུལ་ཇི་ལྟར་གྱི་སྒོ་ནས་འདོད་པ་ལ་བདག་ཅག་གིས་བློས་གཟབ་ནན་ཞིབ་འཇལ་གནང་ནས་ངེས་ཤེས་ཡང་དག་པ་ཞིག་འདྲོང་ཐུབ་དགོས། དེས་ན་རྒྱང་འཕེན་པས་འདོད་པ་དང་པོ་ལུས་སེམས་གཉིས་ཉེར་རྒྱུ་དང་ཉེར་འབྲས་གྱི་སྒོ་ན་འདོད་པ་ནི་དཔལ་ལྡན་ཆོས་གྲགས་ཀྱི་རྣམ་འགྲེལ་གྱི་གཞུང་ནས་གྲུབ་ལ། དེ་ཡང་རྒྱང་འཕེན་པས་རྣམ་ཤེས་ལུས་ཀྱི་ཉེར་འབྲས་དང་ལུས་དེའི་ཉེར་རྒྱུ་འདོད་པས་ཆོས་ཀྱི་གྲགས་པས་སྐྱེ་བ་སྔ་ཕྱིའི་རྣམ་བཞག་རྒྱ་ཞིང་རྒྱས་པ་དེ་ལས་འཕྲོས་ཏེ་བཀྲལ་ཡོད་དོ། ། སྐྱེ་བ་ཡོངས་སུ་ལེན་པ་ན། །འབྱུང་རྔུབ་དབང་པོ་བློ་དག་ནི། །རང་གི་རིགས་ལ་ལྟོས་མེད་ཅན། །ལུས་ཉིད་འབའ་ཞིག་ལས་སྐྱེ་མིན། །ཧ་ཅང་ཐལ་ཕྱིར་ཞེས་པའི་གཞུང་འདིའི་རྣམ་ཤེས་ཀྱི་ཉེར་རྒྱུ་རྣམ་པར་ཤེས་པ་རང་ཉིད་ཡིན་པར་བསྟན་ལ། བསྟན་ཚུལ་ཡང་འདི་ལྟ་སྟེ། འགྲེལ་ཆེན་ལས། བློ་རྣམ་པར་ཤེས་པ་དག་ནི་རང་གི་རིགས་འདྲ་སྔ་མ་ལ་ལྟོས་པ་མེད་པ་ཅན་དུ་ལུས་ཉིད་འབའ་ཞིག་ལས་སྐྱེ་བ་མིན་ཏེ། གལ་ཏེ་སྐྱེ་ན་ཧ་ཅང་ཐལ་བའི་ཕྱིར་ཏེ། ཞེས་གསུངས་ལ། དངོས་བསྟན་གྱི་གཞུང་གིས་བློ་རྣམ་པར་ཤེས་པ་འདི་དག་ལུས་འབའ་ཞིག་ལས་སྐྱེ་བ་དང་འབྱུང་བ་ཙམ་ལས་སྐྱེ་བ་བཀག་ནས། རྣམ་ཤེས་ཡིན་ནས་བཟུང་རིགས་འདྲ་སྔ་མ་སྔོན་སོང་ཡིན་པས་ཁྱབ་བ་གསལ་བོར་བསྒྲུབས་ཡོད། མ་ཚད་འབྱུང་རྔུབ་དབང་པོ་དག་ཀྱང་ལུས་ཀྱི་ཕུང་པོ་ཉེ་རྒྱུ་བྱས་པ་ལས་སྐྱེ་བ་བཀག་ནས་སོ་སོའི་རིགས་འདྲ་རྐྱང་རྐྱང་ལས་སྐྱེ་བ་བློ་དང་ཇི་མ་ཇི་བཞིན་བྱས་ནས་བསྒྲུབ་ཡོད་མོད། ཉིན་འགའི་སྔོན་བདག་གི་མཆེད་གྲོགས་ཚོས་ཆོས་ཀྱི་གྲགས་པས་རྒྱང་འཕེན་པར་འཕངས་པའི་ཧ་ཅང་ཐལ་ཕྱིར་ཞེས་པའི་ཐལ་བ་འདིའི་ཐད་ནས་བགྲོ་གླེང་བྱ་སྐབས། བདག་གིས་གོ་བ་ཞིག་རྙེད་པ་ནི་འདི་ལྟ་ཏེ། ཧ་ཅང་ཐལ་བ་འདི་རྒྱང་འཕེན་པ་ལ་བབས་སྟངས་ནི་རྣམ་ཤེས་འདི་ལུས་ལས་སྐྱེ་བ་འདོད་པ་ཙམ་གྱིས་མ་ཡིན་ནོ། །གལ་ཏེ་ཆོས་ཀྱི་གྲགས་པས་དེ་ཙམ་ལ་དགོངས་ནས་ཧ་ཅང་ཐལ་འདུག་ཅེས་སྨྲས་ན། དེ་དང་ཇི་མ་ཇི་བཞིན་རང་ལུགས་ལ་ཡང་། སྐྲ་སེར་སོགས་ཆོས་ཅན། འབྱུང་བ་ཀུན་པོ་ལས་སྐྱེ་བར་ཐལ། ལུས་ལས་སྐྱེ་བའི་ཕྱིར་ཟེར་ནས་མཚུངས་སྐྱོན་ཞིག་ཡོང་སྲིད་ཀྱང་། དེ་ཙམ་གྱིས་མ་ཡིན་ལ། ཆོས་ཀྱི་གྲགས་པའི་ཐལ་བ་འདི་འཕོངས་ཚུལ་ནི་ཕ་རོལ་པ་རྒྱང་འཕེན་པས་ལུས་སེམས་གཉིས་འདོད་སྟངས་ལེགས་པོ་ཧ་གོ་ནས། བློ་ནི་ལུས་ལ་བརྟེན་པའི་ཕྱིར། ། ཞེས་དང་། ལུས་ཉིད་འབའ་ཞིག་ལས་སྐྱེ་མིན། ། སོགས་ཀྱི་གཞུང་ནས་གོ་བ་གཏིང་ཕྱིན་པ་ཞིག་ལོན་ན་ད་གཟོད་ཧ་ཅང་ཐལ་ཡོད་པ་ཤེས། ཇི་ལྟ་ཞེ་ན། རྒྱང་འཕེན་པས་རྣམ་ཤེས་ནི་ལུས་ཉིད་འབའ་ཞིག་ལས་སྐྱེ་བ་འདོད་ལ། འབའ་ཞིག་ལས་སྐྱེ་ཞེས་པའི་དོན་ནི། དཔེར་ན་འབྲས་བུ་དུ་བ་ལྟ་བུ་སྐྱེ་བ་ལ་རྒྱུ་མེ་འབའ་ཞིག་ལས་བུད་ཤིང་སོགས་མི་དགོས་པ་ཡིན་ན་མེ་ཚང་ཙམ་གྱིས་དུ་བ་སྐྱེ་བར་ཐལ་བ་ནང་བཞིན། རྒྱང་འཕེན་པའི་ལུགས་ལ་ཡང་འབྱུང་བ་ཐམས་ཅད་སྲོག་ཆགས་སུ་ཐལ་ཏེ། འབྱུང་བ་ཞིག་གྲུབ་ཙམ་གྱིས་དེ་ལས་སེམས་སྐྱེ་བའི་ཁྱབ་པའི་ཕྱིར། ཁྱབ་སྟེ། ཁྱོད་ཀྱིས་སེམས་སྐྱེ་བ་ལ་རྒྱུ་འབྱུང་བ་ལུས་ཀྱི་ཕུང་པོ་ཙམ་ལས་ཚང་མི་དགོས་པ་འདོད་པའི་ཕྱིར་ཞེས་ཆོས་གྲགས་ཀྱིས་ཧ་ཅང་ཐལ་བའི་སྐྱོན་འཕངས་པ་དེ་ལྟར་ཞིག་ཡིན་པར་སྙམ་མོ། ། ཡང་ལ་ལས་སྐྱེ་སེམས་སྐད་ཅིག་དང་པོ་ཆོས་ཅན། རང་གི་ཉེར་ལེན་རྒྱུར་གྱུར་པའི་རིག་པ་སྔ་མ་སྔོན་དུ་སོང་བ་ཡིན་ཏེ།

རིག་པ་ཡིན་པའི་ཕྱིར་ཞེས་པའི་རྟགས་སྦྱོར་འདི་སྔ་རྒོལ་རྒྱང་འཕེན་པ་ལ་རྟགས་ཡང་དག་ཏུ་མ་སོང་བས་ཆོས་ཀྱི་གྲགས་པའི་རིགས་པ་ལྟར་སྣང་རེད་ཅེས་མ་རུངས་བའི་ཚིག་སྨྲ་མཁན་མཆིས་ཀྱང་། དེ་འདྲ་མ་ཡིན་ཏེ། གོང་གི་རྟགས་སྦྱོར་དེ་འཕེན་མ་ཐག་རྒྱང་འཕེན་པའི་ངོར་རྟགས་ཡང་དག་ཏུ་འགྲོ་བ་ཡིན་ན། དེའི་འོག་གི་ལུས་སེམས་གཉིས་དུས་མཉམ་པའི་དགག་པ་དང་ལུས་སེམས་གཉིས་རྫས་ཐ་དད་དུ་བསྒྲུབས་པ་སོགས་ཇི་ཡོད་ཀུན་པོ་ཆུད་ཟ་བར་ཐལ་ལ། དེས་ན་སྦྱོར་བ་དེ་ནི་སྔ་རྒོལ་རྒྱང་འཕེན་པའི་ངོ་ལ་ཐད་ཀར་ཚུལ་གསུམ་པོ་གང་ཡང་མ་གྲུབ་སྟེ། དང་པོ་གྲུབ་པ་ལ་རྒྱང་འཕེན་པའི་ངོར་རྟགས་ཤེས་འདོད་ཆོས་ཅན་སྐྱོན་མེད་ཀྱི་སྟེང་དུ་གྲུབ་དགོས་མོད། འོན་ཏེ་དེའི་ངོར་ཤེས་འདོད་ཆེས་ཅན་སྐྱོན་མེད་མི་སྲིད་པའི་ཕྱིར་རོ། །གཉིས་པ་མ་གྲུབ་སྟེ་རྒྱང་འཕེན་པས་རིགས་པ་ཡིན་ན་རང་གི་ཉེར་ལེན་རྒྱུར་གྱུར་པའི་རིག་པ་སྔ་མ་སྔོན་དུ་སོང་བ་ཡིན་པའི་ཁྱབ་པར་ཚད་མས་ངེས་དགོས་པས་དེ་ཡང་མི་སྲིད་པས་ན་ཚུལ་གསུམ་ཆར་མ་གྲུབ་བོ། །ཡང་ལ་ལས་དཔེ་ད་ལྟའི་རིག་པའི་སྟེང་དུ་རིག་པ་ཡིན་ན་རིགས་འདྲ་སྔོན་སོང་ལས་སྐྱེ་བ་ངེས། སྐྱེས་སེམས་སྐད་ཅིག་དང་པོ་མན་ཆད་ཤེས་པ་ཡིན་ཚད་རང་གི་རིགས་ལས་སྐྱེ་བ་རྒྱང་འཕེན་པས་ཁས་ལེན་པ་སྨྲ་ལ། དེ་ནི་རྒྱང་འཕེན་པས་དངོས་པོ་ཇི་ཡོད་ཀུན་པོ་ལ་རང་གི་རྒྱུའི་རིགས་ལ་བརྗེ་བ་མེད་པར་འདོད་དམ་མི་འདོད་འདོད་ན་གོང་གི་དམ་བཅའ་ནང་འགལ་སྲིད་ལ། མི་འདོད་ན་རྒྱང་འཕེན་པས་ལུགས་ལ་རྣམ་ཤེས་སྔ་མཐའ་ཚད་དང་བཅས་པ་ཡིན་ཡང་ཕྱི་མཐའ་ལ་ལུས་ཞིག་ཀྱང་ད་དུང་ཚད་མེད་དུ་སྐྱེ་བ་ཐལ་ཏེ་ཕྱི་མ་སྐྱེ་བ་ལ་རྒྱུ་ལུས་ཞིག་ཀྱང་རྣམ་ཤེས་རང་གིས་ཕྱི་མ་མཚམས་མི་སྦྱོར་པའི་རྒྱུ་མཚན་ཅི་ཡང་མེད་དོ། །དེས་ན་རྒྱང་འཕེན་པའི་འདོད་པ་ལྟར་རྣམ་ཤེས་ལུས་ཉིད་འབའ་ཞིག་ལས་སྐྱེ་འདོད་པར་ནི་ཆོས་ཀྱི་གྲགས་པའི་བཀག་པ་ལྟར་~བ་ལང་བ་མིན་ལ་སོགས་བཞིན། །སེམས་དང་ལུས་ཀྱང་དེ་བཞིན་ནོ། །ཞེས་དང་། ~ལགས་སོགས་གཡོ་ན་ཐམས་ཅད་དག །གཡོ་བར་འགྱུར་ཕྱིར་འགལ་བ་ཅན །ལས་ནི་གཅིག་ལ་མི་རུང་ཕྱིར། །ཞེས་དང་། ཡང་མ་ལུས་རྒྱུ་ཉིད་ཡིན་ན་ནི། །ཡན་ལག་གཅིག་དང་བྲལ་ནའང་། །ཞེས་སོགས་ཀྱི་སྐབས་ནས་དཔལ་ལྡན་ཆོས་ཀྱི་གྲགས་པའི་དུས་མཉམ་པར་སྐྱེ་བ་བཀག་པ་དང་ཡན་ལག་ཅན་ལས་སྐྱེ་བར་བཀག་སོགས་ཀྱི་རིགས་པ་དེ་དག་གི་གས་སོ། །

གཉིས་པ་ནི། དེའི་ཡན་ལག་ཆད་ལྟ་སྨྲ་མཁན་དབང་རྩའི་ཚན་རིག་པ་དགག་པ་ནི། དེང་གི་ཚན་རིག་པའི་གཙོ་བོ་འདོད་རྒྱུ་ནི་ཆད་ལྟ་སྨྲ་མཁན་རྒྱང་འཕེན་པའི་གྲུབ་མཐའ་དང་སྐྱེ་བ་སྔ་ཕྱི་དང་ལས་རྒྱུ་འབྲས་སོགས་ཡོད་པ་མི་འདོད་པ་ནི་ཤིན་ཏུ་མཚུངས་མོད། འོན་ཀྱང་མི་འདྲ་བ་ཏོག་ཙམ་མངའ་བ་ནི་རྣམ་ཤེས་འདོད་ཚུལ་དེའོ། དེ་ནི་དབང་རྩའི་ཚན་རིག་པ་དག་གིས་རྣམ་ཤེས་ཞེས་པ་བེམ་པོ་ལས་གཞན་གསལ་བའི་བདག་ཉིད་ཅན་ཞིག་མིན་ཡང་ཀླད་ཆེན་གྱི་རྩ་ཕྲན་ཞིག་སྟེ་དེའི་ནུས་པ་ཞིག་ཡིན་པར་འདོད་མོད། མི་འཐད་དེ། སྐྱེ་བ་སྔ་ཕྱི་དྲན་མཁན་གྱི་འགྲོ་བ་རང་མཚན་པ་མཐུན་སྣང་དུ་མཐོང་ཐོས་སུ་འགྱུར་བ་དང་། འདས་པ་དང་མ་འོངས་པའི་ཤེས་བྱ་དག་ད་ལྟར་དྲན་རྒྱུ་ཡོད་པ་དང་། ཀླད་ཆེན་མེད་པའི་གང་ཟག་མཚན་ཉིད་པ་མང་པོ་མཐོང་ཐོས་ཀྱི་ཡུལ་དུ་འགྱུར་བཞིན་པ་སོགས་ཀྱིས་གནོད་པས་དོན་ལ་མི་གནས་སོ། །

གསུམ་པ་རང་ལུགས་སྐྱེ་བ་སྔ་མ་སྒྲུབ་པ་ལ། ཚད་མའི་ཤིང་རྟ་ཆེན་པོ་རྣམས་ཀྱིས་རིགས་པ་མང་པོས་སྒྲུབ་པར་བྱེད་མོད། འདིར་གཙོ་བོ་རིགས་པ་བཞིའི་སྒོ་ནས་བསྒྲུབ་པར་བྱ་ན། དང་པོ་མཁན་ཆེན་ཞི་འཚོས་དབུ་མ་རྒྱན་ནས་བསྟན་པའི་རིགས་པ་གཅིག་དང་། ཕྱི་རོལ་གྱི་ཡུལ་གཟུགས་སོགས་རྡུལ་རགས་པ་དང་ཕྲ་བ་འདི་ཀུན་ཕྱོགས་ཆ་དཔྱོད་པའི་རིགས་པས་ཁེགས་པས་བེམ་པོའི་རང་བཞིན་ཅན་རྡུ་ཕྲན་ཆེ་ཆུང་གང་ཡིན་རུང་ཇི་ཡོད་ཀུན་པོར་རྣམ་པ་བརྟགས་ན་ངོ་བོ་རང་རྐྱ་ཐུབ་པའི་བདེན་པ་གྲུབ་པ་ཅུང་ཟད་ཀྱང་མེད་དོ། ། དེས་རྣམ་ཤེས་གསལ་རིག་འདི་དག་རེས་འགར་སྐྱེ་ཞིང་། རེ་འགར་འགག་པ་མི་རྟག་པར་གྲུབ་པས་རྒྱུ་མེད་འདོད་རྒྱལ་གྱི་སྒོ་ནས་འབྱུང་བ་དང་། རྒྱུ་དབང་ཕྱུག་རྟག་པ་ལས་ཀྱང་སྐྱེ་བ་སོགས་ནི་མི་འཐད་དོ། ། མཁན་ཆེན་ཞི་བ་འཚོས་དབུ་མ་རྒྱན་དུ་ཡང་། འདི་ནི་དངོས་པོའི་མཐོ་སྟོབས་ཀྱིས། །འབྱུང་བ་མ་ཡིན་དེ་མེད་ཕྱིར། །དངོས་པོ་རྣམས་ཀྱི་བདག་ཉིད་དེ། །རྒྱ་ཆེར་རབ་ཏུ་བཀག་པ་ཡིན། །རིམ་གྱིས་འབྱུང་ཕྱིར་གློ་བུར་མིན། །རྟག་འབྱུང་མ་ཡིན་རྟག་མ་ཡིན། །ཞེས་གསུངས་པས་སོ། ། དེས་ན་རྣམ་ཤེས་ཀྱི་ཉེར་ལེན་གྱི་རྒྱུ་ནི་རྣམ་ཤེས་རང་ཉིད་ལས་གཞན་དུ་འདའ་ས་མེད་པ་ནི་མཐའ་གཞན་བཀག་པས་ཁེགས་སོ། ། དེས་ན་སྐྱེ་བ་སྔ་མ་ཡོད་པ་མི་བདེ་བླག་ཏུ་གྲུབ་བོ། ། འདིའི་རྟགས་སྦྱོར་ནི། སྐྱེས་མ་ཐག་པའི་སེམས་སྐད་ཅིག་དང་པོ་ཆོས་ཅན། རང་གི་རིགས་མཐུན་གྱི་སེམས་སྔ་མ་འབའ་ཞིག་ལས་སྐྱེས་པ་ཡིན་ཏེ། རྒྱུ་མེད་དང་རྒྱུ་དབང་ཕྱུག་རྟག་པ་སོགས་ལས་སྐྱེ་བ་ནི་རིགས་པས་མི་གྲུབ་ལ། ཕྱི་དོན་བེམ་པོ་སོགས་ཕྱོགས་ཆ་དཔྱོད་པའི་རིགས་པས་ཁེགས་པས་སོ།། སློབ་དཔོན་ལེགས་ལྡན་འབྱེད་ཀྱིས་རྟོག་གེ་འབར་བ་ནས་བསྟན་པའི་རིགས་པ་ནི། དེ་ཡང་རྟོག་གེ་འབར་བ་ལས། ཚེ་རབས་དྲན་ལ་སོགས་ཡོད་དང་། །ཞེས་གསུངས་ལ། འདིའི་རྟགས་སྦྱོར་ནི། ཚེ་རབས་འདིའི་སྲིད་པ་ཆོས་ཅན། སྔ་མའི་ཡང་སྲིད་ཡིན་ཏེ། དེ་ཡིན་པར་ཇི་བཞིན་དྲན་པའི་གང་ཟག་ཡོད་པའི་ཕྱིར། ཞེས་འགོད་དགོས། ལ་ལས་སྔོན་གྱི་སྲིད་པ་དྲན་པའི་གང་ཟག་ཡོད་པ་ཙམ་རྟགས་བཀོད་ལ། དེ་ལ་ཁྱབ་པ་མེད་དེ། ཀ་བ་སོགས་ཡོད་མེད་ཀུན་པོ་ཆོས་ཅན། སྔོན་མའི་ཡང་སྲིད་ཡིན་པར་ཐལ། སྔོན་གྱི་སྲིད་པ་དྲན་པའི་གང་ཟག་ཡོད་པའི་ཕྱིར་སོགས་རྩོད་དོ། ། དེ་འདྲའི་རྟགས་ཀྱི་ཚུལ་གསུམ་གྲུབ་སྟངས། ཚུལ་དང་པོ་ཕྱོགས་ཆོས་ནི་ཚེ་རབས་འདི་ནས་ཚེ་རབས་སྔ་མ་ཇི་མ་ཇི་བཞིན་དུ་དྲན་མཁན་གྱི་གང་ཟག་མཆིས་པ་རྒོལ་བ་གཉིས་ཀའི་མཐུན་སྣང་དུ་གྲུབ་པ་ཞིག་ཡིན་པས་མངོན་སུམ་གྱིས་གྲུབ་ཆོག་གོ། ། ཕྱི་མ་ཚུལ་གཉིས་གྲུབ་སྟངས་དོན་ལ་ཐ་དད་པ་ཅི་ཡང་མེད་མོད། དཔེར་ན། རང་ཉིད་ཀྱིས་ཉིན་མ་གཅིག་ལ་ཞོགས་པ་སྔ་མོར་ལས་དོན་ཆེ་ཆུང་ཅི་འདྲའི་བསྒྲུབས་ཀྱང་མཚན་མོར་རང་ཉིད་ཀྱིས་དོ་དོ་དན་དན་དྲན་ན་ལས་དོན་ཆེ་ཆུང་དེ་དག་སྔོན་དུ་འགྲོ་དགོས་པ་བཞིན་སྲིད་པ་སྔ་མ་ཇི་བཞིན་དྲན་ན་སྲིད་པ་སྔ་མ་སྔོན་དུ་འགྲོ་དགོས་པས་རྗེས་འགྲོ་གྲུབ་ལ། སྔ་དྲོའི་ལས་དོན་མཐོང་ཐོས་མྱོང་གསུམ་སྔོན་དུ་མ་སོང་ན་ཕྱི་དྲོར་དྲན་རྒྱུ་མེད་པ་བཞིན་སྲིད་པ་སྔ་མ་སྔོན་དུ་མ་སོང་ན་སྲིད་པ་སྔ་མ་དྲན་རྒྱུ་མེད་དགོས་པས་ལྡོག་ཁྱབ་གྲུབ་བོ། ། རིགས་པ་འདི་ནི་ངེས་སླ་བ། ཆོད་ཆེ་བ། རྣོ་ངར་ཅན་ཞིག་སྟེ། འཛམ་བུ་གླིང་འདིར་སྐྱེ་བ་སྔ་མ་དྲན་མཁན་ཡོད་པ་ནི་དངོས་ཡོད་གནས་ཚུལ་ཡིན་ལ། མ་ཚད་འཇིག་རྟེན་གྱི་ཁམས་ཆེན་པོ་འདི་ནས་བོད་ཆེན་པོའི་རྒྱལ་ཁམས་རྐྱང་པ་ལའང་སྐྱེ་བ་སྔ་ཕྱི་དྲན་མཁན་ཆུ་བུར་མིག་གི་མངོན་སུམ་ཡུལ་དུ་གྱུར་པ་རབ་ཏུ་མང་བས་སོ། ། མ་ཟད། བློ་རིག་རྣོ་ལ་ལེགས་བཤད་སོགས་ཐོས་ཙམ་གྱི་ཁོང་དུ་ཆུད་འགྲོ་བ་དང་། ཡང་ལ་ལ་ཐོས་པ་ཙམ་གྱིས་ཤེས་མི་ནུས་པ་ཅི་ཙམ་བསླབས་ཀྱང་ད་དུང་ཁོང་དུ་ཆུད་མི་ནུས་པ་སོགས་ཁྱད་པར་ཡོད་པ་ནི་མཐོང་ཐོས་ཀྱི་ཡུལ་དུ་གྱུར་པ་ཞིག་ཡིན། འདི་འདྲའི་ཁྱད་པར་ནི་སོ་སོའི་ཚེ་རབས་སྔ་མར་གོམས་པའི་བག་ཆགས་སད་མི་སད་ཙམ་ལས་གཞན་རྒྱུ་མཚན་བཙལ་ཡང་རྙེད་དུ་མེད་པ་དེའོ། །

གསུམ་པ་སློབ་དཔོན་དཔའ་བོས་སྐྱེ་བ་སྔ་མ་སྒྲུབ་སྟངས་ནི། འདི་ལྟར་ཏེ། བློ་ཡི་མཐུ་སྟོབས་གསལ་བ་མེད་པ་དང་། །དབང་པོ་རྣམས་ཀྱང་བླུན་པོའི་རང་བཞིན་ཅན། །བཙས་མ་ཐག་ཏུ་སུས་ཀྱང་མ་བསྟན་པར། །ཁ་ཟས་ཟ་བར་རྩོལ་བར་བྱེད་པ་ཡང་། །དེ་དག་ཚེ་རབས་གཞན་ནས་གོམས་པའི་མཐུས། །ཞེས་གསུངས་པ་ལྟར། འཇིག་རྟེན་འདིར་སྲོག་ཆགས་འབུ་སྲིན་ནས་བཟུང་མིའི་མན་ཆད་ལ་ཤེས་བྱ་མངོན་གྱུར་དང་ལྐོག་གྱུར་ཅི་འདྲའི་ཡིན་རུང་རྩ་བ་ནས་མ་སློབ་ངང་ངམ་ཤུགས་ཀྱིས་ངེས་ཤེས་རྙེད་མཁན་ནི་ཤིན་ཏུ་དཀོན་ལ། ཡང་སྒོས་སུ་རང་ཉིད་དང་བཅས་གཞན་གྱིས་བསླབ་དགོས་པས་སྐྱེས་མ་ཐག་པའི་བྱིས་པ་ལྟ་བུ་དེ་སུས་ཀྱང་བསླབ་མི་དགོས་པར་མའི་ནུ་མ་རང་སྟོབས་ཀྱིས་འཚོལ་ཤེས་པ་ནི་སྔོན་གོམས་པའི་ཅི་ལ་མིན་ཞེས་ལུང་གི་དོན་ཉིད་ཡིན་ནོ། ། དེའང་རྟགས་སྦྱོར་དགོད་སྟངས་འདི་ལྟར་ཏེ། སྐྱེས་མ་ཐག་པའི་ཕྲུ་གུ་ཆོས་ཅན། ཁྱོད་ལ་མའི་ནུ་མ་འཐུང་བ་སོགས་གོམས་པ་སྔོན་སོང་གི་རྣམ་ཤེས་རྒྱུན་ལ་མངའ་བ་ཡིན་ཏེ། ཁྱོད་ལ་སུས་ཀྱང་བསླབ་མི་དགོས་པར་ནུ་ཞོ་འཐུང་ཤེས་པའི་ཤེས་པ་ལྷན་སྐྱེས་མངའ་བའི་ཕྱིར། ཞེས་པ་འགོད་ལ། ཚུལ་དང་པོ་ནི་སྐྱེས་མ་ཐག་པའི་ཕྲུ་གུ་སོགས་སུས་ཀྱང་བསླབ་མི་དགོས་པར་རང་སྟོབས་ཀྱིས་མའི་ནུ་མ་ནུ་ཤེས་པ་མངོན་སུམ་གྱིས་མཐོང་བས་གྲུབ་ལ། ཚུལ་གཉིས་པ་དང་གསུམ་པ་ནི། དེ་འདྲའི་ཕྲུ་གུ་དེས་ནུ་ཞོ་གཅིག་པུ་འཚོལ་ཤེས་པ་ནི་སྔོན་གོམས་པའི་བག་ཆགས་ཡོད་པ་ཡིན་པ་ལས་གཞན་དུ་དམིགས་སུ་མེད་པས་གྲུབ་བོ། ། བཞི་པ་ཆོས་ཀྱི་གྲགས་པས་སྐྱེ་བ་སྔ་མ་སྒྲུབ་སྟངས་ནི། སྐྱེ་བ་ཡོངས་སུ་ལེན་པ་ན། །འབྱུང་རྔུབ་དབང་པོ་བློ་དག་ནི། །རང་གི་རིགས་ལ་ལྟོས་མེད་ཅན། །ལུས་ཉིད་འབའ་ཞིག་ལས་སྐྱེ་མིན། །ཧ་ཅང་ཐལ་ཕྱིར་ཞེས་སོགས་ཀྱི་གཞུང་གིས་བསྟན་ཏེ། བསྟན་ཚུལ་ཡང་འདི་ལྟར་ཏེ། འཇམ་མགོན་བླ་མའི་འགྲེལ་ཆེན་ལས། འདི་ལྟར་སེམས་ཅན་རྣམས་སྐྱེ་གནས་སུ་སྐྱེ་བ་ཡོངས་སུ་ལེན་པ་ན། དབུགས་འབྱུང་རྔུབ་དང་། མིག་སོགས་དབང་པོ་དང་། བློ་རྣམ་པར་ཤེས་པ་དག་ནི་རང་གི་རིགས་འདྲ་སྔ་མ་ལ་ལྟོས་པ་མེད་པ་ཅན་དུ་ལུས་ཉིད་འབའ་ཞིག་ལས་སྐྱེ་བ་མིན་ཏེ། གལ་ཏེ་སྐྱེ་ན་ཧ་ཅང་ཐལ་བའི་ཕྱིར། ཞེས་པའི་གཞུང་ལས་གསལ་བོ་བསྟན་པ་ལྟར་རོ། །དེའང་ཆོས་ཀྱི་གྲགས་པས་རྟགས་སྦྱོར་དགོད་སྟངས་འདི་ལྟར་ཏེ། སྐྱེ་སེམས་སྐད་ཅིག་དང་པོ་ཆོས་ཅན། རང་གི་ཉེར་ལེན་རྒྱུར་གྱུར་པའི་རྣམ་ཤེས་སྔ་མ་སྔོན་དུ་སོང་བ་ཡིན་ཏེ། རྣམ་ཤེས་ཡིན་པའི་ཕྱིར། ཞེས་འགོད་ལ། སྐབས་ཀྱི་སྦྱོར་བའི་ཕྱོགས་ཆོས་ལ་སོགས་པ་ཚུལ་གསུམ་པོ་དེ་ཐད་ཀ་གཞན་ལ་གྲུབ་པ་ནི་ཅུང་ཙམ་དཀའ་འོ། །ཡང་སྐྱེ་སེམས་སྐད་ཅིག་དང་པོ་དེ་ལའང་འདོད་སྟངས་མི་འདྲ་བ་མང་པོ་མཆིས་ཀྱང་། གུས་པས་འདོད་ཚུལ་ནི་ཉིང་མཚམས་སྦྱོར་མ་ཐག་པའི་རྣམ་ཤེས་སྐད་ཅིག་དང་པོ་དེ་ལ་བཞག་དགོས་སྙམ། དེ་འདྲའི་ཉིང་མཚམས་སྦྱོར་མ་ཐག་པའི་རྣམ་ཤེས་སྐད་ཅིག་དང་པོ་དེའང་ཤེས་པ་ཡིན་པར་འདོད་མིན་ལ་རྩོད་པ་ཡོད་དུ་ཆུག་ཀྱང་། དངོས་སྟོབས་རིགས་པས་ཤེས་པ་ཡིན་པར་གྲུབ་ལ། མ་ཚད་དེ་འདྲའི་ཤེས་པ་སྐད་ཅིག་དང་པོ་དེ་རང་གི་ཉེར་རྒྱུར་གྱུར་པའི་ཤེས་པ་ཡོད་པར་ངེས་ཙམ་སྐྱེ་བ་སྔ་མ་ཡང་ངེས་དགོས་སྙམ་པའི་དམ་ཞིག་བཅའ་བར་འདོད་དོ། །

དེ་སྐད་སྨྲས་པའི་དཔྱད་པའི་བུ་རམ་གཏམ། །

བློ་ལྡན་དགའ་བའི་གནད་དུ་མ་སོང་ཡང་། །

གཞུང་ལུགས་ཐང་ཆེན་ཉུལ་བའི་རྐང་པའི་རྗེས། །

ཆུ་ཐིགས་ཙམ་ཡང་མ་ཡིན་སུ་ཡིས་སྨྲ། །

ཆགས་སྡང་དུག་གིས་བསླངས་བ་མ་ཡིན་པས། །

རྣམ་དཀར་དགེ་བ་ཅུང་ཟད་ཡོད་གྱུར་ན། །

མར་གྱུར་འགྲོ་བ་ཀུན་ལ་སྨན་པའི་སླད། །

ཀུན་སློང་གཙང་མའི་ངང་ནས་ཡོངས་ལ་བསྔོ། །