༄༅།།དེང་རབས་སློབ་གྲྭའི་སྒྲིག་སྲོལ་འཛུགས་གཉེར་ལས་སློབ་གྲྭ་ཁྱད་ལྡན་སྒྲུབ་ཐབས་ཅུང་ཙམ་གླེང་བ། སྒྲོལ་མ་ཚེ་རིང་གིས།

168/545

གནད་བཏུས། རྩོམ་འདིར་ཁྱད་ལྡན་སློབ་གྲྭ་སྒྲུབ་པར་སྒྲིག་སྲོལ་འཐུས་ཚང་གཏོང་རྒྱུ་དང་བསླབ་ཚན་ལེགས་བཅོས་བྱས་ཏེ་འོས་འཚམ་གྱིས་བཀོད་སྒྲིག་དང་ལག་བསྟར་བྱ་རྒྱུ།  ཀུན་སྤྱོད་སློབ་གསོ་དམིགས་ཚད་ཡོད་པའི་སྒོ་ནས་སྤེལ་རྒྱུ་བཅས་ཀྱི་ཕྱོགས་མདོར་ཙམ་བརྗོད་ཡོད།

གནད་ཚིག  ཁྱད་ལྡན་སློབ་གྲྭ།  སྒྲིག་སྲོལ།  བསླབ་ཚན།   ཀུན་སྤྱོད་སློབ་གསོ།

 

འོས་འགན་སློབ་གསོའི་སློབ་གྲྭའི་བདག་དམ་ཚད་གཞིར་དེང་རབས་ཅན་གྱི་སློབ་གྲྭའི་སྒྲིག་སྲོལ་འཛུགས་དགོས་པའི་རེ་བ་བཏོན་ཡོད་པ་དང་།  དེ་ལྟ་བུའི་སྒྲིག་སྲོལ་འཛུགས་པར་ཁྲིམས་ལུགས་དང་ཚན་རིག  དམངས་གཙོ་ལ་བརྟེན་དགོས་ཞེས་བསྟན་ཡོད། སློབ་གྲྭ་ཁྱད་ཆོས་ལྡན་པ་ཞིག་སྒྲུབ་རྒྱུ་ནི་དེང་རབས་སློབ་གྲྭའི་སྒྲིག་སྲོལ་འཛུགས་པའི་དགོངས་པ་དང་མཐུན་ལ། ཁྱད་ལྡན་སློབ་གྲྭ་སྒྲུབ་པར་ཡང་ཁྲིམས་ལུགས་དང་ཚན་རིག  དམངས་གཙོ་ལས་བདའ་ཐུབ་མེད།  སློབ་གྲྭ་ཚན་ལྡན་ཅན་དུ་གཏོང་དགོས་ལ། དེང་རབས་ཅན་གྱི་སློབ་གྲྭ་སྒྲུབ་དགོས།  སྒོས་སུ་སློབ་གྲྭ་རེ་རེ་ལ་རང་ཉིད་ཀྱི་ཁྱད་ཆོས་ཤིག་ཡོད་རྒྱུ་ནི་དེ་བས་ཀྱང་གལ་ཆེ། ཁྱད་ཆོས་དེ་ཡང་སློབ་གྲྭའི་སྲོལ་རྒྱུན་མ་བོར་བ།  ཉམས་མྱོང་མ་བོར་བ།  བཟང་ཆ་མ་བོར་བའི་རྨང་གཞིའི་སྟེང་ནས་ཁྱད་ཆོས་ཅན་སྒྲུབ་རྒྱུ་དེ་ཡིན་པ་ལས། གོང་གི་འདི་དག་དོར་ནས་གསར་བ་མང་པོ་ཞིག་ལ་སློབ་སྦྱོང་དང་ལད་ཟློས་བྱས་ན་རྩ་བ་བོར་ནས་ཡལ་ག་འཛིན་པའི་རྗེས་སུ་འགྲོ་བ་ལས་འོས་མེད།  རང་རྒྱལ་གྱིས་བཅོས་བསྒྱུར་སྒོ་འབྱེད་བྱས་ཚུན་འདས་ཟིན་པའི་ལོ་ངོ་བཞི་ཅུའི་རིང་ལ་མེས་རྒྱལ་གྱི་སྲིད་དཔལ་རིག་གསུམ་ལ་གནམ་ས་བླ་འོག་བསྒྱུར་བ་ལྟ་བུའི་འཕེལ་རྒྱས་བྱུང་བ་དང་།  འཛམ་གླིང་གི་སྔོན་ཐོན་རྒྱལ་ཁབ་ཀྱི་གྲས་སུ་ཚུད་པ་དེའང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་བགྲོད་ལམ་རྒྱུན་འཁྱོངས་བྱས་པས་ཡིན་པ་གསལ་བོར་མཚོན་ཐུབ། སློབ་གྲྭ་ཁྱད་ལྡན་ཅན་དུ་སྒྲུབ་པར་སྲོལ་རྒྱུན་རྒྱུད་འཛིན་དང་ཉམས་མྱོང་དར་སྤེལ། བཟང་ཆ་དམ་འཛིན་བྱས་ཏེ་སྒྲིག་སྲོལ་འཐུས་ཚང་གཏོང་རྒྱུ་དང་བསླབ་ཚན་འཛུགས་གཉེར།  ཀུན་སྤྱོད་སློབ་གསོ་ཁྱད་ལྡན་ཅན་བསྐྲུན་པ་སོགས་ནི་ཁྱད་ལྡན་སློབ་གྲྭ་སྒྲུབ་པའི་སྔོན་འགྲོ་ཡིན་པར་འདོད། འོག་ནས་ཕྱོགས་འདི་གསུམ་ནས་བསམ་ཚུལ་ཐུང་ཐུང་ཞིག་གླེང་བར་བྱ།

 

དང་པོ།  སློབ་གྲྭ་ཁྱད་ལྡན་ཅན་སྒྲུབ་དགོས་ན་སྒྲིག་སྲོལ་འཐུས་ཚང་ཞིག་འཛུགས་དགོས།

སློབ་གྲྭའི་སློབ་གསོ་ནི་སྣ་མང་རྙོག་འཛིང་ཆེ་ལ།  ཚེགས་ལྗི་བ།  དོན་སྙིང་ལྡན་པའི་ཚན་རིག་ཅིག་གམ།  སྒྱུ་རྩལ་ཞིག་རེད།  འདི་ལྟ་བུའི་ཚན་རིག་དང་སྒྱུ་རྩལ་གྱི་ཁྲོད་ན་སེམས་ཤུགས་ཡོད་ཀྱང་ལུས་ཤུགས་ཀྱིས་མི་འདང་བའི་བྱ་བ་ཧ་ཅང་མང་པོ་ཞིག་ལ་འཕྲད་ཀྱིན་ཡོད་པ་ནི་དགེ་རྒན་དང་ཁྱིམ་བདག  སློབ་མ་ཡོངས་ལ་ཁྱབ་པ་ཞིག་རེད།  དེ་ལྟ་བུའི་བྱ་བའི་ཁྲོད་ནས་གོ་རིམ་ལྡན་པ་དང་ལས་ཆོད་ཡོད་པ་ཞིག་སྒྲུབ་དགོས་ན་སྒྲིག་སྲོལ་ལེགས་པོ་ལ་བརྟེན་དགོས།  སྒྲིག་སྲོལ་དེ་ཚན་རིག་དང་མཐུན་དགོས་ལ།  ས་གནས་དང་མཐུན་དགོས།  དགེ་རྒན་དང་སློབ་མ་ལ་མཐུན་དགོས།  སློབ་གྲྭའི་ཡོད་ཚད་ལ་མཐུན་དགོས་ལ་དམངས་གཙོ་ཡིན་དགོས།  སྒོས་སུ་ལག་བསྟར་བྱེད་ཐུབ་པ་དང་ཁྱད་ཆོས་ལྡན་པ་མི་གཙོ་གཞི་འཛིན་པ་ཞིག་ངེས་པར་དུ་ཡིན་དགོས།  ངས་ཚན་རིག་ཅེས་པ་འདི་ལྟར་གོ་བ་ལེན་བཞིན་ཡོད།  འཆར་གཞི་ལེགས་པོ་ཞིག་དང་དེ་ལག་བསྟར་བྱེད་པའི་བརྒྱུད་རིམ་ཁྲོད་དུ་ལྟ་སྐུལ་ནན་མོ་ཞིག  དེའི་ཁྲོད་ཀྱི་ལེགས་ཆ་བསྡུ་ལེན་དང་ཞན་ཆ་ཕྱོགས་སྡོམ་ལེགས་པོ་ཞིག་བྱས་ཏེ་ཕྱོགས་སྡོམ་དེ་ལ་བརྟེན་ནས་འཆར་གཞི་བཟོ་བ་དང་།  ཡང་འཆར་གཞི་ལག་བསྟར་གྱི་བརྒྱུད་རིམ་ལ་སྔར་བཞིན་ལྟ་སྐུལ་ནན་མོ་གཏོང་བ་དང་དེའི་ཁྲོད་ཀྱི་ཉམས་མྱོང་བསྡུ་ལེན་ལེགས་པོ་བྱས་ཏེ་ཕྱོགས་སྡོམ་ཞིབ་ཆ་ཅན་བཟོ་བའི་འཁོར་བསྐྱོད་ཀྱི་བརྒྱུད་རིམ་ཁྲོད་དུ་རིམ་བཞིན་ཡར་རྒྱས་དང་གོང་འཕེལ།  འཐུས་ཚང་གཏོང་བའི་རྣམ་པ་ལ་གོ   དམངས་གཙོ་ཞེས་པའང་རོགས་རེས་དང་ཞབས་ཞུ།  མཐུན་སྒྲིལ།  གྲོས་བསྡུར་གྱི་བྱ་བའི་བརྒྱུད་རིམ་ཞིག་ཡིན་དགོས།  འདི་ལྟ་བུའི་བྱ་བའི་བརྒྱུད་རིམ་ཁྲོད་དུ་རིམ་བཞིན་སློབ་གྲྭར་བྱ་བ་ཡོད་ན་དེ་སྒྲུབ་མཁན་གྱི་མི་ཡོད་པ་དང་མི་ཡོད་ན་དེར་སྒྲུབ་བྱའི་བྱ་བ་ཞིག་ཡོད་པ། བྱ་བ་ཡོད་ཀྱང་སྒྲུབ་མཁན་གྱི་མི་མེད་པ་དང་།  མི་ཡོད་ཀྱང་སྒྲུབ་བྱའི་བྱ་བ་མེད་པར་ཁོམ་ཡོད་པའི་སྣང་ཚུལ་མེད་པར་གཏོང་རྒྱུའི་སྒྲིག་སྲོལ་ཞིག་འཛུགས་དགོས། སྒྲིག་སྲོལ་དེའང་ལོ་རེར་ཐེངས་རེར་ཞུ་དག་དང་བཅོས་སྒྲིག་བྱ་རྒྱུའང་གནད་ཀྱི་དམ་པ་ཞིག་རེད། ཞུ་དག་བཅོས་སྒྲིག་བྱེད་སྐབས་སྔར་མེད་ཁ་གསབ་དང་ཡོད་པ་རྒྱུན་མཐུད།  དགོས་མེད་འདོར་ལེན་ལེགས་པོ་བྱ་དགོས།  འདི་ལྟ་བུའི་སྒྲིག་སྲོལ་གྱིས་སློབ་ཁྲིད་སློབ་གསོའི་དོ་དམ་ཁྲོད་བྱ་བ་འཕེན་རེས་བྱེད་པའི་སྣང་ཚུལ་དང་། ཕྱོགས་སྒོ་མོ་ན་ཡོད་པའི་འགན་སྣ་ཚོགས་དུས་ལྟར་འགྲུབ་ཐུན་གྱིན་མེད་པའི་བྱ་བ་དུས་བཅད་ལྟར་འགྲུབ་པར་ཁག་ཐེག་བྱ་ཐུབ་ལ།  འགན་འཁྲི་མི་རེ་རེ་ལ་ཡོད་པའི་ལས་བགོས་ཞིབ་ཆ་ཅན་ཡོད་ན་ད་གཟོད་བྱ་བར་ཆད་ལྷག་ཤོར་བ་དང་རྗེས་སུ་ལུས་པ།  ཆ་ཚང་མིན་པའི་རིགས་རྩ་མེད་དུ་གཏོང་ཐུབ།  སྒྲིག་སྲོལ་ཡང་གྲོས་བསྡུར་ལེགས་པོས་ཕྱོགས་སྒྲིག་བྱས་ཏེ་གཞུང་སྒྲུབ་ཁང་དང་ཚན་ཁག་སོ་སོའི་རྩིག་ལྡེབས་ངོས་སུ་བཀལ་བའི་སྒྲིག་སྲོལ།  ཡིག་ཚགས་ཁྲོད་ཀྱི་སྒྲིག་སྲོལ་སོགས་གཅིག་མཐུན་ཅན་དུ་གཏོང་དགོས།

 

གཉིས་པ།  སློབ་གྲྭ་ཁྱད་ལྡན་དུ་སྒྲུབ་དགོས་ན་བསླབ་ཚན་འཛུགས་གཉེར་བྱ་དགོས།

སློབ་གསོ་ནི་རྣམ་པ་རྒྱ་ཆེ་ཞིང་རིགས་མང་བ་ཞིག་ཡིན་ལ་དེ་ལས་སློབ་གྲྭའི་སློབ་གསོ་ནི་འཆར་གཞི་ལེགས་པ།  དམིགས་ཡུལ་ལྡན་པ།  རྩ་འཛུགས་བཟང་བ། བརྒྱུད་རིམ་འཐུས་ཚང་བའི་སློབ་ཁྲིད་སློབ་གསོའི་བྱེད་སྒོ་ཞིག་ཡིན་པས།  འདི་ལྟ་བུའི་འཆར་ཅན་གྱི་རྣམ་པའི་ཁྲོད་བསླབ་ཚན་མང་ཡང་འཛུགས་གཉེར་ལེགས་པོ་ཞིག་དང་འཐུས་ཚང་ཞིག་གཏོང་ཐུབ་ཀྱིན་མེད་པས་སློབ་གྲྭ་ཁྱད་ལྡན་ཞིག་ཏུ་སྒྲུབ་ཐུབ་མེད་པར་སློབ་གྲྭ་རེ་རེའི་སློབ་སྒྲུབ་གཅིག་མཚུངས་སུ་འགྲོ་བཞིན་པའང་ཕལ་ཆེར་མིག་མཐོང་ལག་ཟིན་རེད། སྒོས་སུ་སློབ་མ་དང་དགེ་རྒན།  འགོ་ཁྲིད།  བསླབ་ཚན། སྒྲིག་སྲོལ།  སློབ་གྲྭའི་རིག་གནས་སོགས་འཆམ་མཐུན་ངང་འཕེལ་རྒྱས་འགྲོ་ཐུབ་ཀྱིན་མེད་པའང་རྩ་བ་བསླབ་ཚན་གྱི་སྟེང་ན་ཡོད་ལ།  བསླབ་ཚན་གྱི་གནད་དོན་ལེགས་པོ་ཐག་གཅོད་མ་བྱས་ན་སློབ་གྲྭ་ཚད་ལྡན་ཅན་དང་ཁྱད་ལྡན་ཅན་སྒྲུབ་པའང་ཤིན་ཏུ་དཀའ་བའི་གནས་རེད།  དེ་ལྟ་ན་ང་ཚོས་བསླབ་ཚན་ཚད་གཞི་ལྟར། སྐད་ཡིག  རྒྱ་ཡིག  གྲངས་རིག  དབྱིན་ཡིག  ཆ་འཕྲིན་ལག་རྩལ།  ལུས་རྩལ།  ཚན་རིག མཛེས་རྩལ།  རོལ་དབྱངས། ཀུན་སྤྱོད་དང་འཚོ་བ། ཀུན་སྤྱོད་དང་སྤྱི་ཚོགས།  དཔེ་ཀློག སྣ་འཛོམས་ལག་ལེན་བྱེད་སྒོ། འཛིན་གྲྭའི་བྱ་འགུལ།  འཚར་སྐྱེད་སློབ་གསོ་བཅས་སློབ་ཐུན་འཐུས་སྒོ་ཚང་བར་བཀོད་སྒྲིག་བྱས་ཡོད་ཀྱང་ལག་བསྟར་ལེགས་པོ་ཞིག་བྱ་ཐུབ་ཀྱིན་མེད་པ་དང་། སྐད་ཡིག་དང་རྒྱ་ཡིག  གྲངས་རིག དབྱིན་ཡིག་བཅས་བསླབ་ཚན་བཞི་ལ་སློབ་སྐབས་རེར་ཚད་ལེན་ཐེངས་གཉིས་རེ་བྱེད་ཀྱིན་ཡོད་པ་དང་།  འཆར་གཞི་དང་རྩ་འཛུགས་ལེགས་པོས་བསླབ་ཚན་གྱི་ནང་དོན་ལྟར་ཚད་གཞི་ལ་ཞོགས་ཅི་ཐུབ་བྱེད་ཀྱིན་ཡོད། དགེ་རྒན་དང་ཁྱིམ་བདག་གིས་ཀྱང་ཕྱོགས་འདི་དག་ནས་བཟུང་བ་ཧ་ཅང་བཟང་བར་འདུག དེ་མ་ཡིན་པའི་བསླབ་ཚན་ལ་ཚད་ལེན་མེད་ལ་བསླབ་དེབ་ཀྱང་ཕལ་ཆེར་སྣང་མེད་དུ་འཇོག་པའི་སྣང་ཚུལ་གང་སར་མཆིས། དེ་ལའང་རྒྱུ་རྐྱེན་ཡོད་དེ།  ཆེད་ལས་ཀྱི་དགེ་རྒན་མེད་པ་དང་། ཁྲིད་བྱའི་ནང་དོན་ལ་བྱང་ཆ་མེད་པ།  ཁྱིམ་བདག་དང་སྤྱི་ཚོགས་ཐོག་གང་ཡིན་ཡང་དེ་ལ་དེ་འདྲའི་མཐོང་ཆེན་བྱེད་ཀྱིན་མེད་པས་ལན་པའང་ཡིན་ཚོད་འདུག  དེའང་སློབ་གྲྭ་རུ་གནས་པའི་གནད་དོན་ཡིན་པས་ངེས་པར་དུ་ཐག་གཅོད་ལེགས་པོ་བྱེད་དགོས།  ཐོག་མར་བསླབ་ཚན་དག་དགེ་རྒན་གྱིས་ཁྲིད་ཞོར་སྦྱང་ཞོར་དང་།  ནང་དོན་རེ་འགའ་ས་གནས་དང་བསླབ་དེབ་ཀྱི་ནང་དོན་ཟུང་འབྲེལ་གྱིས་ཁྲིད་ནས་ཚད་ལ་ཞོགས་ཅི་ཐུབ་བྱེད་དགོས་པ་དང་།  སློབ་དཀྱིལ་དང་སློབ་མཇུག་ལའང་ཚད་ལེན་ནན་མོ་བྱེད་རྒྱུ་ནི་ཁ་ཚ་དགོས་གཏུགས་ཀྱི་བྱ་བ་ཞིག་ཡིན།  སྒོས་སུ་ང་ཚོའི་སློབ་མ་དག་བསླབ་ཚན་འདི་དག་སྦྱངས་པར་སྤྲོ་བ་ལྷག་པས་ཆེ་བས།  བསླབ་ཚན་འདི་དག་བསླབ་པའི་སྤྲོ་བས་སྐད་རྒྱ་གྲངས་དབྱིན་སྦྱངས་པའི་ནུས་པ་མཐོར་འདེགས་གཏོང་བར་ཕན་པ་ཆེ།  སྐད་རྒྱ་གྲངས་དབྱིན་གྱི་སྦྱངས་འབྲས་ཞན་པའི་སློབ་མ་ལ་བསླབ་ཚན་འདི་དག་སྦྱངས་པའི་བརྒྱུད་རིམ་ཁྲོད་ནས་རིམ་བཞིན་དགའ་པ་དང་མོས་པ། སྤྲོ་བ་འདྲེན་དགོས།  ༼ རྒྱལ་ཁབ་ཀྱིས་གཏན་འཁེལ་བྱས་པའི་བསླབ་ཚན་ལ་ཡང་ས་གནས་དང་མཐུན་པ་དང་སློབ་གྲྭ་དང་མཐུན་པ།  སློབ་མ་དང་མཐུན་པའི་སློབ་རའི་བསླབ་དེབ་འཛུགས་གཉེར་བྱེད་རྒྱུའང་ཧ་ཅང་གལ་ཆེ། ༽ད་དུང་སློབ་མའི་འདོད་མོས་ལྟར་བོད་རྒྱ་ཡིག་གཟུགས།  རྣམ་ཐར།    མིག་མངས། བོད་ཀྱི་ཞབས་བྲོ།   པི་ཝང་། དམངས་གླུ་སོགས་སྲོལ་རྒྱུན་སློབ་གསོའི་ཁོངས་གཏོགས་ཀྱི་དགའ་ཕྱོགས་གསོ་སྐྱོང་འཛིན་གྲྭ་དང་ཆ་འཕྲིན་ལག་རྩལ་དང་རྐང་གྲུག  གཟེབ་གྲུག    མཛེས་རྩལ།  རོལ་དབྱངས།    རོལ་ཆས་འབུད་དཀྲོལ།   དྲག་རྩལ་སོགས་བྱང་ཚད་སློབ་གསོའི་ཁོངས་གཏོགས་ཀྱི་དགའ་ཕྱོགས་གསོ་སྐྱོང་གི་འཛིན་གྲྭ་ཡང་སྒྲུབ་ནས་བསླབ་ཕྱིའི་བྱ་འགུལ་སྣ་མང་ཅན་དང་དམིགས་ཡུལ་ཅན།  ནུས་མཐུ་ཅན།  དགོས་མཁོ་ཅན་བསྒྲུབས་ནས་སློབ་རའི་སློབ་གསོའི་རྣམ་པ་ཕུན་སུམ་ཚོགས་པར་བཏང་ཡོད། འོན་ཀྱང་།  གོང་གི་དགའ་ཕྱོགས་ཚན་ཆུང་གི་བསླབ་ཚན་ལ་ས་གནས་དང་མཐུན་པ།  སློབ་གྲྭ་དང་མཐུན་པ།  སློབ་མ་དང་མཐུན་པའི་བསླབ་ཚན་འཛུགས་གཉེར་བྱས་ཡོད་ཀྱང་འཆར་གཞི་དང་དམིགས་ཡུལ།  རྩ་འཛུགས་སོགས་དེ་འདྲའི་འཐུས་ཚང་མིན་ལ། དེ་མཐུན་གྱི་སློབ་རའི་བསླབ་ཚན་འཛུགས་གཉེར་བྱས་མེད་པས།  ཕལ་ཆེར་གོང་རིམ་འགོ་ཁྲིད་ཀྱི་ལྟ་རྟོག་གི་དམིགས་ཡུལ་ལ་ཁ་ཕྱོགས་པ་ཆེ་དྲགས་པ་དང་སློབ་མའི་ནུས་པ་དང་འཇོན་ཐང་གསོ་སྐྱོང་གི་དགོས་མཁོ་སྐོང་ཐུབ་ཀྱིན་ཡེ་ནས་མེད།  དེ་མཐུན་དུ་ད་དུང་དགའ་ཕྱོགས་གསོ་སྐྱོང་གི་འཛིན་གྲྭར་ཞུགས་མེད་པའི་སློབ་མ་དང་ཡང་ན་ཕྱི་དྲོའི་སློབ་གསེང་བྱེད་སྒོ་ཡང་འཆར་ཅན་གྱིས་སློབ་རིམ་དང་མཐུན་པའི་གླུ་དང་ཁེད། དྲི་གླུ  བྱིས་གླུ།  གནའ་གཏམ། གཏམ་བཤད།  གྱེར་ཀློག མདོ་འཛིན།   ཐག་ལྡིང་། སྐེད་སྐོར། ལྕགས་སྐོར།   ཐེ་སྤུ།  བྱ་སྒྲོ་སྤོ་ལོ།  ཕིང་ཕིང་སྤོ་ལོ།  བཟོ་རྩལ་དང་ལག་རྩལ། འཇུམ་བཟོ།  སྦྱར་བཟོ།  དྲ་རས་མཛེས་བཟོ།  སྒྲིག་བཟོ།  རི་མོ་ངོས་འཛིན།  འཚེམ་བཟོ་སོགས་སློབ་མའི་ལུས་སེམས་བདེ་ཐང་དང་བློ་རིག་གི་སྒོ་མོ་འབྱེད་པར་སྨན་པའི་རོལ་རྩེད་སོགས་ཀྱང་ཁ་སྣོན་གྱིས་བསླབ་ཚན་འཛུགས་གཉེར་བྱེད་རྒྱུ་དང་། བསླབ་ཚན་དེ་དག་འཆར་གཞི་ལེགས་པོས་སློབ་སྐབས་གཅིག་ལ་ནང་དོན་གཏན་འཁེལ་གྱིས་སློབ་རིམ་རེར་རིགས་གསུམ་ལ་བྱང་ཆུབ་པའི་དམིགས་ཚད་འདོན་རྒྱུ་དང་།  དམིགས་ཚད་དེ་འགྲུབ་པར་སློབ་རིམ་སོ་སོའི་བསླབ་ཚན་དགེ་རྒན་དག་གིས་རོགས་སྒྲུབ་ཀྱིས་སྒྲུབ་ཐུབ་པར་བྱ་དགོས། འདི་ལྟར་བྱས་ན་ད་གཟོད་རིམ་བཞིན་བྱང་ཚད་སློབ་གསོ་ལག་བསྟར་བྱེད་བྱེད་ཐུབ་ལ། སྣོད་བསྟུན་སློབ་ཁྲིད་དང་བབ་བསྟུན་སློབ་ཁྲིད་ཀྱང་སློབ་མ་རེ་རེའི་སྟེང་ལ་འབབ་ཐུབ་པར་འདོད།   སློབ་གྲྭའི་བདག་དམ་ཚད་གཞིརབསྟན་པའི་སློབ་མ་རེ་རེ་ལུས་རྩལ་སྣ་གཉིས་དང་རིག་རྩལ་སྣ་གཅིག་ལ་བྱང་ཆ་ཐོན་དགོས་པའི་དམིགས་ཚད་ཀྱང་ངང་གིས་འགྲུབ་ཐུབ།  སློབ་གྲྭ་ཞིག་གི་ཐོན་རྫས་བསླབ་ཚན་དུ་འགྱུར་བའི་དུས་སུ་སློབ་གྲྭ་དེ་འཕེལ་རྒྱས་འགྲོ་བཞིན་པའང་མགོ་བརྩམ་པ་ཡིན་ལ། བསླབ་ཚན་ལེགས་པོ་ཡོད་ན་འཆར་གཞི་འོས་འཚམ་ཞིག་འགོད་སླ།  འཆར་གཞི་བཟང་པོས་སློབ་མ་དམིགས་ཚད་ལ་ཞོག་པར་ཕན་པ་ཆེ།  དེར་མ་ཟད་བསླབ་ཚན་བཟང་བོ་ལག་བསྟར་བྱེད་པའི་བརྒྱུད་རིམ་ནི་སློབ་གྲྭ་བདག་དམ་བྱེད་པའི་བརྒྱུད་རིམ་ཞིག་ཡིན་དགོས།

 

གསུམ་པ། སློབ་གྲྭ་ཁྱད་ལྡན་དུ་སྒྲུབ་དགོས་ན་ཀུན་སྤྱོད་སློབ་གསོ་ཁྱད་ལྡན་ཅན་ཡིན་དགོས།

ཀུན་སྤྱོད་སློབ་གསོ་ཁྱད་ལྡན་ཅན་གྱི་ལམ་དུ་བགྲོད་དགོས་ན། སློབ་གྲྭའི་ཀུན་སྤྱོད་སློབ་གསོའི་བྱ་བ་ཡོད་ཚད་ཞིབ་ཚགས་ཅན་དུ་གཏོང་དགོས།  ཀུན་སྤྱོད་སློབ་གསོ་ཁྱད་ལྡན་ཅན་འཛུགས་སྐྲུན་གཏོང་བར་སློབ་གྲྭའི་རང་སྟེང་ན་ཡོད་པའི་སྲོལ་རྒྱུན་དང་ཉམས་མྱོང་། བཟང་ཆ་དམ་པོར་འཛིན་དགོས།   སློབ་གསོའི་ཁ་ཕྱོགས་ལས་ཀུན་སྤྱོད་ཀྱིས་མི་སྐྱོང་རྒྱུ་ནི་སློབ་གསོའི་རྩ་བའི་ལས་འགན་དུ་བཟུང་ནས།  ཀུན་སྤྱོད་དང་ཤེས་རིག  ལུས་རྩལ།  མཛེས་རྩལ་སོགས་སློབ་མའི་ཕྱོགས་ཡོངས་ནས་འཕེལ་རྒྱས་ཡོང་བའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་བསྐྲུན་པ་དང་རྒྱུད་འཛིན་པ་བསྐྱེད་བསྲིང་བྱ་རྒྱུ་དེ་ཡིན་ཞེས་དང་། སློབ་མ་འཇོན་ཐང་ཅན་ཞིག་གི་ཚད་གཞི་ལ་སྤྱོད་ཡོན་གཉིས་ལྡན་གྱི་མི་ཞིག་བསྐྱེད་བསྲིང་བྱེད་དགོས་ཞེས་པ་སོགས་ལས་ཀུན་སྤྱོད་དང་པོར་བཞག་ཡོད།  སློབ་གསོ་དེ་ཀུན་སྤྱོད་གསོ་སྐྱོང་གི་རྨང་གཞིའི་སྟེང་ཤེས་རིག་དང་ལུས་རྩལ།  མཛེས་རྩལ་སོགས་ཕྱོགས་ཡོངས་ནས་རིམ་བཞིན་སློབ་གསོ་བཏང་ནས་འཕེལ་རྒྱས་གཏོང་དགོས་པའི་བརྒྱུད་རིམ་ཞིག་ཡིན།  ཀུན་སྤྱོད་སློབ་གསོ་དེ་བྱང་ཚད་སློབ་གསོའི་ཁྲོད་དུ་རྣམ་ཤེས་ལྟ་བུའི་གོ་གནས་བཟུང་ཡོད་ལ།  སློབ་མའི་ཕྱོགས་ཡོངས་ནས་འཕེལ་རྒྱས་གཏོང་དགོས་པ་དང་།  འོས་འཚམ་གྱིས་སློབ་མ་རེ་རེ་འཕེལ་རྒྱས་གཏོང་དགོས་པ།  རྒྱུན་མཐུད་ངང་འཕེལ་རྒྱས་ཡོང་དགོས་པའང་རྩ་བ་ཀུན་སྤྱོད་ལ་རག་ལས།  དེ་བས།  ཀུན་སྤྱོད་སློབ་གསོ་ཞིབ་ཚགས་ཅན་དང་ཁྱད་ལྡན་ཅན་གཏོང་རྒྱུ་ནི་དུས་རབས་ཀྱི་དགོས་མཁོ་ཡིན་ལ།  སྤྱི་ཚོགས་ཀྱི་དགོས་མཁོ་ཡིན།  ཕ་མ་དང་དགེ་རྒན་གྱི་དགོས་མཁོ་ཡིན་ལ། སློབ་མ་ཡོད་ཚད་ཀྱི་དགོས་མཁོ་ཡིན།  འོ་ན་ཁྱད་ལྡན་ཅན་གྱི་ཀུན་སྤྱོད་སློབ་གསོ་ཇི་ལྟར་གཏོང་དགོས། སློབ་ཆུང་གི་དུས་རིམ་འདིར་སློབ་མའི་སློབ་སྦྱོང་གི་དུས་ཚོད་དང་ལོ་ནའི་ཁྱད་ཆོས།  འཚར་ལོངས་ཀྱི་ཆོས་ཉིད་ནས་མགོ་བརྩམས་ཏེ་ཀུན་སྤྱོད་དམིགས་ཚད་འཇོག་དགོས།  ལག་བསྟར་བྱེད་པའི་བརྒྱུད་རིམ་ཁྲོད་དུས་ཡུན་རིང་འབྲིང་ཐུང་གསུམ་གྱི་རིམ་པ་བགར་ནས་རིམ་གྱིས་འགྲུབ་དགོས་ཏེ།   འཚོ་བའི་གོམས་གཤིས་དང་།  ངལ་རྩོལ་གྱི་གོམས་གཤིས།  སློབ་སྦྱོང་གི་གོམས་གཤིས་སོགས་ཀྱི་ཀུན་སྤྱོད་ཡུན་གྱིས་ལག་ལེན་ཁྲོད་དུ་དམིགས་ཚད་ལ་ཞོག་པར་དུས་རིམ་བགར་ནས་སློབ་གསོ་གཏོང་བའི་ཡིག་ཚགས་འཐུས་ཚང་གཏོང་དགོས།   སློབ་ཆུང་ལོ་དྲུག་ནི་དུས་ཡུན་རིང་བའི་ཀུན་སྤྱོད་དམིགས་ཚད་དང་།  ལོ་གཉིས་རེ་ནི་དུས་ཡུན་འབྲིང་གི་དམིགས་ཚད། ལོ་རིམ་དང་པོ་དང་གཉིས་པའི་སྐབས་ཀྱི་རིམ་པ། ལོ་རིམ་གསུམ་པ་དང་བཞི་བའི་སྐབས་ཀྱི་རིམ་པ། ལོ་རིམ་ལྔ་བ་དང་དྲུག་པའི་སྐབས་ཀྱི་རིམ་པ་བཅས་གསུམ་དུ་བགར་ནས་ཚད་རིམ་མི་འདྲ་བའི་དམིགས་ཚད་འཇོག་པ།  ལོ་གཅིག་རེ་ནི་དུས་ཡུན་ཐུང་བའི་དམིགས་ཚད་བཅས་འཇོག་དགོས། ལོ་གཅིག་གི་དམིགས་ཚད་དེ་སློབ་རིམ་རེ་རེ་ལ་འཚམས་པའི་དམིགས་ཚད་འཇོག་རྒྱུ་དེ་ཡིན།  དེ་བཞིན་དུ་ལོ་གཅིག་གི་དམིགས་ཚད་དེ་ཡང་སློབ་སྐབས་རེར་བགོ་བ་དང་།  ཟླ་རེ་རེར་བརྗོད་གཞི་ཡོད་པའི་ཀུན་སྤྱོད་སློབ་གསོའི་ནང་དོན་འཇོག་དགོས།  འདི་ལྟར་ཞིབ་ཚགས་ཅན་དུ་བཏང་ན་ད་གཟོད་ནུས་པ་མི་དམན་པ་ཐོན་ཐུབ་པ་གདོན་མི་ཟ། འཛིན་བདག་དགེ་རྒན་གྱིས་འཛིན་གྲྭའི་འཆར་གཞིའི་ནང་དུའང་ཀུན་སྤྱོད་སློབ་གསོའི་འཆར་གཞི་ཡོད་ཀྱང་ལག་བསྟར་མི་ཐུབ་པ། ཁ་བྱང་ཆེ་དྲགས་པ།  དམིགས་ཡུལ་ཁ་གསལ་བོ་མིན་པའི་སྣང་ཚུལ་མང་པའང་ཐག་གཅོད་ལེགས་པོས་སློབ་གྲྭའི་ཀུན་སྤྱོད་སློབ་གསོའི་དམིགས་ཚད་ལྟར་འཛིན་གྲྭ་དང་སློབ་མ་ལ་མཐུན་པའི་དམིགས་ཚད་གསལ་བོ་ལག་ལེན་བྱ་དགོས།

མཐར་གཏམ་རྒྱུད་ཐུང་ཐུང་ཞིག་གིས་མཇུག་བསྡུ་བར་བྱ་སྟེ།  སྤྲེའུ་ཞིག་གིས་མི་བཅའ་བར་འདོད།  མི་བཅའ་དགོས་ན་ངེས་པར་དུ་རྔ་མ་གཅོད་དགོས་པ་དེ་རེད།  དེ་ནས་ཁོས་རྔ་མ་གཅོད་པར་སེམས་ཐག་བཅད་མོད།  འོན་ཀྱང་རྔ་མ་གཅོད་རྩིས་བྱེད་སྐབས་འུ་ཐུག་པའི་བྱ་བ་གསུམ་སེམས་ལ་དྲན།  གཅིག རྔ་མ་བཅད་ན་ན་སྲིད་དམ།  ༼བཅོས་བསྒྱུར་གཏོང་དགོས་ན་དཀའ་ཚེགས་ལ་འཕྲད་ཁོ་ཐག་རེད། ༽ གཉིས། རྔ་མ་བཅད་རྗེས་ལུས་ཕུང་འགུལ་སྐྱོད་སྔར་ལྟར་སྐྱེན་པ་ཞིག་ཡིན་ནམ།༼ བཅོས་བསྒྱུར་བྱས་ན་ཉེན་ཁ་ཡོད་ཁོ་ཐག་རེད། ༽ གསུམ། སྐྱེས་ནས་བཟུང་རྔ་མ་དང་ཁ་བྲལ་མྱོང་མེད་པས་སེམས་ནས་གཟོད་ཐབས་བྲལ།  ༼བཅོས་བསྒྱུར་བྱས་ན་སེམས་ནས་བཟོད་ཐབས་བྲལ་བ་ཞིག་ཡིན་ངེས། ༽ དེའི་རྐྱེན་གྱིས་སྤྲེའུ་ད་ལ་ཐུག་པའི་བར་དུ་མིར་འགྱུར་མེད།  རྒྱུ་མཚན་བྱ་བཞག་ལེགས་འགྲུབ་འབྱུང་དགོས་ན་བྱ་བ་རེ་འགའ་ཞིག་ངེས་པར་དུ་གཏོང་ཕོད་དགོས། རང་ཉིད་ལ་ཡོད་པ་གཏོང་མི་ཕོད་ན་དེ་ལས་ལྷག་པ་ཞིག་ཐོབ་མི་ཐུབ།

སྤྱི་ལོ༢༠༡༨ལོའི་ཟླ༡༡པའི་ཚེས༡༦ཉིན།