ཉམ་ཐག་པའི་ནད་པ་ཞིག རྒྱ་སྨྱུག་སེར་པོ།

170/545

གྲང་ལྷགས་འུར་འུར་ལྡང་པའི་དགུན་གཞུང་རིང་མོ་འདིར་ངའི་ཕ་མ་བུ་སྤུན་དུ་གྱུར་བའི་སྤུན་ཟླ་ཞིག་གི་ཆུང་མ་ན་ནས་ཁྲིན་ཏུའུ་ཞིང་ཆེན་སྨན་ཁང་ནས་གཤག་བཅོས་བྱེད་དགོས་བྱུང་བས་ངས་ཁོ་ཚོར་རོགས་རམ་བྱས་ནས་ཉིན་འགར་སྨན་ཁང་ནས་བསྡད་པ་ཡིན། སྨན་ཁང་ནས་འདི་ལྟར་ཡུན་རིང་འདུག་དགོས་བྱུང་བ་ནི་ཕལ་ཆེར་ཐོག་དང་བོ་ཡིན་ལ། སྨན་ཁང་ཆེན་པོ་དེ་འདྲར་ཡང་དེ་སྔོན་འགྲོ་མྱོང་ཡང་མེད། ཐེངས་འདིར་སྨན་ཁང་ནས་དུས་ཡུན་ཅུང་རིང་ཙམ་ཞིག་ལ་འདུག་དགོས་བྱུང་བའི་ཉིན་འདི་དག་ལ་ངོ་གདོང་སྐྱ་ཐག་ཆོད་པའི་ནད་པ་གང་མང་ཞིག་ཡང་མཐོང་ཡོང་། མ་གཞི་མཆོག་གསུམ་གྱི་སྐུ་དྲིན་དང་ཚེ་སྔོན་གྱིས་བསགས་སྦྱང་གི་དབང་གིས་མི་ཚེ་འདི་ལ་ཆམ་ནད་ངན་པ་ཞིག་ཀྱང་ཕོག་མ་མྱོང་བས་ཆོས་གཞུང་ནས་གསུང་བའི་སྐྱེ་སྒ་ན་འཆིའི་སྡུག་བསྔལ་ཐོས་མྱོང་མོད། རེད་དེ་མྱོང་བ་དངོས་དང་མིག་ལམ་ནས་ན་བའི་སྡུག་བསྔལ་དང་ནད་པ་ལ་དེ་ཙམ་དོ་སྣང་ཆེར་བྱས་མྱོང་མེད་པ་འདྲ། ཉིན་འདི་དག་ལ་སྨན་ཁང་ནས་ཁོ་ཚོར་སྨན་བཅོས་བྱེད་སྐབས་ཉིན་རེ་བཞིན་ནད་པ་མང་བོའི་དཀྱིལ་བཤགས་ཏེ་ཡར་འགྲོ་མར་འགྲོ་གང་མང་བྱེད་དགོས། སྐབས་དེ་དག་ལ་གདོང་ཡོངས་ཤིན་ཏུ་དངངས་སྐྲག་གི་ཉམས་ཀྱིས་ཁེངས་པའི་ནད་པ་སྐྱི་གཡའ་བ་གང་མང་ཞིག་མཐོང་སྐབས་ངས་འཆི་བའི་སྐབས་ཀྱི་འཇིགས་སྣང་དང་སྡུག་བསྔལ་གྱི་ཚོར་བ་རེ་རེ་བཞིན་སེམས་ཀྱིས་མྱོང་བ་ཡིན།

ཉིན་ཞིག་ང་ཚོའི་ནད་པར་སྙིང་ཁམས་བརྟག་བཅད་བྱེད་དགོས་པས་ང་སྔ་མོར་མལ་ལས་ལངས་ནས་ཞིང་ཆེན་སྒོ་བསྟེན་སྨན་ཁང་གི་འགྲམ་ངོག་བརྒྱུད་ནས་སྨན་དུ་སོང་། ང་ཅུང་ཙམ་སྔ་དྲགས་པས་སྨན་པ་ཚོ་ཡང་ལས་ཞུགས་བྱས་མི་འདུག ངས་སྒོ་འགྲམ་ནས་དུས་ཡུན་ཞིག་ལ་བསྒུག་ནས་བསྡད་པ་ཡིན། སྐབས་དེར་ངའི་འཁྲིས་སུ་ནད་པ་ཉམ་ཐག་ཅིག་གིས་ཨག་རྒྱང་བྱེད་ཞོར་འདྲུད་འཁོར་ཉལ་ཁྲི་ཞིག་ལ་བསྡད་ནས་སླེབས་བྱུང་། ངས་ཁོ་མི་རིགས་གང་ཡིན་གསལ་བོ་མི་ཤེས་ན་ཡང་ལོ་ན་སུམ་ཅུ་ལྷག་ཅིག་ལོས་ཡིན་སྙམ་པའི་ན་གཞོན་ཞིག་རེད། ཁོའི་སྐྲ་ལོ་གཟིངས་ཤིང་དགོང་མདོགས་སྐྱ་བོར་གྱུར་ནས་མིག་ཀོང་དུ་འཐེན་ནས་དུར་ཁྲོད་ཀྱི་ཀེང་རུས་ཤིག་གི་རྣམ་པ་མི་སྐྱེ་རང་སྐྱེ་ཞིག་རེད། ངས་ཁོ་ངོ་མི་ཤེས་ལ། ཁོའི་མིང་ཅི་དང་རུས་ཅི་ཡིན། ཕ་ཡུལ་གང་གི་ཡིན་པ་སོགས་གང་ཡང་མི་ཤེས་མོད། རེད་དེ་ཁོའི་ཉམ་ཐག་གི་རྣམ་པ་མཐོང་བས་ངའི་སེམས་སུ་སྙིང་རྗེ་ཚད་མེད་ཅིག་སྐྱེས་ནས་དབང་མེད་ངང་ཁོའི་དགོང་ལ་བརྩེ་བའི་ཉམས་ཀྱིས་ཟུར་ཙམ་བལྟས་པ་ཡིན། ཁོས་ཡང་ཐོབ་མ་མྱོང་བའི་དངོས་པོ་གང་ཞིག་ཐོབ་སོང་བའི་ཉམས་ཀྱིས་ཧ་ཅང་དགའ་བའི་རྣམ་འགྱུར་ཞིག་མངོན་སོང་། སྐབས་དེར་ང་རང་སྡོད་མ་བཟོད་པར་ཁོ་ལ་ཕ་ཡུལ་གང་དང་ནད་ཚབ་ཅི་འདྲ་ཡིན་མིན་སོགས་ཀྱི་དྲི་བ་ཁ་ཤས་བཏོན། ཁོས་ང་ཕ་ཡུལ་ག་ཞིག་ནས་ཡིན་ཟེར་མོད། རེད་དེ་ད་ལྟ་བདག་གིས་གསལ་བོ་མི་ངེས་པར་བརྗེད་ངེས་སུ་འགྱུར་འདུག མི་རིགས་རྒྱ་མི་ཡིན་པ་དང་། སྨན་ཁང་འདིར་ཡོང་ནས་ཟླ་བ་འགའ་ཡིན་པ། ནད་དྲགས་རྒྱུར་རེ་བ་ཆེན་པོར་མེད་རབས་ཀྱི་གནས་ཚུལ་རྣམས་ང་ལ་གསལ་བཤད་བྱས་རྗེས་མིག་ནང་ནས་མཆི་མ་རྡོག་རེ་འབྱིན་བཞིན་ཁ་བརྡའི་བར་མཚམས་ཆད་འགྲོ།

ངས་སྐབས་དེར་ཁོས་འདི་ལྟར་འཇིགས་སུ་རུང་བའི་འཆི་བ་ལ་གདོང་གཏད་ནས་སྐྲག་སྣང་དང་བཅས་ཆུ་ཚོད་སྐར་ཆ་རེ་རེའི་དུས་ཡུན་ལ་འཆི་སྒུག་བྱེད་སྐབས། སྐད་ཅིག་བསྐལ་བ་རུ་གྱུར་བ་ལྟ་བུའི་སྡུག་བསྔལ་དངོས་སུ་མྱོང་བར་ངེས་ལ། སྐབས་དེར་དངངས་སྐྲག་གི་དབང་དུ་གྱུར་ཏེ་ཅི་བྱ་གཏོར་མེད་དུ་གྱུར་ངེས་སྙམ་བཞིན་གུང་ཐང་བསྟན་པའི་སྒྲོན་མེ་མཆོག་གི་གསུང་མགུར་ལས། མི་རྒན་གཞོན་མེད་པར་འཆི་བ་ལ།། ཁྱད་མེད་པ་རང་གིས་མངོན་སུམ་མཐོང་།།ང་རང་ཡང་དེ་ལྟར་གློ་བུར་དུ།།འཆི་མི་དགོས་བློ་རྩེ་ཅི་ཞིག་ཡོད།།ཅེས་གསུངས་པ་དེ་དྲན་ཏེ་རང་དབང་མེད་པར་ཁོ་ལ་བཤད་ཞོར་སེམས་མ་ཕམ་ཡོད་ཚད་རང་ཉིད་ལ་ཡིད་ཆེས་བྱེད་དགོས། ང་ཚོ་མཐོ་དམན་གང་ཞིག་ཡིན་ཡང་འཁོར་བའི་གཡེང་ས་འདིར་བུད་པ་ནས་བཟུང་ནམ་ཞིག་འཇིགས་སུ་རུང་བའི་ལམ་འདི་དེད་ནས་འཆི་བདག་གི་དྲུང་དུ་ལན་ཅིག་ཅི་ནས་ཀྱང་འགྲོ་དགོས་པ་ནི་གཡོལ་ཐབས་མེད་པ་ཞིག་སྟེ། དེ་ནི་མི་ཚེ་འདིར་བརྗོད་བྱ་གཏན་འཁེལ་བྱས་ཚར་བའི་ཟློས་གར་རིང་མོ་ཞིག་རེད། སྡུག་བསྔལ་དེ་དངོས་སུ་སྟེང་དུ་བབས་དུས་ཞེ་ལྷོད་ལྷོད་ཀྱིས་དང་ལེན་བྱེད་ཕོད་དགོས། སེམས་སྐྱོ་མ་གནང་རོགས་ཞེས་སྐད་ངག་འཛམ་པོས་ཁ་བརྡ་ཐུང་ཐུང་འགའ་བྱས་པ་ཡིན། ཁོས་མགོ་བོ་འཕྲེད་དུ་གཡུག་བཞིན་ཡ་ཡ་ཟེར་གྱིན་འདུག་མོད། རེད་དེ་རྣམ་འགྱུར་ལ་བལྟས་ན་ནད་དེ་བཅོས་ཐུབ་མེད་པ་ཤེས་སོང་བ་ལྟ་བུས་འཇིག་རྟེན་འདི་ནས་འཚོ་བའི་གྲ་སྒྲིག་གང་ཡང་མེད་པར་འཇིག་རྟེན་གཞན་ཞིག་ལ་འགྲོ་བའི་ངང་ཚུལ་མཐོང་ཡོང་བར་མ་ཟད་ཁོའི་རེ་བ་ཉག་གཅིག་ཡོད་པ་ཡང་འཆི་བདག་གིས་ཆེས་ཤིན་ཏུ་མྱུར་བའི་བྱེད་ཐབས་སྤྱད་དེ་ཁོའི་ཚེ་སྲོག་གི་མཇུག་བསྡུ་ཐུབ་རྒྱུ་དེ་ཡིན་ཞིང་། སྐད་ཅིག་གི་འཇིགས་སྐྲག་དང་སྡུག་བསྔལ་མྱོང་བ་ལས་སྐད་ཅིག་དེའི་སྔ་རོལ་ཏུ་འཆི་བདག་གི་གདོང་ལ་ལྟ་ཐུབ་ན་དེ་ནི་སྡུག་བསྔལ་ལ་གཡོལ་བའི་ཐབས་ཆེས་བཟང་ཤོས་དེ་ཡིན་སྙམ་པའི་བསམ་བློ་ཞིག་འཁྲུང་ཡོད་ངེས་སྙམ་ནས་རང་སེམས་ལ་བློས་བསླངས་གང་མང་བྱས་པ་ཡིན།

དེ་ནས་ཅུང་མ་འགོར་བར་དུས་ཚོད་ལ་ཐོན་ནས་ང་ཚོ་ཡང་འགྲོ་རན་སོང་བས་སྒོ་བསྟེན་སྨན་ཁང་གི་ཐོག་བརྩེགས་བཞི་བར་ཁོམ་ཁ་གཏད་ནས་འགྲོ་འགོ་བརྩམས། སྐབས་དེར་ངས་བླ་དཀོན་མཆོག་གསུམ་གྱིས་གཟིགས་ནས་ཁོ་མྱུར་དུ་ནད་ཀྱི་འཇིགས་སྐྲག་འདི་ལས་ཐར་བར་སྨོན་ཞེས་བསམ་བཞིན་སྨན་ཁང་དུ་བུད་སོང་། འདི་ལྟར་ཉིན་མ་འགའ་སོང་ནས་ང་ཚོའི་ནད་པ་ཡང་གཤག་བཅོས་ལེགས་འགྲུབ་བྱུང་ནས་ཉིན་གང་མང་ལ་བྲེལ་ཟིང་དང་སེམས་ཚེགས་ཀྱི་ཁྲོད་ནས་དུས་ཚོད་ཡོངས་སུ་བསྐྱལ་ཚར་རྗེས་དོ་ནུབ་ཕྱིར་ཉལ་ཁང་དུ་ལོག་སྟེ་ཆུ་འཁོལ་ཕོར་བ་གང་འཐུང་ཞོར་ངལ་གསོ་ཞིག་བྱས་པ་ཡིན། སྐབས་དེར་གློ་བུར་ངང་མི་རྣམས་ཀྱི་སེམས་པ་སྒུལ་མྱོང་བའི་རྟོག་འཁྲུལ་གློག་བརྙན་ཞིག་དང་འདྲ་བར་བདག་གི་ཀུན་རྟོག་གི་ཡོལ་བའི་ངོས་སུ་ཡང་འཁོར་བསྐྱར་འཁོར་བྱེད་ཡོང་བ་ནི་ཉིན་འགའི་སྔོན་ལ་ཐུག་འཕྲད་བྱུང་བའི་ཉམ་ཐག་པའི་ནད་པ་དེའི་ངང་ཚུལ་དྲན་ཡོང་གིན་འདུག ཁོའི་ཉམ་ཐག་པའི་མིག་ཟུང་དང་སྙིང་རྗེ་བའི་སྐད་ཆ་དེ་དག་རྣ་ལམ་ནས་འཇགས་པ་མི་འདུག་ལ།མདུན་ན་ཡོད་པ་བཞིན་མིག་ལམ་ནས་ཡལ་མི་ཐུབ། འདི་ལྟར་ཁོའི་མིག་མདངས་གཉོམ་པོ་དེས་ང་ལ་བརྗེད་དཀའ་བའི་བག་ཆགས་ཤིག་བཞག་ཡོད་ཕྱིན་དུས་ཡུན་ཅི་ཙམ་འགོར་ནའང་ངས་ནད་པ་དེ་གཏད་ནས་བརྗེད་མི་ཐུབ་པར་གྱུར།

དེ་ལྟར་ཉིན་འགའ་སོང་ནས་ཉིན་ཞིག་ང་རང་ཡང་བསྐྱར་སྨན་ཁང་དེར་ནད་པ་སྨན་ཁང་ནས་ཕྱིར་འབུད་ཀྱི་འགྲོ་ལུགས་སྒྲུབ་ཏུ་ཕྱིན་པ་ཡིན། སྐབས་དེར་ལུས་ཀྱི་དབང་གིས་ཉེ་སྔོན་ཐུག་འཕྲད་བྱུང་བའི་ནད་པ་ཉམ་ཐག་དེ་འཆི་བའི་ལམ་འདི་དེད་ནས་ཕྱི་ཡུལ་འགྲིམས་ཏེ་ཁོའི་བེམ་པོ་ཁྱིམ་མི་ཚོས་ངུ་སྐད་ཀྱི་ཁྲོད་ནས་སྨན་ཁང་གི་སྒོ་ཕྱིར་འབུད་པ་མཐོང་བྱུང་། ངས་གློ་བུར་ངང་ཕར་འཁྲིས་སུ་སོང་ནས་དུས་ནམ་ཞིག་ཁོ་འཇིག་རྟེན་འདི་དང་ཁ་གྱེས་སོང་ཞེས་དྲིས། ཁོ་ཚོས་ད་ནང་སྔ་མོ་འཇིག་རྟེན་འདི་དང་ཁ་གྱེས་སོང་ཟེར་ནས་མིག་ནང་ནས་མཆི་བ་འབྱིན་བཞིན་འདུག ངས་སྐད་ཆ་དེ་ཐོས་པས་བདག་གི་སྙིང་ལ་གྲིས་བཙུགས་པ་ལྟ་བུའི་ན་ཟུག་དང་། འཇིགས་སྐྲག་ཅིག་མི་སྐྱེ་རང་དབང་ག་ལ་ཡོད། ད་ནི་ཁོ་རང་ཡར་བལྟས་ན་ཨ་སྔོན་སྟོང་བ། མར་བལྟས་ན་དོག་མོ་སྟོང་བ། གཉེན་ཉེ་གང་ཡང་མེད་པར་གྲོགས་མེད་གཅིག་བུར་འཇིགས་སྐྲག་སྣ་ཚོགས་དང་བཅས་འགྲོ་དགོས་ལ། འཇིགས་སྐྲག་གི་སྡུག་བསྔལ་ཅི་བྱུང་ཡང་མྱོང་མཁན་རང་ཉིད་ལས་གཞན་སུ་ཡང་མེད་པར་འགྲོ་དགོས་སྙམ་ནས་སེམས་ཁམས་ཧྲིལ་བོ་སྟོང་སང་ངེར་གྱུར་ཏེ་མི་ཚེ་ནི་དངོས་གནས་ཅི་འདྲའི་ཐུང་ཐུང་ཞིག་སྟེ། ཐ་ན་གྲ་སྒྲིག་ཙམ་ཡང་བྱ་ཁོམ་མི་འདུག་པར་འདི་ལྟར་རྫོགས་འགྲོ་བཞིན་འདུག ད་ལྟ་ང་རང་བླ་མ་དཀོན་མཆོག་གི་ཐུགས་རྗེ་ལས་ད་དུང་མ་ཤི་བར་འཚོ་ཡོད་མོད། འོན་ཀྱང་སང་ལོ་ད་ཚོད་བར་དུ་མི་འཆི་བར་གསོན་པའི་གདེང་དྲོད་ཅི་ཞིག་ཡོད་དམ། གལ་ཏེ་གློ་བུར་དུ་འཆི་བ་མགོ་ཐོག་ལ་བབ་ན། བདག་གིས་ཉིན་མཚན་མེད་པར་གཅེས་སྐྱོང་བྱས་པའི་ཤ་རུས་གདོས་བཅས་ཀྱི་ཕུང་བོ་འདི་ཉིད་ཁོ་དང་འདྲ་བར་ཅམ་གྱིས་ཤུལ་དུ་བཞག་ཅིང་། མར་གྱི་ནང་ནས་སྤུ་བཏོན་པ་ལྟར་རྣམ་ཤེས་བར་དོའི་ཁམས་སུ་འགྲོ་དགོས་ལ། སྐབས་དེར་ངའི་ཕུང་བོའང་དུར་ཁྲོད་དུ་བསྐྱལ་ཏེ་དུམ་བུར་བཏང་ནས་བྱ་སྦྱིན་གཏོང་ངེས། དེ་དུས་ང་ལ་ཤུལ་དུ་བློས་མི་ཐོངས་པ་ཅི་ཞིག་ཡོད་སྲིད་དམ། ཡང་ན་ང་ལ་ཕན་ངེས་པ་ཅི་ཞིག་ཡོད་དམ་ཞེས་རང་སེམས་ལ་འདྲི་རྟོག་འགའ་བྱས་པ་ཡིན།

སྐབས་འདིར་བདག་གིས་འདི་རྟོག་འདི་དག་གི་ལན་ལ། རྗེ་བསྟན་པའི་སྒྲོན་མེ་མཆོག་གི་བསླབ་བྱ་ལས། རྨི་ལམ་གྱི་ལོངས་སྤྱོད་གསེར་གྱི་རི། །ངའི་ཡིན་སྙམ་རློམ་སེམས་དྲེགས་པ་སྐྱེས། །གཉིད་ཡུར་གྱིས་སད་ཚེ་སྟོང་སང་ངེ་། །དེ་འདྲ་མ་ཞིག་འཆི་བའི་ནངས་མོ་ཡོང་། །གསུངས་པ་དེ་རྙེད་བྱུང་། གསུང་དེ་ཚར་གཅིག་ཙམ་བློ་འདོན་བྱེད་ཞོར་ང་ཚོས་ནམ་རྒྱུན་དོན་དག་ཅུང་ཟད་ཙམ་གྱི་ཆེད་དུའང་དགོས་མེད་ཀྱི་སྡུག་ལས་མང་དུ་བྱས་ཤིང་། དོན་མེད་དུ་ཁྱོད་དགྲ་དང་འདི་གཉེན་ཞེས་རིས་སུ་བཅད། དེ་དག་གི་དོན་དུ་སྡིག་པ་རྣམ་པ་སྣ་ཚོགས་བསགས་ཏེ་ད་དུང་བུ་རྒོད་ཡིན་སྣང་གི་བསམ་བློའི་སྣང་བ་བཟུང་ནས་རང་སྣང་མཐོ་བའི་སྐད་ཆ་འདྲ་མིན་གྱིས་གཞན་སེམས་རྨང་ནས་དཀྲུགས་མོད། འོན་ཀྱང་གློ་བུར་ངང་འཆི་བདག་ནག་པོས་ཁྲིད་དེ་ལུས་འདི་འཇིགས་ཤིང་རྔམ་པའི་དུར་ཁྲོད་དུ་བསྐྱལ་ནས་དུམ་བུར་གཏུབ་དུས། སྔར་བྱས་ཀྱི་ལས་དེ་དག་གིས་ཕྱི་ཡུལ་གྱི་འཇིགས་རུང་གི་རྔམ་ས་དེ་ནས་ཅི་ཞིག་ཕན་པ་འབྱུང་སྲིད་དམ། དེའི་ལས་ངན་གྱི་སྡིག་པའི་འབྲས་བུ་ཀུན་ཀྱང་ང་ཚོ་རང་རང་གིས་མྱོང་སྟེ་ཕྱིན་རྗེའི་འཕྲེང་རིམ་བརྒལ་བའི་འོད་སྣང་འགོག་པར་བྱེད་འགྲོ། དེ་ལྟར་ང་ཚོ་སུ་ཞིག་ཡིན་ཡང་འཆི་བ་ནི་ཚེ་ཐོག་འདི་ནས་དགའ་ན་ཆོག་ན་སྡུག་ཀྱང་རུང་སྟེ་གཡོལ་ཐབས་མེད་པ་གཅིག་བུ་རེད། སྔོན་བཀའ་གདམས་བླ་མ་གོང་མ་རྣམས་ཀྱིས་གསུངས་པ་བཞིན་འཆི་བ་མགོ་ཐོག་ལ་བབ་པའི་ཉིན་དེར། མཐོ་རྒྱལ་བོ་གསེར་ཁྲིའི་སྟེང་ནས་ཤི་བ་དང་དམའ་སྤྲང་བོ་བེམ་པོའི་འོག་ནས་ཤི་བ་གཉིས་ཁྱད་མེད་པར་ལས་དགེ་སྡུག་གི་རྗེས་སུ་འབྲངས་ནས་བདེ་སྡུག་སྣ་ཚོགས་མྱོང་དགོས་པ་འདྲ་འདྲ་དང་། འཇིགས་སུ་རུང་བའི་འཆི་བ་ལ་ང་ཚོ་སུ་ཞིག་ཡིན་ཡང་འབྲེལ་ཐག་བཅད་མ་འདོད་ན་ཁོས་ནམ་ཡང་ང་ཚོར་འཇིགས་སྐུལ་སྣ་ཚོགས་བྱེད་པར་མཚམས་འཇོག་རྒྱུ་ཞིག་མེད་པར་མོ་རྩིས་ལུང་བསྟན་ཅི་ཡང་ཞུ་མ་དགོས་པར་སྔ་ཕྱི་ཙམ་ལས་དོན་ལ་དབུགས་ལྡན་སྐྱེས་འགྲོ་སེམས་ཅན་སུ་ཡིན་ཡང་འཆི་དགོས་པ་ནི་ཐེ་ཚོམ་བྱེད་མི་དགོས་པར་མ་བགོས་རང་བབ་ཀྱིས་ཐེམ་པ་ཞིག་རེད། དེའི་ཕྱིར་ང་ཚོར་ནམ་ཞིག་ལ་འཆིའམ། དེ་མི་ཤེས་པའི་དབང་གིས་ད་གཟོད་ང་དང་ང་ལྟ་བུའི་སེམས་ལ་རྟག་འཛིན་གྱི་བློ་སྐྱེས་ཏེ་རྨི་ལམ་ཐུན་གཅིག་ཙམ་གྱི་དགའ་སྣང་ལ་རེ་ནས་ཡུན་རིང་བོར་སྡོད་རྩིས་ཀྱིས་དགྲ་འདུལ་གཉེན་སྐྱོང་དང་། ཚོང་ཁེ་བུན། ཐོབ་སྙན་གྲགས་སོགས་སྡུག་བསྔལ་གྱི་སྡིག་གཏམ་ཀུན་གྱི་སྒོ་མོ་རྒྱ་ཇེ་ཆེར་གཏོང་ཅི་ཐུབ་ལ་འབད་ཀྱིན་འདུག་པ་ནི་དོན་སྙིང་ཆུང་སྟེ། ཉིན་ཞིག་གློ་བུར་དུ་ཚེ་འདིའི་རྨི་ལམ་ལས་སད་དུས་བར་དོར་བསླེབ་ཡོད་ངེས། དེ་དུས་སྔར་བྱས་ཀྱི་ཡོད་ཚད་ལ་ནོར་འཁྲུལ་ཡིན་པར་ངེས་པ་སྐྱེས་ན་ཡང་ཚར་བའི་ལས་ལ་ཕྱིར་ཡོང་ཅི་ཡང་མེད་བསམ་བཞིན་གློ་བུར་དུ་སེམས་སུ་དངངས་སྐྲག་ཅིག་སྐྱེས་ཏེ་ཅུང་ཙམ་མིན་ན་རྨི་ལམ་གྱི་ཕུགས་བསམ་རིང་མོ་དེ་དག་ཡང་ཅམ་གྱིས་དོར་ཏེ་བག་ཡངས་ཀྱི་གནས་མལ་ཞིག་ཏུ་འཆི་བའི་འཇིགས་སྐྲག་གི་སྡུག་བསྔལ་སེལ་བའི་ལྷ་ཆོས་བསྒྲུབ་ཏུ་འགྲོ་འདོད་སྐད་ཅིག་མ་ཙམ་ཡང་སྐྱེས་སོང་ངོ།།

༢༠༡༩.༡.༡༥