༄༅།།བར་ཁམས་དཀར་ཤོད་དཀར་དངུལ་རྔོག་རྩེ་རི་ཁྲོད་ཀྱི་ལོ་རྒྱུས་མདོར་བསྡུས་དྲང་སྲོང་ངག་གི་རོལ་མོ་ཞེས་བྱ་བ་བཞུགས་སོ། །

165/545

 

 

 

སྙིང.གསོན་པོ། སོག•དཀར་ཤོད།

 

 

སྣང་སྲིད་ལྷ་ཡི་འཁོར་ལོར་ཡོངས་ཤར་ཞིང་། །

བདེ་སྟོང་སྒྱུ་མའི་རྩེད་འཇོར་རྟག་རོལ་པའི། །

རིག་འཛིན་གྲུབ་པའི་དཔའ་བོ་རླངས་ཀྱི་རྒྱུད། །

བྱང་ཆུབ་འདྲེ་བཀོལ་ཡབ་སྲས་དུས་ཀུན་མཆོད། །

མཐའ་འཁོབ་ཐུབ་བསྟན་སྤྱི་དང་ཁྱད་པར་དུ། །

མཐའ་དྲུག་ཚུལ་བཞི་ཕྱག་རྒྱ་དཀྲོལ་བ་དང་། །

མཐའ་བྲལ་ལྟ་བའི་ལམ་བཟང་གསལ་མཛད་པའི། །

མཐའ་འཛིན་རྒྱ་གྲོལ་ཙོང་ཁ་པ་དེར་བསྟོད། །

ཚངས་སྲས་ལྷ་མོ་མགྲིན་པའི་རྒྱན་འཆང་ཞིང་། །

བར་ཁམས་འཇམ་མགོན་བསྟན་པའི་ཤིང་རྟ་ཆེ། །

ངག་རིག་སྨྲ་བའི་དབང་ཕྱུག་ཞང་ཞུང་བ། །

ཆོས་དབང་གྲགས་པའི་དཔལ་དེར་སུས་མི་དད། །

སྐྱབས་གཅི༷ག་ངག༵་གི་དབ༵ང་ཕྱུག་མི་ཡི་གར། །

དོན་གཉི༷ས་མཐར་སོན་བློ་བཟང་རྒྱལ་བའི་སྲོལ། །

བསླབ་གསུ༷མ་ལུང་རྟོགས་དྲི༵་མེད༵་རྣམ་ཐར་སྐྱོང་། །

སྐུ་བཞི༷འི་བདག་ཉིད་ཆེན་པོར་དད་ཕྱག་འབུལ། །

ལྷ་སྲིན་བག་མེད་རྒྱུ་བའི་དཀར་དངུལ་མདོ། །

ཅང་ཤེས་གཞོན་ནུའི་ཟེ་བར་གནས་འཆའ་ཞིང་། །

རིགས་འཛིན་རྣལ་འབྱོར་གྲུབ་རྟགས་ངོམས་པའི་སྡེ། །

རྔོག་རྩེ་རི་ཁྲོད་ལོ་རྒྱུས་འགོད་ལ་སྤྲོ། །

ཞེས་མཆོད་པར་བརྗོད་པ་དང་རྩོམ་པར་དམ་བཅའ་བའི་རིམ་པ་མུ་ཐི་ལིའི་ཕྲེང་བ་སྔོན་དུ་བཏང་ནས་སྐབས་སུ་བབས་པ་གང་ཞིག་གླེང་འདོད་པ་ནི། བར་ཁམས་དཀར་ཤོད་ཡུལ་གྱི་ལུང་མདོ་དཀར་དངུལ་རྔོག་རྩེ་རི་ཁྲོད་ཀྱི་ལོ་རྒྱུས་མདོ་ཙམ་འཆད་པ་ལ་བཞི། ཐོག་མར་ལྷ་རིགས་རླངས་ཀྱི་རྒྱུད་དུ་འཁྲུངས་པའི་ཨ་མྱེས་བྱང་ཆུབ་འདྲེ་བཀོལ་ཡབ་སྲས་ཀྱིས་གནས་གཞི་བཏིང་ནས་སྒྲུབ་པ་མཛད་ཚུལ་དང་། སྡེ་སྲིད་ཕག་གྲུ་བས་གནས་དེར་སྲིད་འཛིན་གྱི་རྫོང་གཞིས་བཙུགས་པ་དང་། འཇམ་མགོན་བླ་མའི་ཐུགས་སྲས་ཞང་ཞུང་བས་ཞྭ་སེར་པར་བསྒྱུར་བའི་སྐོར། གོང་ས་༸ ལྔ་པ་ཆེན་པོས་དཀར་ཤོད་དགའ་ལྡན་ཆོས་འཁོར་གླིང་གི་མངའ་ཁོངས་སུ་བཅུག་པའི་སྐོར། རིག་གསར་སྐབས་འཐོར་ཞིག་ཏུ་ཕྱིན་པ་རྣམས་མཁན་ཆེན་རྡོ་རྗེ་འཆང་རྗེ་བཙུན་བླ་མ་ངག་དབང་དྲི་མེད་དཔལ་བཟང་པོས་གཙོ་སྐྱོང་འོག་ཉམས་གསོ་བྱས་པའི་སྐོར་ཏེ་ས་བཅད་བཞི་རུ་འཕྱེ་ནས་གླེང་བར་བྱའོ། །

དང་པོ།

(ལྷ་རིགས་རླངས་ཀྱི་རྒྱུད་དུ་འཁྲུངས་པའི་ཨ་མྱེས་བྱང་ཆུབ་འདྲེ་བཀོལ་ཡབ་སྲས་ཀྱིས་གནས་གཞི་བཏིང་ནས་སྒྲུབ་པ་མཛད་ཚུལ་ནི།)

ཐོག་མར་རི་ཁྲོད་འདི་ཉིད་གང་དུ་ཆགས་པའི་གནས་ནི་མདོ་སྟོད་ཤོད་ཆེན་བཅོ་བརྒྱད་ཀྱི་ཡ་གྱལ། དཀར་ཤོད་ས་ཡི་སྣེ་མོ།དྭངས་གཙང་ཡན་ལག་བརྒྱད་ལྡན་གྱི་ཆུ་བོ་རྒྱལ་མོ་དངུལ་ཆུ་དང་། བསིལ་ལྡན་དཀར་ཆུ་སྔོན་མོ་ཟུང་དལ་གྱིས་འབབས་པའི་འདུས་མདོ། གཡུ་ལོས་མཛེས་པའི་རྐང་འཐུང་གི་ལྗོན་པ་ཚང་ཚིང་དུ་འཁྲིགས་པའི་ནགས་ཚལ་གྱི་གསེངས་ནས་གཉིས་སྐྱེས་ཚོགས་ཀྱིས་གསུང་སྙན་སྒྲོག་ཅིང་། རྩ་ཆེའི་རི་དྭགས་དང་གཅན་གཟན་སྣ་ཚོགས་བག་ཕེབས་སུ་གནས་ཤིང་། ས་དབྱིབས་མགྱོཌ་འགྲོ་དགུང་དུ་མཆོངས་འདྲའི་ཟེ་བ་ལྟ་བུར། དགོན་པའི་ཚོགས་གཏམ་ཞལ་རྒྱུན་དུ། རི་གསུམ་ཐོད་པ་གཏུགས་འདྲ། ཆུ་གཉིས་འཆར་ཀ་བསྡམ་འདྲ། རི་བཟང་པོ་རྟ་ཡི་རྔོག་མ་ལྟ་བུའི་སྟེང་དུ།དགོན་བཟང་པོ་ནོར་བུའི་ཏོག་རྒྱབ་པ་ལྟ་བུ། ཞེས་པའི་གནས་དེར་སྣང་སྲིད་དག་པ་རབ་འབྱམས་ལྷ་ཡི་འཁོར་ལོར་ཤར་ཞིང་། བདེ་སྟོང་སྒྱུ་མའི་རྩེད་འཇོ་ལ་དུས་རྟག་ཏུ་རོལ་བའི་ནུས་ལྡན་རྣལ་འབྱོར་གྱི་དབང་པོ། ལྷ་སྲིན་བྲན་དུ་བཀོལ་བའི་རིག་འཛིན་གྲུབ་པའི་དཔའ་བོ་རླངས་ཨ་མྱེས་བྱང་ཆུབ་འདྲེ་བཀོལ་ལམ་བྱང་ཆུབ་རྡོ་རྗེ་དེ་ཉིད་དུས་རབས་བདུན་པའི་སྟོད་ཙམ་ལ་ཁམས་ཁུལ་འདིར་ཕེབས་ཚུལ་རླངས་ཀྱི་པོ་ཏི་བསེ་རུ་སོགས་ན་གསལ་བས་སྒྲུབ་གནས་འདི་ཉིད་ཀྱང་སྐབས་དེར་ཕྱག་བཏབས་པ་འདྲ་སྟེ། པོ་ཏི་བསེ་རུ་ལས། “དགུང་ལོ་བརྒྱད་ཅུ་རྩ་བརྒྱད་ཀྱི་ཐོག་ཏུ་”ཞེས་པ་ནས། “དེ་ནས་ཟེར་མ་རླུང་གི་རྟ་ལ་ཆིབས་ནས། ཡུད་ཙམ་ཞིག་ལ་དབུས་སུ་བྱོན། དབུས་ཀྱི་ཇོ་བོ་བྱིན་རླབས་ཞུས།ཉི་མ་དགོང་ལ་སོག་ལ་བྱོན། སོག་ཤོད་མཚལ་མོ་གླིང་ལ་བྱོན། བྱང་གི་ཨ་ངུ་གོང་ལྷོའི་ཤོད་བརྒྱད་གོང་ཆུ་ལ་བྱོན།” ཞེས་དང་། “དེ་ནས་རྫང(རྫོང)་གི་ཡུལ་ལ་སྲས་ཁྲིད་ནས་བྱོན་ནོ། །ཚ་བོ་ཆེ་བའི་རྩར་བྱོན་པ་ན། དཀར་ཤོད་དཀར་རུ(རྔུ)་ན་གདན་དྲངས་ནས་སྟོན་མོ་དྲངས།” ཞེས་དང་། ཡང་དེ་ཉིད་ལས། “ཁོང་སྡེ་གཉིས་བཞག་ནས་ཡུལ་ལ་བྱོན། དཀར་ཤོད་དཀར་ངུར(རྔུར)་བཞུགས་ནས། བུ་དང་ཚ་བོ་རྣམས་ལ་རང་ཉམས་ཞལ་ཏ་མཛད།” ཅེས་སོགས་ལ་དཔག་ན་ (ཕྱི་ལོ816)ལོར་བྱང་ཆུབ་འདྲེ་བཀོལ་དགུང་གྲངས88ཕེབས་སྐབས་སླར་ཡང་དཀར་ཤོད་ཁུལ་དུ་ཕེབས་པ་དང་དཀར་རྔུ་རྔོག་རྩེ་རི་ཁྲོད་ཀྱང་སྐབས་དེའི་སྔ་རིལ་ནས་ཁོང་གི་སྲས་ཆེ་བ་སུམ་པའི་རུ་དཔོན་ཆེན་མོ་རླངས་དཔལ་གྱི་སེངྒེས་ཕྱག་བཏབ་པར་མངོན་ནོ། །

མཚམས་འདིར་རླངས་བྱང་ཆུབ་འདྲེ་བཀོལ་གྱི་རྣམ་ཐར་འཁྲུལ་སྤོང་གི་ཚུལ་དུ་ཅུང་ཟད་འཆད་ན། རླངས་བྱང་ཆུབ་འདྲེ་བཀོལ་ནི་བོད་ས་འབྲུག (ཕྱི་ལོ728) ལོར་འཁྲུངས། དགུང་གྲངས88པ་བོད་མེ་སྤྲེལ་ (ཕྱི་ལོ816ལོར་བར་ཁམས་ཁུལ་གྱི་ནགས་སོག་དཀར་གསུམ་ལ་འབྱོན་ཐེངས་གཉིས་པ་བྱོན། བོད་མེ་འབྲུག་ (ཕྱི་ལོ836) ལོར་མྱ་ངན་ལས་འདས་པར་བཤད་ན་མཚམས་ཤོས་སུ་སྣང་ངོ་། །གང་ཞེ་ན། མཁས་དབང་ཚེ་ཏན་ཞབས་དྲུང་དང་ཆབ་སྤེལ་བ་སོགས་ཀྱིས་བྱང་ཆུབ་འདྲེ་བཀོལ་གྱི་འདས་ལོའི་མེ་འབྲུག་དེ་རབ་བྱུང་དང་པོའི་མེ་འབྲུག་ (ཕྱི་ལོ1076) ལོར་བཞག་པ་ནི་གླིང་གེ་སར་དང་དུས་འགྲིག་ཐབས་ཙམ་ལས་ཁུངས་མེད་པ་ཞིག་སྟེ། རྗེ་འབངས་ཉེར་ལྔའི་ནང་གི་རླངས་དཔལ་གྱི་སེངྒེ་ནི་ཡབ་རླངས་བྱང་ཆུབ་འདྲེ་བཀོལ་དང་ཡུམ་བཙུན་མོ་དཀར་ལྡན་གྱི་སྲས་སུ་དཀར་ཤོད་དུ་འཁྲུངས་པ་དང་། སྲས་གསུམ་གྱི་ཆེ་བ་ཡིན་པ། སུམ་པའི་ཡུལ་དུ་བན་ཆོས་གསར་གཏོད་གནང་མཁན་ཡིན་པ་སོགས་ནི་པོ་ཏི་བསེ་རུ་དང་། སྦ་བཞེད་སོགས་བཀའ་གསར་རྙིང་གི་ཆོས་འབྱུང་ཀུན་ལ་རླུང་ལྟར་གྲགས་ཅིང་། མ་ཟད་བོད་རྒྱལ་ཁྲི་སྲོང་སྡེ་བཙན་གྱི་སྐབས་སློབ་དཔོན་པདྨས་སྒྲུབ་པ་བཀའ་བརྒྱད་ཀྱི་དཀྱིལ་འཁོར་ཞལ་ཕྱེས་ཤིང་རྗེ་འབང་ཉེར་ལྔ་དང་བཅས་པས་སོ་སོས་མེ་ཏོག་དཀྱིལ་འཁོར་ལ་གཏོར་དུས། དཔལ་སེང་གི་མེ་ཏོག་འཇིག་རྟེན་མཆོད་བསྟོད་ཀྱི་དཀྱིལ་འཁོར་ལ་ཕོགས་པས་དྲེགས་པའི་བཀའ་བབས་ཚུལ་བདུད་འཇོམ་ཆོས་འབྱུང་སོགས་ན་གསལ་བས་དེ་ལྟར་བཤད་ན་མཐུན་ཆེ་སྙམ། ཁ་ཅིག་གིས། འོ་ན་ཁྱོད་ཀྱི་བཤད་པ་དེ་སྔོན་གྱི་ལོ་རྒྱུས་དང་རྣམ་ཐར། དེང་གི་ཆོས་འབྱུང་དག་དང་འགལ་འདུག་པས་མི་འཐད་དོ་ཞེ་ན། སྐྱོན་མེད་དེ། ཇི་སྐད་དུ། དཔལ་ཆོས་ཀྱི་གྲགས་པས། དེ་ན་རབ་གྲགས་དོན་དག་ལ། །བསྟན་བཅོས་དོར་ཀྱང་ཉེས་པ་མེད། ཅེས་གསུངས་པའི་ཕྱིར་རོ། །

གཉིས་པ།

(སྡེ་སྲིད་ཕག་གྲུ་བས་གནས་དེར་སྲིད་འཛིན་གྱི་རྫོང་གཞིས་བཙུགས་པ་དང་། འཇམ་མགོན་བླ་མའི་ཐུགས་སྲས་ཞང་ཞུང་བས་ཞྭ་སེར་པར་བསྒྱུར་བའི་སྐོར།)

ད་ནི་དཀྱུས་ལ་འཇུག་པར་བྱ་སྟེ། དེ་རྗེས་དུས་རབས་བཅུ་བཞི་པའི་ནང་དུ་སྡེ་སྲིད་ཕག་མོ་གྲུ་པ་མི་དབང་གྲགས་པ་རྒྱལ་མཚན་གྱི་སྐབས་སུ་སྔར་གྱི་ལྷ་ཁང་དེ་སྲིད་འཛིན་གྱི་རྫོང་ལ་བསྒྱུར་ནས་རྔོག་རྩེ་རྫོང་ཞེས་ཁུལ་དེའི་སྲིད་འཛིན་གྱི་ལྟེ་གནས་ཞིག་ཏུ་གྱུར། དེ་རྗེས་འཇམ་མགོན་རྒྱལ་བ་གཉིས་པའི་དངོས་སློབ། རྣམ་དཔྱོད་ཕུལ་དུ་བྱུང་བའི་མཁས་པ་ཞང་ཞུང་བ་ཆོས་དབང་གྲགས་པའི་དཔལ་གྱིས་རྫོང་དེ་སླར་ཡང་ལྷ་ཁང་དུ་བསྒྱུར་ནས་དམ་ཅན་སྐྱེས་བུ་ཆེན་པོའི་བསྐང་གསོ་གསར་འཛུག་ཐོགས། རི་བོ་དགེ་ལྡན་པའི་ཆོ་ག་ཆོས་སྤྱོད་ཁག་གཅིག་གསར་འཛུག་བྱས་ནས་དགེ་ལྡན་རིང་ལུགས་འཛིན་པའི་དགོན་གནས་སམ་མགོན་ཁང་གསར་བཞེངས་བྱས་ཚུལ་རྒན་རབས་དག་གི་ངག་རྒྱུན་ན་འདུག །

གསུམ་པ།

(གོང་ས་༸ལྔ་པ་ཆེན་པོས་དཀར་ཤོད་དགའ་ལྡན་ཆོས་འཁོར་གླིང་གི་མངའ་ཁོངས་སུ་བཅུག་པའི་སྐོར།)

དེ་རྗེས་དུས་རབས་བཅུ་བདུན་པའི་ནང་གོང་ས་སྐྱབས་མགོན་ལྔ་པ་ཆེན་པོས་དགའ་ལྡན་ཕོ་བྲང་གི་ལུགས་གཉིས་ཀྱི་ཐུགས་འགན་བཞེས་པའི་སྐབས་སུ་སྔར་གྱི་ལྷ་ཁང་དེ་ཉིད་ཞུགས་ཀྱིས་ཚིགས་པ་ན་དཀོར་བདག་དམ་ཅན་སྐྱེས་བུ་ཆེན་པོ་དེ་ཉིད་མིར་བརྫུས་ཏེ་རྔོག་རྩེ་ལྷ་ཁང་མེས་འབར་བའི་ལོ་རྒྱུས་རྣམས་གཞུང་ས་མཆོག་གི་གསེར་སྙན་དུ་སྒྲོན་པས་གཞུང་ས་ནས་སྔར་གྱི་ལྷ་ཁང་གི་གོང་དེར་རྔོག་རྩེ་དགོན་སླར་ཡང་བསྐྱར་བཞེངས་བྱས་ནས་ལྷ་ཁང་ཐོགས་སོ་གཉིས་ལྡན་ཀ་བ་བཅུ་ལྷག་གི་རྒྱ་ཁྱོན་དང་དེ་བཞིན་རུང་ཁང་དང་གྲྭ་ཤག་བཅས་བཞེངས་ནས་འགྲོ་འགྲོན་ཡོངས་རྫོགས་གཞུང་ནས་གཏོང་ཐོག །

བཀའ་རྟེན་བསྩལ་དོན། རྔོག་རྩེ་དགོན་དེ་ཉིད་དཀར་ཤོད་དགའ་ལྡན་ཆོས་འཁོར་གླིང་གི་མངའ་ཁོངས་སུ་བསྒྱུར་ནས་ཆོས་འཁོར་དགོན་གྱི་དགེ་སློང་ལུང་རྟོགས་ཀྱི་ཡོན་ཏན་མཐོ་ཤོས་ཞིག་ནས་དགོན་འདིའི་གཙོ་འགན་བཞེས་དགོས་ཚུལ་དང་དགེ་སློང་དེ་ལ་རྫོང་དཔོན་གྱི་གོ་གནས་དང་ཆོ་ལོ། རྒྱ་བོད་རྟ་རྨིག་གར་འཁོར་ལ་འབུལ་བསྡུད་འགྲོ་ཆོག་པའི་ལམ་ཡིག།དེའི་སྐབས་སུ་རང་རྟ་ཁྲིད་ནས་ཡོད་ན་སྦྱིན་བདག་ནས་རྟ་གླ་སྤྲོད་དགོས་ལུགས། འབུལ་བའི་ཚད་ནི་ཉིན་ཕྱུར་ཉིན་མར་དང་། ཤ་བལ་ཁལ་རྩིད་ཆ་ཚང་རེ་འབུལ་དགོས་ལུཌ། མཆོད་སྡེ་དབའ་དཀར་ཤུག་གསུམ་ནས་ཞབས་ཞུ་ཚད་མེད་ཞུ་དགོས་ལུགས་སོགས་འཁོད་པའི་བཀའ་རྟེན་དེར་བཀའ་རྟེན་དམ་ཞུས་མ་ཞེས་འབོད་སྲོལ་ཡོད། བཀའ་རྟེན་དེ་ཉིད་རིག་གསར་གྱི་རླུང་དམར་ནང་བརླག་འདུག །དུས་རབས་བཅུ་བདུན་པའི་དུས་མཇུག་ཙམ་ལ་རིགས་འཛིན་ཉི་མ་གྲགས་པས་རྔོག་རྩེ་དགོན་གྱི་ཉེ་སྐོར་དཀར་རྔུ་སུམ་མདོར་ཁང་བརྩེཌ་མཆོད་རྟེན་བཅུ་ཕྲག་ཁ་ཤས་བཞེངས་ཡོད་སྐད་འདུག་ལ་མཆོད་རྟེན་ཁ་ཤས་ཀྱི་ཞིག་རོ་ད་ལྟའང་སྡད་འདུག །སྔར་གྱི་ལྷ་ཁང་མེས་ཚིགས་པའི་ཤུལ་དེར་ད་ལྟའང་ལྷ་ཁང་རྙིང་པའི་ཁ་ཟེར་སྲོལ་ཡོད། བོད་རབ་བྱུང་༡༦པའི་མེ་ཁྱི་(ཕྱི་ལོ1947ལོར་ཆོས་འཁོར་དགོན་པས་སླར་ཡང་རྔོག་རྩེའི་ལྷ་ཁང་ཞིག་གསོ་མཛད་པ་དང་། དུས་འགྱུར་ཡར་སྔོན་ལ་རི་ཁྲོད་འདི་ན་ཆོས་འཁོར་དགོན་པའི་དགེ་སློང་དམ་པའི་ལྷ་ཆོས་ལ་མཁས་པའི་སྙན་གྲགས་ཆེ་ཞིང་རྟོགས་པ་མངོན་གྱུར་ཆུང་རྒྱུད་ངག་དབང་ཡོན་ཏན་དང་། ཟི་ལིང་བསམ་གཏན། སོག་པ་མཁྱེན་བརྩེ་ཟེར་བ་སོགས་ལོ་མང་རིང་བཞུགས་མྱོང་ཡོད་ལ། འཇིག་རྟེན་མི་ཆོས་ལ་འགྲན་པའི་ཟླ་དང་བྲལ་བ་རྡོ་བ་བསྟན་འཛིན་ལེགས་བཤད་ཀྱང་རི་ཁྲོད་འདིར་ལོ་མང་བཞུགས་པར་གྲགས། རིག་གནས་གསར་བརྗེ་ཆེན་མོའི་སྐབས་སུ་རྒྱལ་ཡོངས་སྤྱི་དང་འདྲ་བར་གོད་ཆག་ཏུ་ཕྱིན་འདུག །

བཞི་པ།

(རིག་གསར་སྐབས་འཐོར་ཞིག་ཏུ་ཕྱིན་པ་རྣམས་མཁན་ཆེན་རྡོ་རྗེ་འཆང་རྗེ་བཙུན་བླ་མ་ངག་དབང་དྲི་མེད་དཔལ་བཟང་པོས་གཙོ་སྐྱོང་འོག་ཉམས་གསོ་བྱས་པའི་སྐོར།)

ཏང་གི་སྐབས་བཅུ་གཅིག་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་ལྟར་དཀར་ཤོད་དགའ་ལྡན་ཆོས་འཁོར་གླིང་གི་མཁན་པོ་བྱང་ཆུབ་སེམས་ཀྱི་མངའ་བདག་སེར་བྱེས་ལྷོ་པའི་དགེ་བའི་བཤེས་གཉེན་ཆེན་པོ་རྗེ་བཙུན་བླ་མ་ངག་དབང་དྲི་མེད་དཔལ་བཟང་པོ་མཆོག་དང་། ཆོས་འཁོར་དགོན་གྱི་ཀྲུའུ་རིན་དགེ་སློང་ངག་དབང་ཀུན་དགའ་སོགས་ཀྱིས་གཙོ་བོའི་འགན་ཁུར་ཏེ། བོད་རབ་བྱུང་༡༦པའི་ཆུ་ཕག་(ཕྱི་ལོ1983)ལོར་རྔོག་རྩེ་དགོན་འདི་ཉིད་ལ་ཆོས་ལུགས་བྱེད་སྒོ་སྤེལ་གནས་དང་ཆོས་ལུགས་བྱེད་སྒོ་ཁག་ཚང་མ་ཉམས་གསོ་བྱེད་ཆོག་པའི་ཆོག་འཆན་ཐོབ་ནས་ཕྱི་ནང་གི་ཉམས་གསོ་ཁག་ལས་རུང་ཁང་དང་གྲྭ་ཤག་མ་གཏོགས་གཞན་སྔར་བཞིན་ཉམས་གསོ་ལེགས་པོ་བྱས་ནས་སྔར་རྒྱུན་ལྟར་གནས་བླ་མ་ཆོས་འཁོར་དགོན་གྱི་དགེ་སློང་གཉིས་རེས་མོས་ཀྱིས་ལོ་ལྟར་ཆགས་མེད་རྒྱུན་བཞུགས་མཛད་བཞིན་ཡོད། དེ་དག་གི་ནང་ནས་རྟོགས་པའི་ཡོན་ཏན་གྱི་ཀློང་རྡོལ་བ་བཟོ་རུ་དབང་ཚོགས་སོགས་བཞུགས་མྱོང་ཞིང་ད་ལྟ་ལུགས་གཉིས་གཙུག་ལག་རིག་པའི་གནས་ལ་རྣམ་དཔྱོད་ཀྱི་འཇུག་པ་ཡངས་པ་ཆོས་འཁོར་དགོན་གྱི་དགེ་སློང་ངག་དབང་འཕགས་མཆོག་ལགས་བཞུགས་དང་བཞུགས་བཞིན་པ་ལགས། བོད་རབ་བྱུང་༡༧པའི་ལྕགས་ཡོས་(ཕྱི་ལོ2011)ལོ་ནས་རྔོག་རྩེ་རི་ཁྲོད་དོ་དམ་ཚོ་ཆུང་དབུ་བརྙེས་ནས་ཆོས་འཁོར་དགོན་དོ་དམ་ཨུ་ཡོན་ལྷན་ཁང་ནས་ཐད་སྐྱོང་བྱེད་ཅིང་རི་ཁྲོད་དོ་དམ་པ་ལས་བྱེད་མི་གཅིག་ཡོད།

རི་ཁྲོད་འདིར་ཞབས་ཀྱིས་བཅགས་ཤིང་གསུང་གི་བདུད་རྩི་བསྩལ་བའི་དམ་པའི་སྐྱེས་བུ་ནི་རླངས་བྱང་ཆུབ་འདྲེ་བཀོལ་དང་། ཁོང་གི་སྲས་རླངས་དཔལ་གྱི་སེངྒེ། དེའི་སྲས་སྟོང་བཙུན་ཞྭ་ནག་ཅན་དང་མདོ་པ་ཞྭ་ནག་ཅན། སྡེ་སྲིད་ཕག་མོ་གྲུ་པ་ཏཱ་སི་ཏུ་བྱང་ཆུབ་རྒྱལ་མཚན། ཞང་ཞུང་ཆོས་དབང་གྲགས་པ། རིགས་འཛིན་ཉི་མ་གྲགས་པ་སྐུ་ཕྲེང་ཁ་ཤས། རག་རྡོ་མཆོག་སྤྲུལ་སྐུ་ཕྲེང་ཕལ་ཆེ་བ། ལམ་རིམ་བླ་མ་རྒྱལ་མཚན་དར་རྒྱས། ཆོས་འཁོར་མཆོག་སྤྲུལ་སྐུ་ཕྲེང་གསུམ་པ། སྐྱབས་རྗེ་མཁན་རིན་པོ་ཆེ་རྗེ་བཙུན་བླ་མ་ངག་དབང་དྲི་མེད་དཔལ་བཟང་པོ། མཁན་རིན་པོ་ཆེ་ལྷ་རམས་པ་བློ་བཟང་འཇམ་དཔལ་རིན་པོ་ཆེ་དཔལ་བཟང་པོ་སོགས་བྱོན་ནས་ཆོས་འཁོར་བདུད་རྩིས་ཟེགས་མས་སྐྱེ་འགྲོའི་རྨོངས་པའི་དྲི་མ་བཀྲུས་པར་མཛད།

སྐུ་གསུང་ཐུགས་རྟེན་ལ། སྐུ་རྟེན་དུ་སྟོན་པ་དང་སྒྲོལ་མ་ཉེར་གཅིག །རིགས་གསུམ་མགོན་པོ། ཚེ་ལྷ་རྣམ་གསུམ། རྗེ་ཡབ་སྲས་གསུམ། གུ་རུ་རིན་པོ་ཆེ། མཁན་རིན་པོ་ཆེ་རྗེ་བཙུན་ངག་དབང་དྲི་མེད། སྐྱབས་རྗེ་ཐུབ་བསྟན་ཡར་འཕེལ། ཁྱབ་བདག་བཀའ་འགྱུར་བ་ཆེན་པོ། རྗེ་བཙུན་བློ་བཟང་འཇམ་དཔལ་བཅས་ཀྱི་གསེར་སྐུ་གསར་རྙིང་སྣ་ཚོགས་དང་། དམ་ཅན་རྡོ་རྗེ་ལེགས་པའི་སྨན་སྐུ་དང་སྐུ་གསོབ། ཐང་ག་ཆེ་ཆུང་གྲངས་མང་། རྩ་ཆེའི་དངོས་རྫས་སྲིན་མོའི་རྐང་དུང་གིས་གཙོས་པའི་མཆོད་ཆས་ཆ་ཚང་། གཞན་གྱི་དངོས་རྫས་ལ་སྲུང་མའི་སྤྱན་གཟིགས་སྦོད་མདེའུ་དང་བཅས་པ་ཆ་ཚང་ཁ་ཤས། གྲི་གསར་རྙིང་མང་པོ་དང་མདུང་སོགས་གོ་མཚོན་སྣ་ཚོགས་བཅས་ཡོད།

རི་ཁྲོད་འདིའི་ཞལ་འདོན་ལ་ཚེས་བཅུ་ཉེར་ལྔ་ནམ་ཡོད་ལ་བླ་མ་མཆོད་པ་བདེ་མཆོག་སྦྲག་མ་དང་འབྲེལ་བའི་ཚོགས་འཁོར་དང་། འཇིགས་བྱེད་དཔའ་བོ་གཅིག་པ། རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་བདག་འཇུག་དང་ཚོགས་འཁོར་བཅས། གསང་བདེ་འཇིགས་གསུམ་དང་། དུས་འཁོར། ཀུན་རིག མི་འཁྲུག་པ་བཅས་ཀྱི་སྒྲུབ་མཆོད་དང་། ཡི་དམ་རྡོ་རྗེ་འཇིགས་བྱེད་ཀྱི་སྒོ་ནས་རབ་གནས་དགེ་ལེགས་ཆར་འབེབས་ཉིན་གསུམ། འཕགས་མཆོག་ཐུགས་རྗེ་ཆེན་པོ་ཕྱག་བཞི་པའི་སྒོ་ནས་མ་ཎི་བུམ་སྒྲུབ་ཉིན་བདུན། གཞན་ཡང་ཡི་དམ་རྡོ་རྗེ་འཇིགས་བྱེད་ཀྱི་བདག་བསྐྱེད་སྔོན་དུ་འགྲོ་བའི་སྒོ་ནས་དམ་ཅན་སྐྱེས་བུ་ཆེན་པོ་རྡོ་རྗེ་ལེགས་པའི་བསྐང་གསོ་དང་། གཞན་བསེ་ཁྲབ་པ་དང་ཤུགས་ལྡན་གཙོ་བོ་གྱུར་པའི་སྲུང་མ་ཁག་གི་གཏོར་འབུལ་འཕྲིན་བཅོལ། གསེར་སྐྱེམས། བཟློག་པ་རྣམ་གསུམ་དང་། མདོ་གདུགས་སྒྲོལ་གསུམ་བཅས་ཉིན་ལྟར་ཆགས་མེད་དུ་གསུང་གི་ཡོད། ལོ་མཇུག་ཏུ་གདུགས་དཀར་དང་སེང་གདོང་མ་གང་རུང་གི་གཏོར་ཆེན་རེ་བཅས་འཚོག་བཞིན་ཡོད།

དེ་ལྟར་རྩ་ཆེའི་མཁར་རྫོང་དང་རྩ་ཆེའི་རིག་དངོས། རྩ་ཆེའི་གནའ་ཤུལ་དང་རྩ་ཆེའི་མཛེས་ལྗོངས་བཅས་ལ་རྒྱལ་ཁབ་ཀྱི་ཡང་དག་པའི་ལམ་ལུགས་བཟང་པོའི་འོག་དད་ལྡན་མང་ཚོགས་ཀྱིས་མཐུན་རྐྱེན་ལ་བརྟེན་ནས་ཉམས་གསོ་དང་སྲུང་སྐྱོབ་ལེགས་པོ་བྱུང་དང་འབྱུང་བཞིན་ཡོད་དོ། །

ལྷ་རིགས་རླངས་རྒྱུད་བྱང་ཆུབ་རྡོ་རྗེ་དང་། །

དབྱངས་ཅན་མགྲིན་ཐིམ་ཆོས་དབང་གྲགས་པ་སོགས།

དམ་པའི་སྐྱེས་མཆོག་གྲངས་མེད་བྱོན་པའི་གནས། །

དབེན་པའི་གནས་མཆོག་རྔོག་རྩེ་རི་ཁྲོད་རྒྱལ། །

དེ་ལྟར་དབེན་གནས་རྔོག་རྩེ་རི་ཁྲོད་ཀྱི། །

ལོ་རྒྱུས་དྲང་སྲོང་ངག་གི་རོལ་མོ་འདི། །

ཁོ་བོས་ཅི་ནུས་རྩལ་གྱིས་དཀྲོལ་ལགས་ན། །

འགལ་འཁྲུལ་ནོངས་ཀུན་མཁྱེན་ལྡན་སྤྱན་སྔར་འཆགས། །

(ཅེས་བར་ཁམས་དཀར་ཤོད་དཀར་རྔུ་རྔོག་རྩེ་རི་ཁྲོད་ཀྱི་ལོ་རྒྱུས་མདོར་བསྡུས་དྲང་སྲོང་ངག་གི་རོལ་མོ་ཞེས་བྱ་བ་འདི་ནི་དཀར་ཤོད་དགའ་ལྡན་ཆོས་འཁོར་གླིང་གི་གྲྭ་རིགས་འདི་ལོའི་རྔོག་རྩེ་རི་ཁྲོད་ཀྱི་གནས་བླ་མའམ་འགན་ཁུར་བ་ལུགས་གཉིས་དཔྱོད་པའི་རྣམ་དཔྱོད་ཡངས་པ་དགེ་སློང་ངག་དབང་འཕགས་མཆོག་ལགས་དང་། རིགས་པ་སྨྲ་བ་ཐུབ་བསྟན་དཔལ་ལྡན་གཉིས་ནས་སྔ་ཕྱིར་ལན་དུ་མ་བསྐུལ་བའི་ངོར་ཆོས་འབྱུང་ཡིག་རྙིང་ཁག་ལ་ཞིབ་ཀློག་བགྱིས་ཏེ་ལྡོང་བཙུན་སྐལ་བཟང་དངོས་གྲུབ་བམ་ན་གཞོན་སྨྱུག་ཐོགས་པ་སྙིང•གསོན་པོ་རུ་འབོད་པ་དེས་རི་ཁྲོད་འདི་ཉིད་ཐོག་མར་ཕྱག་བཏབས་ནས་མི་ལོ་ཧྲིལ་པོ1200འཁོར་བའི་ལོ་སྟེ། (ཕྱི་ལོ2016)བོད་རབ་བྱུང་༡༧པའི་མེ་ཁམས་ཡལ་གའི་རི་དྭགས་ཀྱི་ལོའི་སྨིན་དྲུག་ཟླ་བའི་དཀར་ཕྱོགས་རྒྱལ་བ་ཐ་མའི་ཉིན་ཏེ། རང་ཤག་སྣ་མང་དཔེ་ཚོགས་སྤུངས་པའི་གསེང་དུ་སློབ་གཉེར་གྱི་བར་གསེང་དུ་སྦྱར་བའོ། །)

དཔྱད་གཞིའི་ཡིག་ཆ།

༡སྦ་བཞེད།

༢རླངས་ཀྱི་པོ་ཏི་བསེ་རུ།

༣དུ་ཀཱུ་ལའི་གོས་བཟང་།

༤རིགས་འཛིན་ཉི་མ་གྲགས་པའི་རྣམ་ཐར།

༥བདུད་འཇོམ་ཆོས་འབྱུང་།

༦བཀའ་རྟེན་དམ་ཞུས་མའི་འབྲུ་དོན་ངག་རྒྱུན།

༧ཕྱི་ལོ༢༠༠༠ལོའི་བོད་ལྗོངས་ནང་བསྟན་དུས་དེབ་འདོན་ཐེངས་༢པ།

༨སོག་རྫོང་གི་རིག་གནས་དཔྱད་གཞིའི་རྒྱུ་ཆ་བདམས་སྒྲིག་དེབ་གཉིས་པ།

༩མདོ་སྟོད་གཅུང་རབས་འབེལ་གཏམ།

༡༠སུམ་པའི་ལོ་རྒྱུས་སྲིད་པའི་མཛོ་རྭ་སྨུག་ཆུང་།