ཆོས་ལུགས་ཀྱི་ཕུགས་བསམ་དང་འཚོ་གནས་ཀྱི་དཀའ་ཁག

90/464

ཆོས་ལུགས་ཀྱི་ཕུགས་བསམ་དང་འཚོ་གནས་ཀྱི་དཀའ་ཁག

དང་པོ།

ལར། དུས་རབས་གོང་མ་ལྟ་བུར་མཚོན་ན།ལོ་རབས་བཅུ་པ་ནས་ལྔ་བཅུའི་ནང་ཚུན་དུ་འཛམ་གླིང་གི་དམག་འཁྲུག་ཆེན་པོ་གཉིས་བསྟུད་མར་ལངས་ཤིང་། སྟོབས་ཆེན་རྒྱལ་ཁབ་དག་གིས་རྒྱལ་ཁབ་གཞན་དང་མི་རིགས་གཞན་གྱི་ས་ཆ་བཙན་བཟུང་དང་མི་སེར་སྤེལ་ཡུལ་ཉིད་དུ་བསྒྱུར་པ་མ་ཟད།སྟོབས་ཆེན་རྒྱལ་ཁབ་དག་གི་དབར་ལ་འགལ་རྩོད་མེ་ཆུ་བཞིན་དུ་འཕྲད་ཅིང་།མི་སེར་སྤེལ་ཡུལ་དུ་གྱུར་པའི་རྒྱལ་ཁབ་བམ་མི་རིགས་གང་དེའི་ནང་ཁུལ་དུ་ཡང་ཆབ་སྲིད་ཀྱི་སྐྱིད་སྡུག་འདྲ་མིན་དབར་གྱི་རྩོད་པ་དང་ཆོས་ལུགས་གྲུབ་མཐའ་བར་གྱི་ཕྱོགས་རིས་སོགས་ཀྱི་རྐྱེན་པས་ཡུལ་ཁམས་ཀུན་ཏུ་བདེ་གཟར་རྒྱུན་མ་ཆད་པར་བྱུང་བ་དེ་དང་བསྟུན།དམག་འཁྲུག་དང་དམུ་གེ་དང་ནད་ཡམས་ཀྱིས་མི་རྣམས་ལ་འཚོ་གནས་ཀྱི་དཀའ་ཁག་གཅིག་རྗེས་གཉིས་མཐུད་དུ་འཕྲད་པར་གྱུར། དེ་ལ་ཡང་།རྒྱ་གར་ལྟ་བུར་མཚོན་ན་སྐབས་དེར་དབྱིན་ཇིའི་གཞུང་གིས་བཟུང་ཡོད་པས་ཕྱིའི་བཀག་རྒྱ་བཙན་ཞིང་ནང་ཁུལ་དུ་ཆབ་སྲིད་ཀྱི་སྐྱིད་སྡུག་འདྲ་མིན་བར་དང་ཆོས་ལུགས་གྲུབ་མཐའ་བར་གྱི་འགལ་རྩོད་ཆེ་བར་བརྟེན་མི་རྣམས་ལ་ཟས་གོས་གནས་མལ་གྱི་དཀའ་ངལ་དང་དམག་འཁྲུག་དམུ་གེ་ཡི་སྡུག་བསྔལ་ཤིན་ཏུ་མོད་པོ་བྱུང་བ་རེད། དུས་དེ་དང་མཉམ་དུ་རྒྱ་གར་གསར་སྐྱེས་ཀྱི་གཞོན་ནུ་མི་ཉུང་བ་འགའ་ཕྱི་རྒྱལ་དབྱིན་ཡུལ་གཙོས་པའི་ནུབ་ཕྱོགས་ཀྱི་རྒྱལ་ཁབ་ཁག་ཏུ་སློབ་གཉེར་དུ་བསྐྱོད་པའི་གོ་སྐབས་རྙེད་པས་ཁོང་ཚོས་ཕྱི་རྒྱལ་ནས་ཁྲིམས་ལུགས་དང་གསོ་རིག་འཕྲོད་བསྟེན་ལ་སོགས་པ་གང་ལ་གང་འཚམ་དེ་ལ་དེ་ལྟར་དུ་སྦྱངས་ཏེ་རིག་ཚན་གྱི་ལག་ཁྱེར་བླངས་ནས་ཕྱིར་རང་གི་ཡུལ་དུ་སླེབས་ཙ་ན། རང་གི་རྒྱལ་ཁབ་དང་མི་རིགས་ནི་བཙན་རྒྱལ་རིང་ལུགས་པས་གཉའ་གནོན་བྱེད་བཞིན་ཡོད་པ་ངོས་ཟིན་པས་རང་དབང་འཐབ་རྩོད་དང་རྒྱལ་ཁབ་བསྐྱར་གསོ་བགྱི་བའི་སྙིང་ལ་དཔའ་སྤོབས་སྐྱེས་ཤིང་ལྕེ་ལ་ངར་བླུད་པར་བྱས།འོན་ཀྱང་རང་ཡུལ་གྱི་འབངས་མི་རྣམ་དག་རྣམས་ཆོས་ལུགས་ཁ་ལ་ཁྱེར་མཁན་གྱི་སྐབས་འཚོལ་རིང་ལུགས་པ་འགས་བཤུ་བཞོག་དང་མགོ་སྐོར་གཏོང་བཞིན་ཡོད་པ་མཐོང་བས་གཞོན་ནུ་ཁོང་ཚོ་(སྐབས་དེའི་མཐོང་རྒྱ་ཆེ་བའི་རྒྱ་གར་གྱི་མི་རབས་གསར་པ་མི་ཉུང་བ་ཞིག)ཆོས་ལུགས་གྲུབ་མཐའ་དག་ལ་མགོ་འཐོམས་ཤིང་ཞེ་ལོག་པར་གྱུར། སྐབས་དེར་ཁོང་ཚོའི་རང་ཉིད་སྒེར་དང་ཁྱིམ་ཚང་། རང་གི་མི་རིགས་དང་རྒྱལ་ཁབ་ཤི་གསོན་གྱི་བར་མཚམས་སུ་གྱར་པ་མཐོང་དུས་སྐྱེ་བ་ཕྱི་མ་ཟེར་བ་དང་ལྷ་དང་དཀོན་མཆོག ། མཐུ་དང་རྫུ་འཕྲུལ་སོགས་ལ་ཡིད་ཆེས་ཡལ་ཞིང་དག་སྣང་གི་རྨོངས་དད་དོར་ཏེ་རྣམ་དཔྱོད་རྩལ་ལ་བསྟེན་ནས་རིགས་ཀྱི་མདུན་ལམ་ལ་བསམ་གཞིགས་མི་བྱེད་ཀ་མེད་དུ་གྱུར། དཔེར་ན།དེང་གི་རྒྱ་གར་གྱི་སྲིད་བློན་ཐོག་མ་ནེ་རུ་(Jawaharlal·Nehru 尼赫鲁)ལྟ་བུར་མཚོན་ན་ཡང་སྐབས་དེའི་མི་རབས་གསར་པའི་གྲས་སུ་གཏོགས་ཤིང་དབྱིན་ཡུལ་ཁམ་ཟམ་གཙུག་ལག་སློབ་ཆེན་ནས་མཐར་ཕྱིན་རྗེས་རྒྱ་གར་དུ་ལོག་ནས་རང་དབང་འཐབ་རྩོད་དང་རྒྱ་གར་བསྐྱར་གསོ་བགྱི་བའི་ལས་སུ་ཞུགས། སྔ་རྗེས་སུ་མི་ལོ་དགུ་ཙམ་ལ་བཙོན་ཁང་དུ་བཅུག་ན་ཡང་བདེན་པའི་འཐབ་རྩོད་ཀྱི་དད་འདུན་འགྱུར་བ་མ་བྱུང་། རྒྱ་གར་ནི་ཆོས་ལུགས་ཀྱི་ཞིང་ཁམས་ཤིག་ཏུ་འདྲ་ན་ཡང་ནེ་རུ་མཆོག་ནི་ཆོས་ལུགས་ཀྱི་ཆགས་ཞེན་མེད་པ་མ་ཚད་ཆོས་ལུགས་ལ་དེ་ཙམ་སྤྲོ་སྣང་མེད་པར་ཆགས། སྐབས་དེར་ཁོང་གིས་དོ་སྣང་གཙོ་བོ་བྱེད་ཡུལ་ནི་སྐྱེ་བ་འདིའི་བདེ་སྡུག་དང་རྒྱ་གར་མི་རིགས་དང་རྒྱལ་ཁབ་ཀྱི་དཀའ་ཁག་ཡིན་ལ། ཆོས་ལུགས་རྩོད་ཉོག་གིས་རྒྱ་གར་སྤྱི་ཚོགས་སུ་དཀའ་ངལ་ལྷག་མ་འཕྲད་ཀྱིན་ཡོད་པས་ཁོང་རང་བློ་ཕམ་ཆེན་པོ་བྱུང་བ་རེད། དེ་བཞིན་མ་ཧཱ་གན་ངྷི་ཡང་དང་ཐོག་ཆོས་ལུགས་ཀྱི་ཞེན་ཁོག་ཤིན་ཏུ་ཆེ་ན་ཡང་རྗེས་སུ་རིམ་པས་སད་རྟོགས་བྱུང་ཡོད་པ་རྣམ་ཐར་ལས་ཤེས་ཐུབ་པ་འདུག །དེར་བརྟེན་མིའི་རིགས་ལ་འཚོ་གནས་ཀྱི་དཀའ་ངལ་འཕྲད་ཚེ་ཆོས་ལུགས་ཀྱི་ཕུགས་བསམ་ཅི་འདྲའི་ཟབ་ཅིང་རྒྱ་ཆེ་ན་ཡང་སྐབས་བསྟུན་འདོར་ལེན་བགྱི་བ་ནི་ལོ་རྒྱུས་ཀྱི་མེ་ལོང་ནང་དུ་གསལ་ལྷམ་མེར་ཡོད་པ་རེད།

གཉིས།

རང་རེ་བོད་ལ་མཚོན་ན་ཡང་དུས་རབས་གོང་མ་ནི་ཟང་ཟིང་ཆེ་ཤོས་ཤིག་ཏུ་ཆགས་ཡོད་པ་རེད། སྤྱི་ལོ་1904ལོར་དབྱིན་ཇིས་བཙན་འཛུལ་ཐེངས་གཉིས་པ་བྱས་ཤིང་དམག་དཔུང་ལྷ་སར་འབྱོར་བ་དང་།བྱང་གི་ཨོ་རུ་སུས་ཀྱང་ཐབས་ལམ་འདྲ་མིན་གྱི་སྒོ་ནས་གསང་མྱུལ་མང་པོ་བོད་དུ་བཏང་ནས་བོད་འདི་ཁྱུར་མིད་བགྱི་བའི་འཆར་གཞི་འཐེན་པའི་སྐབས་དེར། གཞུང་ས་དགའ་ལྡན་ཕོ་བྲང་དང་བོད་ཀྱི་མི་དམངས་རྣམས་དཀའ་ངལ་ཆེན་པོ་འཕྲད་ཅིང་། སྐུ་མདུན་བཅུ་གསུམ་པ་མཆོག་ནང་པའི་ཆོས་པ་ཞིག་ཡིན་ན་ཡང་།སོག་ཡུལ་དང་རྒྱ་ནག་དང་རྒྱ་གར་སོགས་སུ་བྱོལ་བའི་བརྒྱུད་རིམ་ཁྲོད་བོད་འདི་ཆོས་ལུགས་ཀྱི་མཁའ་དབུགས་མཐུག་དྲགས་པ་དང་དུས་བསྟུན་བསྒྱུར་བཅོས་དགོས་པའི་རྟོགས་པ་མང་དུ་སད་པས་ན།སྲིད་ལུགས་གསར་བསྒྱུར་གྱི་ལས་འགུལ་བརྩམས་པ་དཔེར་ན་བོད་ཕྲུག་དབྱིན་ཡུལ་དུ་སློབ་སྦྱོང་མངགས་པ་དང་ཁྲལ་བསྡུའི་ལུགས་སྲོལ་བསྒྱུར་བཅོས་བགྱིས་པ། དམག་དཔུང་འཛུགས་སྐྱོང་ལ་རྒྱབ་སྐྱོར་གནངས་པ་སོགས་བགྱི་བ་མང་དུ་མཛད། འདི་ཡང་སྐབས་དེར་བོད་འདི་ལ་འཚོ་གནས་ཀྱི་དཀའ་ཁག་འཕྲད་པ་དང་འབྲེལ་ནས་ཡོད། དེའི་རྗེས་སུ་བྱུང་བའི་ལུང་ཤར་དོན་རྐྱེན་དང་ནུབ་བོད་ལེགས་བཅོས་སྐྱིད་སྡུག་ཅེས་པ་དག་ཀྱང་འཚོ་གནས་ཀྱི་སླད་དུ་བྱུང་བའི་གསར་བརྗེའི་ལས་འགུལ་རེད་ལ། བོད་མི་གུང་ཁྲན་རིང་ལུགས་པ་ཐོག་མ་འབའ་བ་ཕུན་ཚོགས་དབང་རྒྱལ་མཆོག་ཀྱང་ཐོག་མར་རྒྱ་ནག་ནས་སློབ་གཉེར་བགྱིས་པ་དང་བར་དུ་བོད་ཀྱི་སྤྱི་ཚོགས་གོང་འོག་ལ་རྒྱུས་ལོན་གསལ་པོ་བྱུང་ཞིང་། གཞུག་ནས་རྒྱ་གར་སོགས་ནས་མཐོང་རྒྱ་བསྐྱེད་པས་གུང་ཁྲན་རིང་ལུགས་ཀྱི་སྐྱིད་སྡུག་བཙུགས་ཤིང་ལས་འགུལ་བླངས་པ་འདི་ཡང་བོད་འདི་འཚོ་གནས་ཀྱི་དཀའ་ངལ་འཕྲད་ཀྱིན་ཡོད་པས་ཆོས་ལུགས་ཀྱི་ཕུགས་བསམ་ཁོ་ནར་འཐམས་པ་ཡིན་ན་ཕྱིའི་རྒྱལ་ཁབ་ཀྱིས་བཙན་འཛུལ་བྱེད་ཡུལ་ཉིད་དུ་ཆགས་པ་དང་ནང་གི་སྐབས་འཚོལ་རིང་ལུགས་པས་བེད་སྤྱོད་བགྱིད་པར་མཐུན་རྐྱེན་དུ་སོང་གཤིས། ལྷ་མེད་སྨྲ་བའི་གུང་ཁྲན་རིང་ལུགས་ཀྱི་བསམ་བློ་བོད་མིར་སྐྱེས་པ་ཧང་སངས་དགོས་པའི་གནས་ཤིག་མ་ཡིན་པར་དེ་ནི་འཚོ་གནས་ཀྱི་ཐབས་ལམ་འཚོལ་སྟངས་ཤིག་ཡིན། དེ་བཞིན་དུ་དུས་རབས་འདིའི་དུས་མགོར་བྱུང་བའི་སྐུ་ཞབས་ཞོགས་དུང་དང་ཚ་བ་མདའ་སྨྱུག་གཙོས་པའི་བོད་ཀྱི་སྐྱེས་བུ་འགའ་རེས་ཆོས་ལུགས་ལས་ཐེབས་པའི་བྲན་གཤིས་དང་སྐྱོ་ཤས་ཀྱི་བསམ་བློ་ལ་དོགས་སློང་དང་དགག་སྒྲུབ་ཆེས་ཆེར་བྱས་ཤིང་ད་ལྟ་གསར་སྐྱེས་གཞོན་ནུ་མང་པོ་ཞིག་ཀྱང་རིམ་པས་དཔྱད་པ་མེད་པའི་དག་སྣང་ལས་བརྒལ་གྱིན་པ་རེད། འདི་ལྟའི་འབྱུང་རྐྱེན་ཡང་ང་ཚོའི་སྤྱི་ཚོགས་སུ་ཆོས་ལུགས་ཐལ་མཐའ་རིང་ལུགས་པ་མང་བ་དང་དེ་དག་གིས་མང་ཚོགས་བཙོག་པ་འཁོར་རྒྱུག་གི་ལམ་དུ་ཁྲིད་ཀྱིན་ཡོད་པ་མ་ཚད། ཡུན་ནས་གོམས་པའི་བག་ཆགས་ཀྱི་དབང་གིས་སངས་རྒྱས་ཆོས་དང་འབྲེལ་བ་མེད་པའི་ལས་ལ་དགའ་བསུ་ཐོབ་དཀའ་བར་གྱུར་པས་ཇི་སྲིད་འཚོ་གནས་ཀྱི་སླད་དུ་དོགས་སློང་དང་དགག་པ། དུས་བསྟུན་བསྒྱུར་བཅོས་ཀྱི་བསམ་བློ་འཁོར་བ་ཆོས་ཉིད་ཡིན། མདོར་ན་འཚོ་གནས་ལ་དཀའ་ཁག་འཕྲད་དུས་འཚོ་གནས་དགོས་པའི་སྐད་འབོད་རང་ཤུགས་སུ་བརྒྱག་པ་རེད། དུས་འདི་དང་མཉམ་དུ་བདག་ཉིད་ཆེན་པོ་གང་དེ་ཉིད་ཀྱི་རྣམ་དཔྱོད་ལས་ཆོས་ལུགས་ཀྱི་མཚམས་ལས་འདས་པའི་བཟང་སྤྱོད་སྤེལ་གནང་མཛད་པ་ནི་ཅི་འདྲའི་འོས་སུ་བབས་ཤིང་དཔལ་ཡོན་དུས་ཀྱི་བླང་བྱ་དང་མཐུན་པ་ཞིག་རེད་ཨང་།

གསུམ།

རྒྱ་ནག་ལྟ་བུར་མཚོན་ན་ཡང་། དུས་རབས་གོང་མའི་སྔ་གཞུག་ཏུ་ཕྱིའི་རྒྱལ་ཁབ་དག་གི་བཙན་འཛུལ་དང་ནང་ཁུལ་དུ་འཁྲུག་པ་མང་དུ་བྱུང་བའི་དུས་སྐབས་ཤིག་རེད། སྤྱིར་བཏང་རྒྱ་ནག་རང་ཉིད་ཀྱི་སྲོལ་རྒྱུན་རིག་གནས་ནི་ལྷ་དང་ལྷ་མོའི་གཏམ་རྒྱུད་ཤིན་ཏུ་མང་པོ་ཡོད་པའི་ཁར།མིང་དང་མན་ཆིང་རྒྱལ་རབས་སྐབས་སུ་ཡང་ཆོས་ལུགས་ཀྱི་མཁའ་དབུགས་ཤིན་ཏུ་སྟུག་པོ་ཡོད་པ་རེད། མན་ཆིང་དུས་མཇུག་ཏུ་སླེབས་པའི་སྐབས་སུ་འཛམ་གླིང་ཤར་ནུབ་ཀྱི་སྟོབས་ཆེན་རྒྱལ་ཁབ་དག་གིས་བཙན་འཛུལ་རིམ་པས་བྱས་ཤིང་།ཕོ་བྲང་ནང་དུ་ཡང་རུལ་སུངས་ཀྱི་དྲི་མས་བསླད་པས་སྲིད་གཞུང་ནུས་མེད་དུ་ཆགས། དེའི་རྐྱེན་གྱིས་མི་དམངས་ལ་འཚོ་གནས་ཀྱི་དཀའ་ངལ་རབ་དང་རིམ་པ་འཕྲད་པས་ཆབ་སྲིད་ཀྱི་སྐྱིད་སྡུག་འདྲ་མིན་སྒྲིག་འཛུགས་བྱས་ཏེ་བཙན་རྒྱལ་རིང་ལུགས་པ་དང་སྲིད་གཞུང་རུལ་སུངས་ཅན་ལ་ངོ་རྒོལ་དང་འཚོ་གནས་རྩོལ་སྒྲུབ་བགྱི་བའི་ལས་ཀ་མང་དུ་བརྩམས། ལྕགས་ཕག་ལོའི་གསར་བརྗེ་ནས་བཟུང་སྟེ་རྒྱ་རིགས་མཐོང་རྒྱ་ཅན་གྱི་ཤེས་ཡོན་པའི་སྡེ་ཁག་གིས་སྲོལ་རྒྱུན་གྱི་ཆབ་སྲིད་ལམ་ལུགས་དང་རིག་གནས་བསམ་བློ་སོགས་ལ་དོགས་སློང་དང་དགག་པ་མང་དུ་བྱས་ཤིང་ནུབ་ཀྱི་ཚན་རིག་དང་མང་གཙོ་སོགས་རིག་གནས་བསམ་བློ་ནང་འདྲེན་བགྱིས་ཏེ་རྒྱ་ནག་གི་སྤྱི་ཚོགས་འཁྲུག་ཆ་དོད་པོར་བཏང་། འཛམ་གླིང་འཁྲུག་ཆེན་དང་པོ་དང་གཉིས་པའི་སྐབས་སུ་གོ་སྐབས་དམ་འཛིན་བྱས་ཏེ་རྒྱལ་ཁབ་གཞན་དག་གི་བཙན་འཛུལ་བཀག་ཅིང་ནང་ཁུལ་དུ་ཞི་དྲག་ཅི་རིགས་ཀྱི་སྒོ་ནས་གསར་བརྗེ་བྱས་པས་ཁེར་ཚུགས་ཀྱི་སྲིད་གཞུང་གསར་བཙུགས་ཐུབ་པ་བྱུང་། ཕྱིར་འདང་ཞིག་འཕེན་པའི་སྐབས་སུ་རྒྱ་ནག་གི་སྲོལ་རྒྱུན་རིག་གནས་ཀྱི་ནང་ནས་བག་འཁུམ་དང་རྙིང་ཞེན། ལྷ་འདྲེར་སྐྱབས་བཅོལ་བ་སོགས་ཀྱིས་རྐྱེན་པས་དུས་རབས་གོང་མར་འཚོ་གནས་ཀྱི་དཀའ་ཁག་ཆེན་པོ་འཕྲད་པས། དུས་ཕྱིས་ལྷ་མེད་སྨྲ་བའི་གུང་ཁྲན་རིང་ལུགས་ཀྱི་བསམ་བློ་ཀྲུང་གོར་དར་བར་དུས་ཚོད་ཀྱི་སྔ་ཕྱི་ཙམ་དུ་ཆགས་ཡོད་པར་འདོད། འདི་ཡང་འཚོ་གནས་ཀྱི་ཆེད་དུ་གསར་བརྗེ་བྱས་པ་ཡིན་གྱི་རྒྱུ་མེད་རྐྱེན་མེད་ནི་སྲིད་ན་དཀོན། དེར་བརྟེན་འཚོ་གནས་ལ་དཀའ་ཁག་འཕྲད་ན་སྲིད་འབྱོར་རིག་གསུམ་ལ་འགྱུར་བ་ཆེན་པོ་ཐེབས་པ་ལོ་རྒྱུས་ཀྱི་བསླབ་བྱ་ལྟ་བུར་ཡིན་ཞིང་། ཆོས་ལུགས་ཀྱི་མཁའ་དབུགས་ཇི་འདྲའི་མཐུག་པོ་ཡོད་ན་ཡང་འཚོ་གནས་ཀྱི་ཆེད་དུ་གསར་བརྗེ་བགྱི་དགོས་བྱུང་བ་རེད།