སློབ་གྲྭའི་སློབ་གསོའི་སྟོང་ཆ་ཆེན་པོ་ཞིག མྱུག་ཆར།

167/545

ངས་སློབ་གྲྭའི་སློབ་གསོ་ལ་ལས་ཕྱོད་མེད་པའི་སློབ་གསོ་ཟེར་གྱིན་ཡོད།དེ་ལྟོས་ས་ལྟོས་འཇོག་གིས་བཤད་པ་ཡིན།ངས་དེ་འདྲ་ཟེར་དགོས་པའི་རྒྱུ་མཚན་ནི་སློབ་ཆུང་ནས་སློབ་ཆེན་བར་དུ་ང་ཚོས་བསླབ་དེབ་དང་རྒྱུགས་ལེན་གཙིགས་ཆེར་བཟུང་།རྒྱུགས་ལ་མཁོ་བ་ཐམས་ཅད་ཁྲིད།མི་དགོས་པ་ཐམས་ཅད་དོར།དེ་མིན་ཤེས་དགོས་པའི་ཤེས་བྱ་གལ་ཆེན་ཏེ།ལག་རྩལ་དང་རི་མོ།ཁྱིམ་དོན་དང་ཞིང་ལས།ཚན་རྩལ་སོགས་མདོར་ན་སློབ་ཁྲིད་ཕྱི་ནང་གི་བྱེད་སྒོ་ཐ་དག་དོར།དཔེ་དེབ་ཁོ་ན་དམིགས་སུ་བཟུང་ནས་རྒྱུགས་ལེན་རྐྱང་རྐྱང་ཞིག་ལ་དམིགས་ནས་ཡོང་བ་དེ་ཚོར་ཟེར་རྒྱུ་ཡོད།དེ་ལས་ཀྱང་ཆབ་སྲིད་དང་ས་ཁམས།ལོ་རྒྱུས་དང་དངོས་ལུགས་སོགས་འཛིན་རྒྱུ་ཅི་ཡང་མེད་པར་ཤེས་བྱ་ཕྲན་ཙམ་ཕྲན་ཙམ་རེ་ཡར་ཁྲིད་མར་ཁྲིད་བྱས་ནས་ཡོང་དུས་སློབ་མ་ཚོའི་མགོ་ཉོག་ནས་གང་ཞིག་གཙོ་བོར་འཛིན་རྒྱུ་མ་ངེས་པས་ཕྱིའི་ཀུན་སྤྱོད་དང་ནང་བསམ་བློ་གང་གི་ཆ་ན་ཡང་སྟོང་ཆ་ཆེན་པོ་ཞིག་ལྷག་ཡོད་པ་རེད།ངས་དེ་ལ་རྒྱུ་རྐྱེན་གཉིས་ཡོད་བསམ།གཅིག་ནི་བསླབ་དེབ་དང་གཅིག་ཤོས་ནི་དགེ་རྒན་ལ་ཟེར་རྒྱུ་ཡོད།

གནད་དང་པོ་དེ་ང་ཚོ་སློབ་ཆུང་རུ་ཡོད་དུས་སློབ་འབྲིང་དུ་རྒྱུགས་འཕྲོད་དགོས་སྙམ་པའི་ཀུན་སློང་གིས་སློབ་དེབ་དང་སྐར་མ་གཙིགས་སུ་བཟུང་།སློབ་འབྲིང་ནས་སློབ་ཆེན་བར་དུ་དེ་ལྟར་བཟུང་།སློབ་ཆེན་ནས་བྱ་བའི་རྒྱུགས་ཁོ་ན་གཙིགས་སུ་བཟུང་ནས་ལས་གནས་རེག་དུས།གནས་ལུགས་མི་ཤེས།འགྲོ་འདུག་མི་ཤེས།ཕྱིའི་ཀུན་སྤྱོད་མི་ཡག་ནང་བསམ་བློ་མི་བཟང་བས་སྤྱི་ཚོགས་ལ་ཤུགས་རྐྱེན་ངན་པ་ཐེབས་ཀྱིན་ཡོད་པ་རེད།དེ་བས་གལ་ཆེ་བ་ནི་བསླབ་དེབ་ལས་གཞན་པའི་ཤེས་བྱ་དང་དཔེ་ཀློག་བྱ་རྒྱུ་དེ་རེད།ང་ཚོ་སློབ་གྲྭ་འགྲོ་བའི་དམིགས་ཡུལ་ནི་གཞུང་ཞབས་པ་ཆགས་རྒྱུ་ལྟ་བུ་ཞིག་ཡིན་ན་ང་ཚོའི་མིག་རྒྱང་ཐུང་སོང་བ་རེད།ཡིན་ཡང་སློབ་གྲྭ་བ་མང་པོ་ཞིག་གི་འདུ་ཤེས་དེ་ཅི་རེད་ཟེར་ན།རང་གི་ལག་ཤེས་དང་ནུས་པ་ལ་བརྟེན་ནས་ལས་ཀ་ལས་བསམ་རྒྱུའི་འདུ་ཤེས་དེ་རྩ་བ་ནས་མེད་པར།ཡིན་གཅིག་མིན་གཉིས་གཞུང་ཞབས་པ་ཞིག་བྱས་ནས་ཟླ་ཕོགས་བླངས་ནས་སྐྱིད་པོར་འདུག་བསམ་རྒྱུ་དེ་རྐྱང་རྐྱང་རེད།གཞུང་ཞབས་པ་བྱེད་ན་ལོས་ཆོག་ཀྱང་།རང་རང་གི་རིན་ཐང་རྡོག་བརྫིས་སུ་བཏང་ནས་སྒོར་མོ་རྐྱང་རྐྱང་ལ་བསམ་བློ་གཏོང་བ་ནི་ཤིན་ཏུ་ཕངས་པའི་གནས་རེད།མི་ཞིག་ཡིན་ན་རང་གི་འཚོ་རྩིས་དང་ཁ་རྒྱབ་གསོ་དགོས་པ་དངོས་ནས་བདེན་པ་རེད།ཡིན་ཡང་ཐབས་ཆག་གི་གཞུང་ཞབས་པ་ཞིག་ལ་ཆགས་རྒྱུའི་འདོད་བློ་རྐྱང་རྐྱང་ལ་དམིགས་ནས་སློབ་གྲྭར་འགྲོ་བ་ནི་ཡིད་སྐྱོ་དགོས་ས་ཞིག་རེད།ང་ཚོ་སློབ་གྲྭར་ཡོང་ནས་ཤེས་བྱ་མང་པོ་ཞིག་སྦྱང་དགོས་པའི་རྒྱུ་མཚན་ནི་རང་གི་ཁ་གསོ་ཐབས་ཡིན་པ་དང་།ཁ་ཤས་ཁྱིམ་ཚང་གི་དོན།ཡང་ཁ་ཤས་སྡེ་བ་དང་ཚོ་བའི་དོན།རབ་ཅིག་ཡིན་ན་མི་རིགས་ཀྱི་དོན་དུ་ཡང་ཡིན་པ་རེད།དེ་ལྟར་ཡིན་ན་ང་ཚོས་རང་རང་ས་ནས་ཤེས་བྱ་གང་མང་ཞིག་སྦྱང་དགོས་པ་རེད།སྦྱངས་དགོས་ན་བསླབ་དེབ་རྐྱང་རྐྱང་གིས་ཡོང་བ་མ་རེད།ཇི་ལྟར་ཡོང་བ་རེད་ཟེར་ན་དེ་རང་གིས་ཧུར་ཐག་དང་འབད་ཐབས་དྲག་པོས་ཤེས་བྱ་མང་པོ་ཞིག་བསྡུ་གསོག་རྒྱག་དགོས་པ་དེ་རེད།སྤྱིར་བཏང་ང་ཚོས་ང་ཚོ་གཞུང་ཞབས་པ་ཞིག་ཏུ་ཆགས་རྒྱུ་ལས་ཚོང་བ་སོགས་ལ་བསམ་བློ་བཏང་ན་སྒོར་མོ་མང་པོ་ལོན་ཡོང་བ་རེད།ཡིན་ཡང་གཞུང་ཞབས་པ་དང་ཚོང་བ།དེ་མིན་དགེ་རྒན་སོགས་བྱེད་པའི་དོན་སྙིང་འདྲ་བ་མ་རེད།དེ་ངས་བཤད་དགོས་པ་མ་རེད།ཚང་མས་ཤེས་གསལ་རེད།འོན་ཀྱང་གནས་ལུགས་ཤེས་བཞིན་དུ་གནས་ལུགས་ལ་རྡོག་བརྫིས་གཏོང་མཁན་མང་པོ་ཡོད་པ་རེད།དེ་དག་གིས་ནི་དགེ་རྒན་གྱི་ལས་གནས་ཤིག་རེག་པར་ཆ་བཞག་ན་ཡང་།ལོ་ཁ་ཤས་ཀྱི་རྗེས་ནས་གཞུང་ཞབས་པའི་ནང་དུ་འགྲོ་རྒྱུ་ལས་ཡིད་ལ་ཅི་ཡང་ཤར་རྒྱུ་མ་རེད།དཔེར་ན་དེ་དག་གིས་ནི་མགོ་ཁྲིད་སོགས་ལེགས་སྐྱེས་ཉོ་དགོས་སར་ལེགས་སྐྱེས་ཉོ་རྒྱུ་རེད།ཐབས་ཅི་ཞིག་བྱེད་དགོས་ན་ཡང་གཞུང་ཞབས་པའི་ནང་དུ་འགྲོ་ཐབས་བྱེད་ཁོ་ཐག་ཡིན་པ་རེད།དེ་ཅི་མ་ཉན་ནི་རེད་ཟེར་ན།དེ་དག་གི་ཀུན་སློང་མ་གཙང་བ་རེད།ཀུན་སློང་མ་གཙང་བའི་རྒྱུ་རྐྱེན་གང་ན་ཡོད་པ་རེད་ཟེར་ན།དེ་ལས་ཕྱོད་མེད་པའི་སློབ་གྲྭའི་སློབ་གསོས་བསྐྱལ་ཡོང་བ་རེད།ངས་དེ་ལྟར་སྙམ་གིན་ཡོད།དེའི་རྒྱུ་མཚན་ནི་ང་ཚོའི་སློབ་གསོ་འགྲིག་གི་མི་འདུགང་ཚོས་སློབ་ཆུང་ནས་བཟུང་བྱིས་པའི་མཚར་འཛིན་གྱི་བསམ་བློ་བཀག་ནས་འདི་སློབ་གན་མ་སློབ་ཟེར་རྒྱུ་ཡོད་པ་དང་བྱིས་པའི་དགའ་ཕྱོགས་ཤར་ལ་གཡུག་ནས་བསླབ་དེབ་ཁོ་ན་དམིགས་སུ་བཟུང་བས་སློབ་སྦྱོང་གི་སྤྲོ་སྣང་ཡལ་རྒྱུ་ཡོད་པ་རེད།ང་ཚོས་དཔེ་ཆ་འདོན་པ་དང་སློབ་གསོ་འདྲ་མཚུངས་སུ་བལྟས་པས་སློབ་གསོའི་ཁ་ཕྱོགས་ནོར་སོང་བ་རེད།དེ་ལས་འཕྲོས་ཏེ་དཔེར་བརྗོད་ཞིག་བཀོད་ན།ཡ་ཧུ་དཱ་པའི་སློབ་གསོ་ལྟ་བུ་རེད།དེ་ཚོའི་བྱིས་པའི་སློབ་གསོ་ལྟ་བུ་ཞིག་གཏན་ནས་ཡོད་པ་མ་རེད།དེ་ཚོའི་ཁྱིམ་བདག་ཚོས་སློབ་མ་རྣམས་སློབ་གྲྭ་ནས་ཕྱིར་ཁྱིམ་ལ་ཡོང་དུས་དེ་རིང་གནད་དོན་ཅི་ཞིག་རྙེད་ཐལ་ཞེས་འདྲི་རྒྱུ་རེད།འོན་ཀྱང་ང་ཚོའི་ཁྱིམ་བདག་ཚོས་དེ་རིང་ཁྱེད་ཀྱིས་ཤེས་བྱ་གསར་བ་ཅི་ཞིག་ཤེས་ཐལ་ཞེས་འདྲི་རྒྱུ་རེད།དེ་གང་རེད་ཟེར་ན་ཡ་ཧུ་དཱ་པའི་ཁྱིམ་བདག་ཚོས1+1=2ཐོབ་པའི་རྒྱུ་མཚན་ཅི་རེད་ཟེར་བ་དང་ང་ཚོའི་ཁྱིམ་བདག་ཚོས1+1=2ཐོབ་པ་འེ་ཤེས་ཐལ་ཟེར་བ་ལྟ་བུ་རེད།ཡ་ཧུ་དཱ་པ་ཁྱིམ་བདག་ཚོས་རང་རང་གི་བུ་ཕྲུག་དག་གི་སློབ་སྦྱོང་ལ་སེམས་ཚེགས་བྱེད་ཞོར་དུ་ལས་ཀ་ལས་རྒྱུ་ཡོད་པ་དང་ང་ཚོའི་ཁྱིམ་བདག་ཚོས་ལས་ཀ་ལས་ཞོར་དུ་བུ་ཕྲུག་གི་སློབ་སྦྱོང་ལ་སེམས་ཚེགས་བྱེད་ཀྱིན་ཡོད་པ་རེད།དེ་ནི་བར་ཁྱད་རེད།ང་ཚོ་ལ་མཐོ་རྒྱུགས་ཀྱི་ཨང་དང་པོ་(高考状元)ལས་རླབས་ཆེ་བའི་ཚན་རིག་པ་དང་གསར་གཏོད་པ་མེད་པའི་རྒྱུ་མཚན་ཡང་འདི་ལ་རག་ལས་པ་རེད།དེ་བས་ང་ཚོའི་སློབ་གསོའི་ཁ་ཕྱོགས་བསྒྱུར་དགོས་པ་རེད།གང་འདྲ་ཞིག་ལ་བསྒྱུར་དགོས་ཟེར་ན་དེ་ང་ཚོས་ཡ་ཧུ་དཱ་པ་ལྟ་བའི་མི་རིགས་དག་ལ་སློབ་སྦྱོང་བྱེད་དགོས་པ་རེད།ང་ཚོས་སློབ་ཆུང་ནས་བཟུང་སློབ་མའི་དགའ་ཕྱོགས་ཏེ་རི་མོ་འབྲི་བ་དང་གླུ་དབྱངས་ལེན་པ།ཞབས་བྲོ་འཁྲབ་པ་སོགས་བྱ་བ་ཆུང་ངུ་ནས་མགོ་རྩོམ་དགོས་ལ།སློབ་མའི་བློ་ཁ་དང་འཚམ་པའི་བསླབ་ཕྱིའི་དཔེ་ཆ་སོགས་གང་མང་ཞིག་ལ་ལྟ་རུ་འཇུག་དགོས།དེ་མི་བྱེད་པར་བསླབ་དེབ་རྐྱང་རྐྱང་ལ་འཐམས་དགོས་ན།ཟས་ཀྱི་ཡི་ག་ཆད་འགྲོ་བ་བཞིན་སློབ་མའི་སློབ་སྦྱོང་གི་སྤྲོ་སྣང་ཡང་ཡལ་འགྲོ་བ་རེད།དེར་བརྟེན་བསླབ་དེབ་ནི་སློབ་མའི་ཤེས་རིག་གི་འཚོ་བཅུད་ལྟ་བུ་ཡིན་པས་སློབ་མའི་བློ་ཁ་དང་འཚམ་པའི་བསླབ་དེབ་ཡག་པོ་ཞིག་ཡོད་ན།སློབ་མའི་བློ་རིག་དང་ཤེས་བྱ་སོགས་ཕྱོགས་ཡོངས་འཕེལ་རྒྱས་འགྲོ་བ་གདོན་མི་ཟ།དེ་བཞིན་སློབ་མའི་དགའ་ཕྱོགས་དང་མཚར་འཛིན་གྱི་བསམ་བློ་རྨེག་མེད་དུ་མི་གཏོང་ཞིང་སློབ་མ་ལོག་ལམ་དུ་འགྲོ་རུ་མི་འཇུག་པར་རང་ཤུགས་ཀྱིས་འཚར་ལོངས་བྱུང་དུ་འཇུག་རྒྱུ་ནི་ཅི་འདྲའི་གལ་ཆེན་མོ་ཞིག་རེད།དེབ་ཞིག་ལས་གསལ་བ་ལྟར་་མི་རིགས་ཀྱི་མ་འོངས་པའི་འདུན་ལམ་ཅི་འདྲ་ཡིན་མིན་ནི་མི་རིགས་དེའི་བྱིས་པ་དག་གིས་དཔེ་ཆ་ཅི་ཞིག་བཀླགས་རྒྱུ་ཡོད་པ་ལས་ཤེས་ཐུབ་ཅེས་པ་ནང་བཞིན་བྱིས་པའི་སློབ་གསོ་ནི་ཅི་འདྲའི་གལ་ཆེ་བ་ཞིག་རེད་ཨང་སྙམ།

དེ་བཞིན་སློབ་འབྲིང་སྐབས་སུ་ང་ཚོས་ཆབ་སྲིད་དང་ལོ་རྒྱུས།ས་རྒྱུས་དང་རྫས་འགྱུར།རྒྱ་ཡིག་དང་དབྱིན་ཡིགགྲངས་རིག་དང་སྐད་ཡིག་སོགས་མང་པོ་ཞིག་སྦྱང་ནས་ཡོང་ཡང་།ང་ཚོ་ལ་ཤེས་བྱ་འདི་དང་གན་ཟེར་ནས་གཞན་ལ་སྟོན་རྒྱུ་ཕར་ཞོག ཐ་ན་རང་ལ་ཡང་ཕན་ཐོགས་ཀྱིན་ཡོད་པ་མ་རེད།ངས་དེ་ལ་རྒྱུ་རྐྱེན་གཉིས་ཡོད་བསམ།གཅིག་དེ་བསླབ་དེབ་ཀྱི་ཁ་གྲངས་མང་བས།སློབ་མར་འདི་དང་གན་ཞེས་འཛིན་རྒྱུ་ཉག་གཅིག་མེད་སོང་བ་རེད།མེད་སོང་བས་སློབ་མའི་མགོ་ཉོག་སོང་བ་རེད།མགོ་ཉོག་པས་རང་གི་མི་ཚེའི་སྟེང་ཕན་ཆེན་པོ་ཐོགས་པའི་ཤེས་བྱ་སྦྱང་མ་ཐུབ་པ་རེད།ང་ཚོས་རིག་ཚན་དག་བློར་བཟུང་།རྩིས་ཚན་ཡང་ཤུགས་ཀྱིས་བསླབ།ཐ་ན་ལས་བྱ་དང་ཟིན་བྲིས་སོགས་བྲིས་བྲིས་ཡང་ང་ཚོ་ལ་ལས་ཕྱོད་ཅི་ཡང་མེད་པ་དེ་ནི་གནད་དོན་ཆེན་པོ་ཞིག་རེད།དེ་ནི་ཀྲུང་གོའི་སྲོལ་རྒྱུན་སློབ་གསོ་རེད།ང་ཚོས་དེ་ལ་ངེས་ཅན་གྱི་བསྒྱུར་བ་མ་བཏང་ན།ང་ཚོའི་སློབ་གསོ་ནམ་ཡིན་ཡང་རྗེས་ལུས་ཡིན་རྒྱུ་རེད།ང་ཚོའི་བཤད་སྲོལ་ལ་དཔལ་འབྱོར་གྱི་དེ་རིང་གི་གནད་དོན་ཐག་གཅོད་དང་ཆབ་སྲིད་ཀྱི་སང་ཉིན་གྱི་གནད་དོན་ཐག་གཅོད།དེ་མིན་སློབ་གསོས་མ་འོངས་བའི་གནད་དོན་ཐག་གཅོད་བྱེད་ཐུབ་ཟེར་བ་དེ་བཞིན་ང་ཚོས་སློབ་གསོ་གཙིགས་ཆེར་འཛིན་རྒྱུ་ནི་ཤིན་ཏུ་གལ་ཆེ་བ་ཞིག་རེད།ཁ་སང་དེ་རིང་དཔལ་འབྱོར་གོང་འཕེལ་ཕྱིན་པ་ན་དངོས་པོའི་དཔལ་ཡོན་ཤིན་ཏུ་རྒྱས་ནས་འཛམ་པོའི་གླིང་གི་ས་ཆ་སོ་སོར་སྔ་ན་མེད་པའི་འགྱུར་ལྡོག་འབྱུང་བཞིན་ཡོད་པ་རེད།ཡིན་ཡང་ང་ཚོས་གཞུང་ཞབས་པའི་ལས་གནས་འབའ་ཞིག་ལ་དམིགས་ནས་སློབ་མ་ནི་རྒྱུགས་ལེན་སྣོད་ཆས་དང་དགེ་རྒན་ནི་དེ་ལ་དོ་དམ་བྱེད་མཁན།སློབ་གྲྭ་ནི་རྒྱུགས་ལེན་གྲ་སྒྲིག་ཁང་ཞིག་ལ་ངོས་འཛིན་པ་ནི་ཤིན་ཏུ་སྐྱོ་བའི་གནས་ཤིག་རེད།ང་ཚོས་སློབ་གསོ་དམིགས་ཡུལ་ནི་སྔར་ཡོད་ཀྱི་ཤེས་བྱ་སློབ་ཁྲིད་བྱེད་པ་ཙམ་དང་རྒྱུགས་ལེན་པ་ལྟ་བུ་ཞིག་ལ་ངོས་བཟུང་ནས་སློབ་མ་དག་ལ་ངེས་པར་དུ་འདི་ལྟར་བསམ་བློ་གཏོང་དགོས་ཞེས་གཏན་འཁེལ་དང་།མི་ལ་དབྱེ་ཞིབ་ཇི་ལྟར་བྱེད་ཚུལ་འཁྲིད་རྒྱུ་སོགས་ཕར་གཡུག་ནས།འདི་ནི་ལན་ཡིན་ནོ་ཞེས་གཏན་འཁེལ་བཟོ་བཞིན་ཡོད།འདི་ལྟ་བའི་སློབ་གསོའི་བྱས་ཉེས་ནི་སློབ་མའི་བསམ་གཞིགས་གཏོང་སྟངས་ཀྱི་སྒོ་བཀག་སྟེ།འདི་མ་སློབ་གན་མ་སློབ།འདི་ལྟར་བྱོས་དེ་ལྟར་བྱོས་ཟེར་བཞིན་སློབ་མའི་ཤེས་རྒྱ་བསྐྱེད་པར་ལྡོག་ཕྱོགས་ཀྱི་ནུས་པ་མང་པོ་ཐོན་རྒྱུ་ཡོད་པ་རེད།གཅིག་ཤོས་དེ་གང་ཡིན་ཟེར་ན།བསླབ་དེབ་རང་སྟེང་གི་གནད་དོན་རེད།ང་ཚོ་ལ་ལྗོངས་ཞིང་ལྔའི་རྩོམ་སྒྲིག་ཁང་གིས་ལྷན་དུ་བསྒྲིགས་པའི་སློབ་དེབ་མ་གཏོགས་མེད་ལ།ཡིན་པ་དག་ཀྱང་རྒྱུ་སྤུས་མེད་ལ་སློབ་མའི་བློ་ཁ་དང་མི་འཚམ་པ་མང་པོ་ཞིག་ཡོད་པར་མཐོང་།དཔེར་ན་སྐད་ཡིག་ལྟ་བུ་རེད།འགྱུར་རྩོམ་སོགས་ཀྱི་ཤན་ཞུགས་པས་བོད་རང་གི་ཡུལ་སྲོལ་གོམས་གཤིས་དང་མི་གཞི་གུས་ཁ་སོགས་སློབ་མ་ཐུབ་པ་རེད།དེ་ཡང་བོད་ཕྲུག་དག་ལ་བོད་རིགས་ཀྱི་འདུ་ཤེས་མི་འདུག་པའི་རྒྱུ་རྐྱེན་ཡང་དེ་ལ་རག་ལས་པ་ལོས་ཡིན་པ་སྙམ།ཨ་ལགས་དོར་ཞི་ཚང་གིས།བོད་ཡིག་སློབ་གསོའི་གཞི་རྩའི་ཤེས་བྱའི་སློབ་སྦྱོང་ལ་ཤུགས་སྣོན་རྒྱག་དགོས།དེ་ཡང་གཞི་རྩའི་ཤེས་བྱའི་སྐོར་ལ།རྩོམ་རིག་དང་བརྡ་སྤྲོད།སྙན་ངག ཚད་མ།བོད་ཀྱི་ལོ་རྒྱུས།ནང་དོན་རིག་པ་སྤྱི་ཁོག བོད་ཀྱི་རིག་གནས་སྤྱི་ཁོག་བཅས་སྣ་ཁ་བདུན་ངེས་པར་སློབ་དགོས་པའི་ཤེས་བྱའི་ཁོངས་སུ་གཏན་འཁེལ་བྱེད་པ་དང་།གཞི་རྩའི་ཤེས་བྱ་དེ་དག་ཀྱང་ཤེས་བྱའི་རྣམ་གྲངས་ཚང་ཞིང་གཞུང་ལུགས་ཀྱི་ཟབ་ཚད་ངེས་ཅན་ཡོད་པ།སློབ་གྲྭའི་སློབ་ཁྲིད་ཀྱི་ཁྱད་ཆོས་ལྡན་པའི་བོད་ཡིག་སློབ་གྲྭ་མཐོ་རིམ་སྤྱི་མཐུན་གྱི་བསླབ་དེབ་གསར་བ་ཞིག་རྩོམ་སྒྲིག་བྱེད་དགོས་ཟེར་དོན་ཡང་ཏག་ཏག་ང་ཚོའི་སློབ་དེབ་ལ་སྟོང་ཆ་དང་མི་འདང་ས་མང་པོ་ཞིག་ཡོད་པར་བཤད་པ་ལོས་ཡིན་འདོད།དེའི་ཐད་འདིའི་ཁྲོད་ནས་གླེང་བར་བྱ།

དེ་ནས་ང་རང་ཚོ་སློབ་ཆེན་ལ་ཐོན་ཡོང་དུས་ཁོར་ཡུག་གུ་ཡངས་པོ་ཡིན་པ་དང་སྒོས་སུ་སློབ་མ་རང་སྟེང་གི་སྒྲིག་ལམ་སོགས་ཀྱི་ལྕགས་སྒྲོག་གྲོལ་ཡོང་དུས་མང་པོ་ཞིག་ནི་སྒྲོག་ལས་ཤོར་བའི་རྟ་ཕོ་བཞིན་ཅི་ཞིག་བྱེད་དགོས་པ་ཡང་ཤེས་རྒྱུ་མེད་པར་དུས་ཚོད་མང་པོ་ཞིག་རི་གཟར་གྱི་རྦབ་རྡོ་བཞིན་ཤོར་འགྲོ་གྱིན་ཡོད་པ་རེད།ཡང་མང་པོ་ཞིག་ནི་ཕྱིའི་ཟང་ཟིང་དང་ནང་གི་ཁེ་ཕན་སྙན་གྲགས་ཙམ་ལ་ཞེན་ཆགས་ནས་དངོས་པ་དོན་གྱིས་སློབ་སྦྱོང་ཡག་པོ་ཞིག་བྱེད་ཀྱིན་ཡོད་པ་མ་རེད།ཡོད་པ་དག་གིས་ནང་ན་ཡང་གོང་ནས་བཤད་པ་བཞིན་གཞུང་ཞབས་པ་སྡུག་ཐུག་རེ་ལ་ཧེབ་ལངས་ནས་དོན་དངོས་ཀྱི་སློབ་གཉེར་དང་སློབ་གསོའི་མཐར་ཐུག་གི་དམིགས་ཡུལ་འགྲུབ་ཐུབ་རྒྱུ་ཡོད་པ་མ་རེད།གང་གིས་ཞེ་ན་སློབ་ཆེན་གྱི་རྒྱུགས་ལེན་སྟངས་འདི་ལྟ་བུ་རེད།སློབ་ཆེན་སློབ་མ་དག་གིས་ལེ་ལོ་དང་སྒྱིད་ལུག་བྱེད་པའི་ཁམས་དང་མོས་པ་བཞིན་སློབ་གྲྭའི་ཡང་རྒྱུགས་སྐྱིད་པོ་ཞིག་བླངས་འཇོག་པ་རེད།རྒྱུགས་ལེན་ཁང་གི་དགེ་རྒན་ཚོས་ཤོག་གྲངས་ཅིག་ཅིག་ཅིག་གི་སྟེང་ནས་ཐིག་ཤར་ཉིག་ཉིག་ཉིག་ལ་རྟགས་རྒྱོབས།དེ་རྒྱུགས་ཀྱི་ནང་དོན་གཙོ་བོ་ཡིན་ཟེར་རྗེས་སློབ་མ་ཚོས་འང་དགའ་ཀྲོག་ཀྲོག་དང་བརྩོན་པ་ཆེ་མདོག་གིས་བློར་འཛིན་པ་རེད།དགེ་རྒན་རྣམས་ཀྱིས་དུས་རྒྱུན་དེ་ལྟར་བཤད་ཀྱིན་ཡོད་པས་སློབ་མ་ཚོས་འང་དུས་རྒྱུན་འགྲོ་ཐབས་བྱེད་ཀྱིན་ཡོད་པ་རེད།གཞན་ང་ཚོས་དཔེ་ཞིག་བཀོད་ན།སློབ་ཆེན་སློབ་མ་དག་སྔ་དྲོ་ཆུ་ཚོད་དྲུག་དང་ཕྱེད་ཀ་དང་དགོང་མོ་ཆུ་ཚོད་བཅུའི་སྟེང་ཉལ་བར་ཆ་བཞག་ན།དེའི་བར་ན་དུས་ཚོད་མང་པོ་ཞིག་ཡོད་པ་ལས་ཟ་མ་ཟ་ཚད་དང་སློབ་ཁྲིད།དེ་མིན་ངལ་གསོ་སོགས་བླངས་བའི་ཤུལ་ན་དུས་ཚོད་མང་པོ་ཞིག་ལུས་ཡོད་པ་རེད།ཡིན་ཡང་མང་ཤོས་ཤིག་གིས་དུས་ཚོད་དེའི་ནང་དུ་རོལ་རྩེད་དང་དགའ་རོགས་དང་ལྷན་དུ་སྤྲོ་གསེང་གཏོང་བ།གཞན་ཆང་འཐུང་བ་དང་སྐད་འཕྲིན་བསྣོག་པ།དེ་མིན་ཟང་ཟིང་འབའ་ཞིག་ལ་ཆགས་ནས་བསྡད་ཡོད་པ་རེད།དེ་ནི་ང་ཚོའི་སློབ་སྦྱོང་ལ་ལས་ཕྱོད་མེད་པའི་ཐད་ཀའི་རྒྱུ་རྐྱེན་རེད།གཞན་ང་ཚོའི་བསླབ་དེབ་ནི་ང་ཚོའི་སློབ་གསོ་ལ་ལས་ཕྱོད་མེད་པའི་རྒྱུ་རྐྱེན་གཙོ་བོ་ཞིག་རེད་འདོད།ང་ཚོའི་སློབ་དེབ་ནི་ང་ཚོའི་སྐད་རིགས་ཐབས་ཆག་ཅིག་སྦྱོང་བྱེད་ལས་རིག་གནས་སྦྱང་བྱེད་ཅིག་མ་རེད་འདོད།རྒྱུ་མཚན་ང་ཚོས་ད་ལྟའི་བར་དུ་སྦྱངས་བ་ཡིན་མོད།སྦྱངས་ནས་སློབ་མཐར་ཕྱིན་དུས་མང་པོ་ཞིག་གི་ཀུན་སྤྱོད་ནི་མི་ཡགབསམ་བློ་ཡང་མེད།གནས་ལུགས་མི་ཤེས།འཛམ་གླིང་གི་འགྲོ་ཕྱོགས་ཡང་མི་ཤེས་པ་རེད།དེ་ང་ཚོའི་བསླབ་དེབ་ལ་རག་ལས་པ་རེད།རྐྱེན་དེ་འདྲ་ཞིག་གིས་བསླབ་དེབ་ཚད་ལྡན་ཞིག་བསྐྲུན་རྒྱུ་ནི་སློབ་གསོའི་དགོས་གལ་ཆེན་པོ་ཞིག་རེད།དཔེར་ན་བསླབ་དེབ་ཀྱི་ནང་དུ་ནང་ཆོས་ཀྱི་ཤེས་བྱ་ཕྲན་བུ་ཞིག་འཇོག་པར་ཆ་བཞག་ན།དེ་ཤིན་ཏུ་ཡག་པོ་ཞིག་རེད།དཔེ་གཉིས་བཀོད་ན།དེང་སང་འཛམ་བུ་གླིང་ན་ནང་བསྟན་འདི་ཉིད་རིན་པོ་ཆེ་གཅིག་པོ་ལ་འཇོག་གིན་ཡོད་པ་རེད།དེ་རྒྱུ་མཚན་ཞིག་གི་སྟེང་ནས་འགྲེལ་ན།འཛམ་གླིང་གི་ཚན་རིག་པ་དང་སློབ་གསོ་བ།དེ་མིན་ཆོས་ལུགས་པ་སོགས་རི་བོ་ཆེན་པོ་ཞིག་གི་སྟེང་དུ་འཛེགས་དགོས་པར་ཆ་བཞག་ན།སློབ་གསོ་བ་དང་ཚན་རིག་པ་ཚོས་དཀའ་ལས་དང་འབད་བརྩོན་བྱས་བྱས་ནས་རི་བོའི་རྩེ་མོར་བུད་དེ་གཅིག་བལྟས་དུས།ཆོས་ལུགས་པ་རྣམས་ཀྱི་དེ་ལས་ཡན་ན་བསྒུགས་ནས་བསྡད་འདུག་ཅེས་ཀྲུང་གོའི་དངོས་ཁམས་རིག་པ་བ་ཞིག་གི་དཔེར་བཀོད་ཡོད་པ་དེ་ལྟ་བུ་རེད།ཡང་མཁན་ཆེན་ཚུལ་ཁྲིམས་ཚང་གི་དེབ་ཞིག་གི་ཁྲོད་ན་གསལ་བ་ལྟར།མི་ཞིག་གསོན་པོ་ནས་ཤི་བོར་གྱུར།ཤི་བོ་ནས་ཡང་བརྒྱུད་རིམ་མང་པོ་ཞིག་བརྒྱུད་པ་སོགས་ར་སྤྲོད་དགོས་ན་འཛམ་གླིང་ན་དཔེ་ཆ་རེ་གཉིས་ལས་མེད་པ་དང་།ཆ་ཚང་ཡོངས་སུ་སྟོན་ཐུབ་མཁན་བོད་ཀྱི་བར་དོའི་ཐོས་གྲོལ་ཆེན་མོ་རེད་ཅེས་ནུབ་ཕྱོགས་པ་ཚོས་བཤད་ཀྱིན་པ་རེད།ཡིན་ཡང་ང་ཚོས་ཐོས་གྲོལ་ཟེར་ན་བླ་མ་ཚོས་འདོན་རྒྱུ་རེད།དེ་ཅི་བྱེད།ང་མི་ཤི་ས་ལ་འགྲོ་མི་དགོས་ཟེར་ནས་བསྡད་ཡོད་པ་སོགས་ནི་བླུན་རྨོངས་ཀྱི་རྟགས་ཤིག་མ་རེད་དམ།གཞན་ཁ་སང་དེ་རིང་ང་ཚོས་གླེང་གྱིན་པའི་ཁྲིམས་ལུགས་དང་དམངས་གཙོ།དེ་མིན་བདེ་སྐྱིད་རྙེད་ཐབས་སོགས་ཀྱི་མཚོན་པའི་མང་པོ་ཞིག་རྙེད་དགོས་པའི་གཞུང་ལུགས་ཤིག་ཡོད་དགོས་ན་ནང་བསྟན་འདི་ལས་ཡོད་པ་མ་རེད།ངས་ཁྲིམས་ཟེར་པ་ལས་རྒྱུ་འབྲས་ལ་འཇོག་གིན་ཡོད།ལས་རྒྱུ་འབྲས་ཀྱི་ཡན་ན་ཁྲིམས་ཤིག་ཡོད་པ་མ་རེད།བཅོམ་ལྡན་འདས་ཀྱི་དགོངས་པ་ངོ་མ་དེ་དམངས་གཙོ་རེད།དེའི་ཡན་ན་དམངས་གཙོ་ཞིག་ཡོད་པ་མ་རེད།ངས་དེ་ལྟར་སྙན་གྱིན་ཡོད།གལ་སྲིད་ང་ཚོའི་འགྲོ་འདུག་སྤྱོད་གསུམ་ལ་བདག་པོ་རྒྱག་ཐུབ་པའི་གཞུང་ལུགས་ཤིག་ཡོད་དགོས་ན་ནང་བསྟན་ལས་ཡོད་པ་མ་རེད།དེ་ལྟ་བུ་རེད།གཞན་ཞིག་གི་ངོས་ནས་གླེང་ན་བོད་ཀྱི་སྲོལ་རྒྱུན་རིག་གནས་གཏིང་ཟབ་མོ་ཡོད་ས་དེ་དགོན་པར་གྱུར་ཡོད་པ་རེད།ཡིན་ཡང་རྗེས་མ་ཤེས་པ་མ་རེད།ཁྲ་ཁྲ་རིག་རིག་གིས་མིག་བསླུས།ཞིམ་པོ་མངར་མོ་ཡིས་ཁ་མངར་བའི་དུས་རབས་འདི་ལྟ་བུར་མཚོན་ན།རབ་ཏུ་བྱུང་མཁན་ཤིན་ཏུ་དཀོན་མོ་རེད།དེ་ལྟར་གྱུར་ན་དགོན་པའི་ནང་ནས་སློབ་སྦྱོང་བྱེད་རྒྱུ་དེ་ཅུང་ཟད་ཉམས་རྒུད་དུ་འགྲོ་རྒྱུ་རེད།དེའི་དུས་སུ་སློབ་གྲྭ་བ་རྣམས་ལ་རག་ལས་པ་རེད།གཅིག་བྱས་ན་འདི་རྒྱལ་ཁབ་ཀྱི་ཁྲིམས་དང་མཐུན་པ་ཞིག་རེད།དེ་བས་ང་ཚོས་ནང་ཆོས་ལ་སྲུང་སྐྱོབ་བྱེད་དགོས་པ་རེད།དེ་ནི་མི་སྒེར་དང་མི་རིགས།རྒྱལ་ཁབ།ཐ་ན་འཛམ་གླིང་ལ་ཡང་སྲུང་སྐྱོབ་བྱེད་པ་ལྟ་བུ་ཞིག་ཡིན།རྒྱུ་མཚན་ངས་གོང་ན་བཤད་ཡོད།དེ་བས་ང་ཚོས་ལས་ཕྱོད་མེད་པའི་བྱེད་ལས་འདི་དག་དོར་ན་རེད།ང་ཚོས་ནང་ཆོས་སོགས་ལ་སློབ་གཉེར་བྱེད་པ་དེ་ཟས་ཟོས་ཏེ་ཕོ་བ་རྒྱགས་པ་ལྟ་བུ་རེད།རང་རང་གི་དགའ་ཕྱོགས་དང་སྙན་ངག་འབྲི་བ་སོགས་ནི་ཇ་ཞོར་གྱི་ཇ་འཐུང་བ་ལྟ་བུ་རེད།ཟ་མ་རྒྱགས་ཆད་པ་ཟས་རྗེས་ཇ་འཐུང་ན་ཞིམ་པ་དེ་བཞིན་རེད།ཇ་ཁོ་ན་འཐུང་ན་ཕོ་བ་རྒྱགས་ཐུབ་པ་མ་རེད།དེ་ཤུགས་ཀྱི་གནས་ལུགས་ཚང་མས་ཤེས་གསལ་རེད།དེ་བས་ཚད་ལྡན་གྱི་གཞུང་ལུགས་དང་ཚད་ལྡན་གྱི་སློབ་གསོ་མྱོང་རྒྱུ་གལ་ཆེ་བ་ཡིན་ལ།དེ་ལྟར་ཡོང་དགོས་ན་རྩ་བའི་རྩ་བ་བསླབ་དེབ་ལ་རག་ལས་པ་རེད།བསླབ་དེབ་ཇི་ལྟར་བསྒྲིག་དགོས་པ་ངས་གོང་ནས་ཨ་ལགས་དོར་ཞི་ཚང་གི་གསུངས་ཤིག་དྲངས་ཡོད་པ་དེ་བཞིན་ནོ།།

གནད་གཉིས་པ་དེ་དགེ་རྒན་རྣམས་པ་རེད།སློབ་གསོའི་འཕེལ་རྒྱས་ནི་སློབ་གྲྭ་དང་སློབ་གྲྭའི་འཕེལ་རྒྱས་ནི་དགེ་རྒན་ལ་རག་ལས་པ་རེད།དགེ་རྒན་གྱི་དཔུང་སྡེ་ལེགས་པོ་ཞིག་མ་ཡོང་ན་སློབ་གསོ་དར་རྒྱས་སུ་འགྲོ་ཐབས་མེད་པ་རེད།ང་རང་སློབ་མ་ཞིག་ཡིན་པས།ངས་དགེ་རྒན་ཚོའི་བཟང་ངན་བཤད་ན་འོས་པ་མ་རེད།དགེ་རྒན་ཇི་ལྟ་བུ་ཞིག་ཡིན་དགོས་པ་དགེ་རྒན་ལྕགས་ཐར་རྒྱལ་ཚང་གི་གསུངས་བཤད་རེ་རེ་ལས་ང་ཚོས་ཤེས་ཐུབ་པ་རེད།དེ་གཙོ་བོ་ཞིག་རེད།གཞན་གཞི་རིམ་ས་ཁུལ་སོགས་ན་ཆེད་ལས་དགེ་རྒན་གྱི་འདང་གིན་མེད་པ་དེ་གནད་དོན་ཞིག་རེད།སློབ་མ་ཚོར་སློབ་དེབ་རྐྱང་བ་ཁྲིད་ན་སྤྲོ་སྣང་ཡོང་ཐུབ་ཀྱིན་ཡོད་པ་མ་རེད།དེ་གནད་དོན་ཚབས་ཆེན་ཞིག་རེད།ང་ཚོས་སློབ་མའི་ཕྱོགས་ཡོངས་ཀྱི་འཕེལ་རྒྱས་ལ་དོ་ཁུར་བྱ་དགོས།དེ་འདྲ་མིན་ན་བསླབ་དེབ་དང་ལས་བྱ།བློར་འཛིན་ལྟ་བུའི་སློབ་མ་རྣམས་བདེ་ཐང་དང་འཕེལ་རྒྱས་ངང་འཚར་ལོངས་བྱུང་རྒྱུ་དཀའ་མོ་རེད།ལས་ཕྱོད་ཡོད་པའི་སློབ་གསོ་ཞིག་ཡོད་དགོས་ན་ལྷག་བསམ་ཅན་གྱི་དགེ་རྒན་དང་ཆེད་ལས་ཅན་གྱི་དགེ་རྒན་དགོས་པ་ནི་ཅི་འདྲའི་གལ་ཆེན་ཞིག་རེད།གནད་གཉིས་པ་འདི་ཙམ་གྱིས་འཐུས་པར་བྱ།

མདོར་དེད་ན།མི་རིགས་ཤིག་གི་འཕེལ་རྒྱས་ནི་སློབ་མ་དང་ན་ཆུང་རྣམས་ལ་རག་ལས་ཤིང་དེ་རྣམས་དགེ་རྒན་དང་བསླབ་དེབ་ལ་རག་ལས་པས་དེ་གཉིས་གཙིགས་ཆེར་འཛིན་རྒྱུ་ནི་སློབ་གསོའི་གནད་དམ་པ་ཡིན་ནོ།།