༄༅།། བོད་སྐད་བརྡ་སྤྲོད་ཀྱི་སྐོར་ལས་བྱ་ཚིག་གི་གོ་དོན་དང་གྲུབ་ཚུལ་རགས་ཙམ་གླེང་བ། ཐུབ་བསྟན་བཤད་སྒྲུབ།

161/545

དོན་ཚན་དང་པོ།བོད་སྐད་ཀྱི་གྲུབ་ཆའི་སྐོར།

བོད་སྐད་ཀྱི་གྲུབ་ཆ་ནི་གཙོ་བོ་མིང་རྐྱང་དང་། བྱ་ཚིག དེ་དག་སྦྲེལ་བྱེད་ཀྱི་ཕྲད་དང་རྣམ་དབྱེའི་སྐོར་ཏེ་གསུམ་དུ་འདུ་ལ།

དེ་ལས་དང་པོ་མིང་གི་སྐོར།

སྤྱིར་དོན་གྱི་ངོ་བོ་ཙམ་སྟོན་པ་མིང་ཡིན་ལ། དེར་ནང་གསེས་ཀྱི་དབྱེ་བའམ་བསྡུ་ཚུལ་མང་ཡང་བརྡ་སྤྲོད་ཀྱི་སྐབས་སུ་ཆོས་དང་ཆོས་ཅན་ནམ་ཁྱད་གཞི་དང་ཁྱད་ཆོས་ཀྱི་མིང་གཉིས་སུ་བསྡུ་ཆོག་ལ་དེའི་འབྲི་ཚུལ་དང་དག་ཆའི་སྐོར་གཙོ་བོ་སུམ་རྟག་དག་གསུམ་ལས་དག་ཡིག་ཁག་གིས་བཤད།

དོན་ཚན་གཉིས་པ་ཕྲད་དང་རྣམ་དབྱེའི་སྐོར།

ཕྲད་དང་རྣམ་དབྱེ་ནི་རང་རྐྱང་བས་དོན་གང་ཡང་སྟོན་མི་ནུས་ལ་གཙོ་བོར་ཆོས་དང་ཆོས་ཅན་ནམ་མིང་རྐྱང་དང་བྱ་ཚིག་དག་གི་བར་དུ་སྦྱར་ན་མིང་དང་བྱ་ཚིག་དེ་དག་ཚིག་དང་སྐད་ཆའི་ངོ་བོར་གྲུབ་བྱེད་དམ་སྦྲེལ་བྱེད་ཀྱི་ནུས་པ་གཙོ་བོར་འདོན་མཁན་གྱི་ཕྲད་དག་ཡིན། དེ་ལ་ཡང་རྣམ་དབྱེ་དང་ཕྲད་རྐྱང་བ། ཕྲད་རང་དབང་ཅན་དང་གཞན་དབང་ཅན་སོགས་ནང་གསེས་ཀྱི་དབྱེ་བ་དང་གོ་དོན་མང་ཡང་དེའི་ནང་དོན་ཞིབ་ཕྲ་སུམ་རྟགས་དག་གསུམ་ལས་སུམ་ཅུ་པས་བཤད་ཀི་ཡོད།

དོན་ཚན་གསུམ་པ་བྱ་ཚིག་གི་སྐོར།

བྱ་ཚིག་ནི་བྱ་བ་རྗོད་པའི་ཚིག་གམ་བྱ་བའི་མིང་གི་བསྡུས་མིང་ཡིན་ལ་དེ་ཡང་མིང་གི་བྱེ་བྲག་ཅིག་ཡིན། སྤྱིར་སྣོད་བཅུད་གཉིས་ཀྱིས་བསྡུས་པའི་དངོས་པོ་མཐའ་དག་བརྟན་པའི་རང་བཞིན་ཅན་ཏེ་རི་བ་བྲག་ཁང་ཁྱིམ་སོགས་དང་། ཡང་གཡོ་བའི་རང་བཞིན་ཅན་ཏེ་མེ་འབར་བ་དང་རི་ཉིལ་བ། ཤིང་གཅོད་པ། རླངས་འཁོར་བསྐོར་བ་སོགས་རགས་པའི་སྣང་ངོར་ཆོས་ཐམས་ཅད་བརྟན་གཡོ་གཉིས་སུ་འདུ་ལ། དེ་གཉིས་བརྗོད་པའམ་མཚོན་པའི་སྒྲ་ལ་ཡང་ཚིག་དེ་བརྗོད་པ་ཙམ་གྱིས་གཡོ་འགུལ་ལམ་འགྱུར་བའི་སྣང་ཚུལ་མི་མངོན་པའི་རིགས་ཏེ་མིང་རྐྱང་གི་སྐོར་དང་།

ཡང་ཚིག་དེ་བརྗོད་པ་ཙམ་གྱིས་གཡོ་འགུལ་ལམ་འགྱུར་བའི་སྣང་ཚུལ་མངོན་པའི་བྱ་ཚིག་གམ་བྱ་བའི་མིང་སྟེ་གཉིས་བྱུང་བ་ཡང་བྱེད་པོ་གང་ཞིག་གམ་མཁས་པ་སུ་ཞིག་གིས་ཆེད་དུ་བྱས་ནས་བྱུང་བ་མ་ཡིན་པར་མིའི་རིགས་ཀྱིས་ཐོག་མར་རང་བྱུང་ཁམས་ལ་ངོས་ཟིན་ཐོབ་ཅིང་དེ་དག་བརྗོད་པའི་བརྡ་དང་སྐད་ཆ་གྲུབ་པ་དང་མཉམ་དུ་རང་ཤུགས་ཀྱིས་བྱུང་བའམ་དངོས་པོ་ཆོས་ཉིད་ཀྱིས་གྲུབ་པ་ལྟ་བུ་ཞིག་ཡིན།

སྐབས་བབས་བྱ་ཚིག་གི་གོ་དོན་གཙོ་བོ།

སྤྱིར་བྱ་ཚིག་ཅེས་པ་ནི་གོང་དུ་བཤད་པའི་གཡོ་བའི་ཆོས་ཅན་གྱི་དངོས་པོ་དག་རྗོད་པའི་སྒྲ་ལ་གོ་ཞིང་། གང་བརྗོད་བྱའི་དོན་དེ་གཡོ་འགུལ་ལམ་འགྱུར་བའི་རང་བཞིན་ཅན་ཡིན་ཕྱིར་དེ་རྗོད་བྱེད་ཀྱི་སྒྲ་ལ་ཡང་འགྱུར་བའམ་གཡོ་བའི་རྣམ་པ་ལྡན་ཞིང་། སྒྲ་དེ་ཉིད་མཚོན་པའི་ཡིག་གཟུགས་ཀྱི་སྟེང་ལའང་འགྱུར་བ་རང་ཤུགས་ཀྱིས་ཐོན་པ་ཡིན།

སྤྱིར་མི་རིགས་གང་ཡིན་ཡང་དེའི་སྐད་ཆའི་གྲུབ་ཆར་མིང་རྐྱང་དང་བྱ་ཚིག་གི་དབྱེ་བ་ཡོད་པ་འདྲ་ཡང་མི་རིགས་ལ་ལའི་སྐད་ཀྱི་བྱ་བའི་དུས་གསུམ་གྱི་འགྱུར་ལྡོག་ཚིག་གྲོགས་ལ་བརྟེན་ནས་གསལ་བ་མ་གཏོགས་བྱ་ཚིག་རང་སྟེང་ན་དེའི་འགྱུར་ལྡོག་གསལ་མི་ནུས་པ་ཡོད་པ་དཔེར་ན་རྒྱ་ནག་གི་སྐད་ཡིག་དང་བོད་སྐད་ཀྱི་བྱ་ཚིག་ལས་དུས་གསུམ་ཐོར་བུ་པའི་གཟུགས་མི་འགྱུར་བའི་བྱ་ཚིག་གི་སྐོར་ལྟ་བུ་ཡིན།

སྤྱིར་བྱ་ཚིག་གི་སྐོར་ནི་བོད་སྐད་ཀྱི་གྲུབ་ཆ་དག་ལས་གོ་བ་གཏིང་ཟབ་ལ་ལག་ལེན་ཅུང་རྙོག་འཛིང་ཆེ་བས་མཁས་པའི་གྲལ་དུ་གནས་པ་མང་པོ་ཞིག་གིས་ཀྱང་རྒྱུན་དུ་བྱ་ཚིག་གི་དུས་གསུམ་བེད་སྤྱོད་བྱེད་སྟངས་ལ་ནོར་བ་འབྱུང་གིན་ཡོད།

དེ་བས་བྱ་ཚིག་གི་གོ་བ་དཔྱིས་ཕྱིན་པར་རྟོགས་པ་ལ་བྱ་བྱེད་ལས་གསུམ་དང་བདག་གཞན་དུས་གསུམ། བྱེད་འབྲེལ་ལས་ཚིག་དང་བྱེད་མེད་ལས་ཚིག་གི་ཁྱད་པར། དུས་ཀྱིས་ཁྱད་པར་དུ་བྱས་པ་དང་མ་བྱས་པའི་བྱ་ཚིག་གི་ཁྱད་པར་དང་གོ་དོན་རྣམས་ལེགས་པར་རྟོགས་རྒྱུ་ནི་གནད་ཀྱི་དམ་པ་ཡིན།

འོག་ཏུ་དེ་དག་གི་གོ་དོན་དང་ཁྱད་པར་རགས་ཙམ་ཞིག་ངོ་སྤྲོ་བྱེད་པ་ལ།

བྱ་ཚིག་སྐབས་ཀྱི་བྱ་བྱེད་ལས་གསུམ་གྱི་དབྱེ་བ།

བྱ་བྱེད་ལས་གསུམ་སྐབས་ཀྱི་བྱ་ཞེས་པས་བྱ་བ་དང་བྱེད་ཅེས་པས་བྱེད་པོ། ལས་ཞེས་པས་བསྒྲུབ་བྱའི་ལས་བསྟན་ལ། དེ་ཡང་བྱ་བྱེད་ཐ་དད་པའི་བྱ་བའི་བྱེད་པ་པོ་ནི་བྱ་བྱེད་ལས་གསུམ་སྐབས་ཀྱི་བྱེད་པ་པོ་ཡིན་ལ། བསྒྲུབ་བྱའི་ལས་སམ་བྱ་བའི་ཡུལ་ནི་བྱ་བྱེད་ལས་གསུམ་སྐབས་ཀྱི་ལས་ཡིན་ལ་བྱེད་པ་པོ་དང་བསྒྲུབ་བྱའི་ལས་དེ་གཉིས་ཚོགས་ནས་བྱུང་བའི་བྱ་བ་ནི་བྱ་བྱེད་ལས་གསུམ་སྐབས་ཀྱི་བྱ་བ་ཡིན།

བྱ་ཚིག་སྐབས་ཀྱི་བྱེད་འབྲེལ་ལས་ཚིག་དང་བྱེད་མེད་ལས་ཚིག་གི་དབྱེ་བ།

བྱ་བྱེད་ཐ་དད་པའམ་བྱེད་འབྲེལ་ལས་ཚིག་ནི། བྱེད་པ་པོ་དང་བསྒྲུབ་བྱའི་ལས་སམ་བྱ་བའི་ཡུལ་གཉིས་སོ་སོར་དབྱེ་རྒྱུ་ཡོད་པ་སྟེ་དཔེར་ན་བཀྲ་ཤིས་ཀྱིས་ཡི་གེ་འབྲི་ལྟ་བུ་ལ་མཚོན་ན། བྱེད་པོ་བཀྲ་ཤིས་དང་བསྒྲུབ་བྱའི་ལས་སམ་འབྲི་རྒྱུའི་ཡི་གེ་གཉིས་སོ་སོར་ཡོད་ཅིང་སྐབས་བབ་ཀྱི་བྱ་བ་ཆ་རྐྱེན་དེ་གཉིས་ཚོགས་ནས་བྱུང་དགོས་པའི་བྱ་བའི་རིགས་མཐའ་དག་བྱ་བྱེད་ཐ་དད་པ་ཡིན་ལ་དེ་རྗོད་པའི་བྱ་ཚིག་ལ་བྱེད་འབྲེལ་ལས་ཚིག་ཟེར།

བྱ་བྱེད་ཐ་མི་དད་པའམ་བྱེད་མེད་ལས་ཚིག་ནི།བྱེད་པ་པོ་དང་བསྒྲུབ་བྱའི་ལས་སམ་བྱ་བའི་ཡུལ་གཉིས་སོ་སོར་དབྱེ་རྒྱུ་མེད་པའི་རིགས་ལ་ཟེར་ཞིང་དེ་ལ་ནང་གསེས་རིགས་གཉིས་ཏེ། དཔེར་ན་མེ་འབར་དང་ཆུ་ཁོལ་ལྟ་བུའི་བྱ་བའི་ཡུལ་ལས་ལོགས་སུ་བྱེད་པ་པོ་མེད་པ་དང་། ང་འགྲོ་དང་ཁྱོད་སོང་ལྟ་བུའི་བྱེད་པ་པོ་ལས་ལོགས་སུ་བྱ་བའི་ཡུལ་མེད་པའི་རིགས་ཏེ་གཉིས་ཡོད་ལ་སྐབས་བབས་ཀྱི་བྱ་བ་འགྲུབ་པ་ལ་བྱ་ཡུལ་དང་བྱེད་པོ་གཉིས་ཀ་ཚོགས་ནས་བྱུང་མི་དགོས་པར་དེ་གཉིས་གང་རུང་གི་སྟེང་ནས་བྱུང་བའི་བྱ་བ་ལ་བྱ་བྱེད་ཐ་མི་དད་པ་ཟེར་ཞིང་དེ་རྗོད་པའི་སྒྲའམ་བྱ་ཚིག་ལ་བྱེད་མེད་ལས་ཚིག་ཟེར། རིགས་འདི་གཉིས་སུ་གཏོགས་པའི་བྱ་ཚིག་མཐའ་དག་བྱ་བྱེད་ཐ་མི་དད་པ་ཡིན་ལ་དེ་རྗོད་པའི་སྒྲ་ལ་བྱེད་མེད་ལས་ཚིག་ཟེར།

བྱ་ཚིག་སྐབས་ཀྱི་བདག་གཞན་གྱི་དབྱེ་བ།

སྤྱིར་བྱ་ཚིག་མཐའ་དག་དུས་གསུམ་གྱིས་མ་བསྡུས་པ་གཅིག་ཀྱང་མེད་ན་ཡང་། བྱ་བྱེད་ཐ་དད་པའི་བྱ་ཚིག་ལ་དུས་གསུམ་དུ་མི་འདུ་བའི་བྱེད་པོ་དང་བྱ་ཡུལ་སོ་སོར་ཡོད་པས་དེ་དག་བསྡུ་བའི་ཕྱིར་དང་དེ་དག་དང་འབྲེལ་བའི་ཡིག་གཟུགས་གཅིག་པའི་དངོས་པོ་དག་བསྡུ་བའི་ཕྱིར་དུ་བདག་གཞན་གྱི་དབྱེ་བ་ཕྱེས་པ་ཡིན།

དེ་ལས་དངོས་པོ་བདག་ཅེས་པ་ནི། བྱ་ཚིག་སྐབས་ཀྱི་བདག་གཞན་ནི་སྤྱིར་བཏང་གི་བདག་གཞན་ནམ་རང་གཞན་གཉིས་ཀྱི་དོན་མིན་ལ་བྱ་བྱེད་ཐ་དད་པའི་བྱ་ཚིག་གི་བྱེད་པ་པོ་དངོས་པོ་བདག་ཡིན་ལ། དེ་དང་འབྲེལ་བའི་བྱེད་པ་དང་། བྱེད་པའི་ལས། བྱེད་བཞིན་ད་ལྟ་བའི་བྱ་ཚིག་རྣམས་དངོས་པོ་བདག་ཏུ་གཏོགས་པའི་ཆོས་ཡིན།

བདག་གཞན་གཉིས་ཀྱི་གཞན་ཞེས་པ་ནི། བསྒྲུབ་བྱའི་ལས་སམ་བྱ་བའི་ཡུལ་དངོས་པོ་གཞན་ཡིན་ལ། དེ་དང་འབྲེལ་བའི་བྱ་བའི་ལས་དང་བྱ་འགྱུར་མ་འོངས་པའི་ཚིག་རྣམས་དངོས་པོ་གཞན་གྱི་ཁོངས་སུ་གཏོགས། བྱ་བ་དེ་བསྒྲུབ་སའི་གནས་དང་སྒྲུབ་པའི་དུས་གཉིས་ཀ་ཚད་ལྡན་གྱི་ལག་ལེན་ཁག་ཏུ་བྱ་ཚིག་བྱེད་ཚིག་གཉིས་ཀ་གང་བདེར་བེད་སྤྱོད་བྱེད་ཆོག་པས་མཐའ་གཅིག་ཏུ་བདག་གཞན་གང་རུང་གཅིག་ཏུ་གཏོགས་པའི་ཆོས་ཡིན་མི་དགོས་ལ་ལག་ལེན་ཏུའང་བྱ་ཚིག་བྱེད་ཚིག་གཅིག་ཁོ་ན་བེད་སྤྱོད་བྱེད་མི་དགོས་པར་དཔེར་ན་ཤིང་གཅད་སའི་ལུང་བ་དང་ཤིང་གཅད་པའི་དུས། ཡང་དཔེར་ན་ཤིང་གཅོད་སའི་ལུང་བ་དང་ཤིང་གཅོད་པའི་དུས་ཞེས་གང་བདེར་འབྲི་ཆོག དག་གཞན་དང་བདག་གཞན་དུ་གཏོགས་པའི་ཆོས་ཀྱི་བྱེ་བྲག་འབྱེད་ཚུལ་དག་གཙོ་བོ་ཡིག་གཟུགས་གཅིག་གི་སྟེང་ནས་འབྲི་བའི་རྒྱུ་མཚན་གྱིས་བྱས་པ་ལྟ་བུ་ཞིག་ཏུ་མངོན།

བྱ་ཚིག་སྐབས་ཀྱི་དུས་གསུམ་གྱི་དབྱེ་བ།

བྱ་ཚིག་སྐབས་ཀྱི་དུས་གསུམ་ཞེས་པ་ནི་བྱ་བ་རང་ངོས་ནས་དུས་གསུམ་གང་ཡིན་དཔྱད་དེ་སྦྱོར་རྒྱུ་མ་ཡིན་པར་བྱ་བ་རང་ངོས་ནས་དུས་གསུམ་གང་དུ་གཏོགས་ཀྱང་དེ་ཚིག་གི་བརྗོད་ཚུལ་གྱིས་དུས་གསུམ་གྱི་དབྱེ་བ་འཇོག་དགོས་ལ། གལ་ཏེ་དེ་ལྟར་མ་ཡིན་པར་བྱ་བ་རང་ངོས་ནས་དུས་གསུམ་གང་ཡིན་ལ་ལྟོས་ཏེ་འཇོག་དགོས་ན་འདས་པའི་བྱ་བ་ཐམས་ཅད་འདས་ཚིག་ཁོ་ནས་བརྗོད་དགོས་པར་འགྱུར་ལ། དེ་ལྟར་བྱས་ནས་འབྲི་དགོས་ན་ལག་ལེན་དུ་འདེབས་ཐབས་གཏན་ནས་མེད་པ་ཞིག་ཏུ་གྱུར་འགྲོ། དེ་བས་བྱ་བ་རང་ངོས་ནས་འདས་ཟིན་ཡོད་ཀྱང་བརྗོད་ཚུལ་གྱིས་དུས་གསུམ་གྱི་བྱ་ཚིག་གིས་བརྗོད་ཆོག་ལ། དཔེར་ན་ཆོས་རྒྱལ་སྲོང་བཙན་སྐབས་ཀྱི་བྱ་བ་ཐམས་ཅད་དུས་གསུམ་གའི་བྱ་ཚིག་གིས་བརྗོད་པ། སྲོང་བཙན་གྱིས་སློབ་དཔོན་ཐོན་མི་རྒྱ་གར་དུ་གཏོང་དུས་དང་། སྲོང་བཙན་གྱིས་མཐའ་མཚམས་སྲུང་བའི་དམག་དཔུང་གཏང་བའི་བཀའ་འབེབས་སྐབས་བློན་པོ་མགར་གྱིས་ཞུས་པ། སྲོང་བཙན་གྱིས་བོད་ཆེན་པོའི་སྲིད་དབང་གཅིག་གྱུར་བྱས་ནས་ཐུ་བྷོད་རྒྱལ་རབས་འཛུགས་པའི་སྐབས་སུ་མཐའ་བཞིའི་རྒྱལ་ཕྲན་ཁག་གིས་ཕོ་ཉ་དང་བང་ཆེན་བརྫངས་ནས་རྟེན་འབྲེལ་གྱི་སྐྱེས་ཕུལ་སྐབས་ལྟ་བུ་སྲོང་བཙན་སྐབས་ཀྱི་བྱ་བ་ཐམས་ཅད་བྱ་བ་རང་ངོས་ནས་འདས་ཟིན་ཀྱང་དེ་ཉིད་ཚིག་གི་བརྗོད་ཚུལ་གྱིས་དུས་གསུམ་གའི་བྱ་ཚིག་བེད་སྤྱོད་བྱེད་ཆོག་པར་མ་ཟད་ཅིས་ཀྱང་བྱེད་དགོས། འདི་ནི་བྱ་ཚིག་འབྲི་སྟངས་སྐབས་ངེས་དགོས་པའི་ཧ་ཅང་གལ་ཆེ་བའི་གནད་ཅིག་ཡིན།

དུས་ཀྱིས་ཁྱད་པར་དུ་བྱས་པ་དང་མ་བྱས་པའི་བྱ་ཚིག་གི་ཁྱད་པར།

སྤྱིར་བྱ་ཚིག་ལ་བྱ་བ་ཙམ་གྱི་འགྱུར་བ་དང་བྱ་བ་དེའི་དུས་གསུམ་གྱི་འགྱུར་བ་སྟོན་པ་སྟེ་གཉིས་ཡོད། སྐབས་བབས་ཀྱི་བྱ་ཚིག་དེས་བྱ་བ་ཙམ་ཞིག་གསལ་བ་མི་རིགས་གང་གི་སྐད་དུ་ཡང་གཅིག་མཚུངས་ཡིན་ཡང་བྱ་བ་དེའི་དུས་གསུམ་གྱི་འགྱུར་བ་མི་རིགས་ལ་ལའི་སྐད་ཀྱིས་ཚིག་གྲོགས་ལ་བརྟེན་པ་མ་གཏོགས་བྱ་ཚིག་དེ་རང་གིས་གསལ་མི་ནུས་པ་ཡོད། ཡིན་ཡང་བོད་སྐད་ལ་བྱ་བ་ཙམ་གྱི་འགྱུར་བ་དང་བྱ་བའི་དུས་གསུམ་གྱི་འགྱུར་བ་གཉིས་ཀ་དུས་གསུམ་ཐོར་བའི་བྱ་ཚིག་ཁ་ཤས་མ་གཏོགས་བྱ་ཚིག་དེ་རང་གིས་གསལ་བོར་སྟོན་ནུས།ལག་ལེན་དུ་བྱ་བ་ཙམ་གྱི་འགྱུར་བ་དང་བྱ་བའི་དུས་ཀྱི་འགྱུར་བ་གཉིས་ཀྱི་ཁྱད་པར་ཤེས་པ་ཡང་ཧ་ཅང་གལ་ཆེ་ལ་བྱ་བ་ཙམ་གྱི་འགྱུར་བ་སྟོན་པ་ལ་དུས་ཀྱིས་ཁྱད་པར་དུ་མ་བྱས་པའི་བྱ་ཚིག་དང་། བྱ་བའི་དུས་ཀྱི་འགྱུར་བ་སྟོན་པ་ལ་དུས་ཀྱིས་ཁྱད་པར་དུ་བྱས་པའི་བྱ་ཚིག་ཟེར་ལ། འདི་ནི་གཙོ་བོ་བྱ་ཚིག་བྱེད་ཚིག་གི་ཁྱད་པར་གྱི་སྟེང་ནས་ཡོང་བ་ཡིན་ལ། དེ་ལ་བྱ་ཚིག་བྱེད་ཚིག་ཅེས་པ་ནི་བྱེད་པ་པོ་སྟོན་པའི་ཚིག་གི་སྟེང་ནས་བྲིས་པའི་བྱ་ཚིག་ལ་བྱེད་ཚིག་དང་། བྱ་བའི་ཡུལ་སྟོན་པའི་ཚིག་གི་སྟེང་ནས་བྲིས་པའི་བྱ་ཚིག་ལ་བྱ་ཚིག་ཅེས་ཟེར་ལ། དེ་ཡང་སྤྱིར་བྱ་ཚིག་ཅིག་ཡིན་ན་ངེས་པར་དུ་དུས་གང་རུང་དང་འབྲེལ་ནས་གོ་བ་ལེན་དགོས་པའི་ངེས་པ་མེད་པར་མ་ཟད་དུས་གང་རུང་སྟོན་པའི་ངེས་པ་ཡང་མེད། སྤྱིར་བྱ་བ་ཙམ་ཞིག་བརྗོད་པའི་བྱ་ཚིག་སྟེ། དཔེར་ན། བཀྲ་ཤིས་ཀྱིས་ཤིང་གཅོད་དང་། སྒྲོལ་མས་ཡི་གེ་འབྲི། དཔལ་ལྡན་གྱིས་ཞིང་བརྔ་ལྟ་བུ་བྱ་བ་ཙམ་ཞིག་བརྗོད་པའི་ཚེ་ན་བྱ་ཚིག་བྱེད་ཚིག་གཉིས་གང་བདེར་བེད་སྤྱོད་གཏོང་ཆོག སི་ཏུའི་འགྲེལ་ཆེན་དུ་བྱ་བྱེད་ཀྱི་ཚིག་ཕན་ཚུན་ཤེད་མཚུངས་པ་ཞེས་གསུངས་པའི་བྱ་བྱེད་ཀྱི་ཚིག་ཕན་ཚུན་ཤེད་མཚུངས་ཚུལ་ཡང་བྱ་བ་ཙམ་ཞིག་སྟོན་པ་ལ་བྱ་ཚིག་བྱེད་ཚིག་གཉིས་ཀ་ལ་ནུས་པ་ཁྱད་པར་མེད་པའི་དོན་ཡིན། བྱ་བ་ཙམ་ཞིག་བརྗོད་པ་ཞེས་པ་ནི་བྱ་བ་དེའི་ངོ་བོ་ཙམ་ཞིག་བརྗོད་པ་ལས་བྱ་བ་དེ་དུས་གསུམ་གང་རུང་དང་འབྲེལ་ནས་གོ་བ་ལེན་པའམ་ཡང་ན་དུས་གང་རུང་འབྲེལ་ནས་འབྲི་མི་དགོས་པའི་རིགས་ལ་ཟེར། དེ་བས་བྱ་བ་ཙམ་ཞིག་བརྗོད་པའི་བྱ་ཚིག་ནི་ངེས་པར་དུ་བྱ་ཚིག་བྱེད་ཚིག་གང་རུང་ལས་འདས་ཚིག་དང་སྐུལ་ཚིག་གིས་ནམ་ཡང་འབྲི་མི་རུང་ལ་འདས་ཚིག་གིས་རྣམ་པ་ཐམས་ཅད་དུ་བྱ་བ་དེ་འདས་ཟིན་པའི་ཚུལ་དང་སྐུལ་ཚིག་གིས་ནམ་ཡང་བྱ་བ་དེར་སྐུལ་བའི་རྣམ་པར་རྗོད་ཀྱིན་ཡོད་པས་དེ་གཉིས་སྤྱིར་བྱ་བ་ཙམ་ཞིག་སྟོན་པ་ལ་འབྲི་མི་རིགས།

སྤྱིར་བོད་སྐད་བྱ་ཚིག་གི་གྲངས་ཀ་ཕལ་ཆེར་སྟོང་གཅིག་ལྷག་ཡོད་ཀྱང་དེ་དག་རིགས་སུ་བསྡུ་ཚུལ་མང་ཡང་འབྲི་སྟངས་ཀྱི་དབང་དུ་བྱས་ན་རིགས་ཆེན་པོ་གསུམ་དུ་འདུ་ལ། དེ་དག་ནི་བོད་ཀྱི་བརྡ་སྤྲོད་དང་ལྷག་ཏུ་བྱ་ཚིག་གི་འབྲི་སྟངས་ཐད་ལ་གསར་གཏོད་དང་མཛད་རྗེས་ཧ་ཅང་ཆེ་བའི་ཚོགས་ཤུལ་བླ་མ་ནོར་བུ་བསྟན་འཛིན་གྱིས་རིགས་དབྱེ་གནང་བའི་དུས་གསུམ་སྤྱིར་བཏང་བ་དང་། དུས་གསུམ་བྱེ་བྲག་པ། དུས་གསུམ་ཐོར་བུ་པ་གསུམ་ཡིན་ལ། སྤྱིར་བཏང་དུ་ཐོན་མིའི་རྩ་བར། ཕོ་ནི་འདས་དང་གཞན་བསྒྲུབ་ཕྱིར།། མ་ནིང་གཉིས་ཀ་ད་ལྟར་ཆེད།། མོ་ནི་བདག་ད་མ་འོངས་ཕྱིར།། ཤིན་ཏུ་མོ་ནི་མཉམ་ཕྱིར་རོ།། ཞེས་པའི་ཤོ་ལོ་ཀ་གཅིག་གིས་དངོས་ཤུགས་ཅི་རིགས་ཀྱིས་བྱ་ཚིག་གི་འབྲི་སྟངས་ཡོངས་ལ་ཁྱབ་ཡོད་ཀྱང་ཤོ་ལོ་ཀ་གཅིག་པོ་འདིའི་དངོས་བསྟན་གྱིས་བྱ་ཚིག་གི་ཞིབ་ཕྲའི་གོ་བ་ཅུང་ཙམ་ལོན་དཀའ་བས་ཚིག་འདིའི་དངོས་ཤུགས་ཀྱི་བསྟན་བྱ་ཡོངས་ལ་ཁྱབ་ཅིང་ཞིབ་ཕྲ་ཆེ་བའི་དུས་གསུམ་གྱི་དབྱེ་བའམ་བསྡུ་ཚུལ་དེ་དག་གི་མཚན་ཉིད་མཛད་པ་རེད།

དེ་ལས་དུས་གསུམ་སྤྱིར་བཏང་བ་ནི།

བྱ་ཚིག་མ་ནིང་བྱེད་པ་མོས་འཕུལ་ཞིང་།།

པ་སྡེ་ལས་གཞན་འདས་ཚིག་ཕོ་ཡིས་འཕུལ།།

སྒྲ་གདངས་ཐ་དད་མགོ་ཅན་མེད་ངེས་ལ།།

བརྗོད་བདེར་བྱེད་ཚིག་མ་ནིང་འགྱུར་ཡང་སྲིད།།

ཅེས་གསུངས་ཏེ། སྔོན་འཇུག་ལྔ་ལས་མང་ཤོས་འཇུག་ཡུལ་གྱི་བྱ་ཚིག་གི་སྡེ་ཚན་ཞིག་ཡིན་ཕྱིར་དུས་གསུམ་སྤྱིར་བཏང་བ་ཞེས་བཤད།

དུས་གསུམ་བྱེ་བྲག་པ།

བྱ་བ་དང་ནི་འདས་པ་ཕོ་ཡིས་འཕུལ།།

བྱེད་ཚིག་ཕལ་ཆེར་འཕུལ་བྱེད་མེད་པ་དང་།།

སྐབས་འགར་འདས་དང་སྐུལ་ཚིག་གཉིས་པོ་ནི།།

རྗེས་འཇུག་ས་ཡིག་རྐྱང་བས་སྟོན་པ་དང་།།

འདི་ནི་མགོ་ཅན་མང་བའི་སྡེ་ཚན་ནོ།།

ཞེས་གསུངས་ཏེ་སྔོན་འཇུག་ལྔ་ལས་བ་ཡིག་བྱེ་བྲག་ཏུ་འཇུག་པའི་བྱ་ཚིག་གི་སྡེ་ཚན་ཞིག་ཡིན་ཕྱིར་དུས་གསུམ་བྱེ་བྲག་པ་ཞེས་གསུངས།

དུས་གསུམ་ཐོར་བུ་པ།

གང་ཞིག་དུས་གསུམ་ཚིག་ལ་འཕུལ་མེད་དང་།།

ཡོད་ཀྱང་འཕུལ་ཡིག་གཅིག་ལས་འགྱུར་མེད་དང་།།

འགྱུར་ཡང་སྤྱི་དང་བྱེ་བྲག་གཉིས་པོ་ལ།།

མི་མཐུན་པ་ནི་ཐོར་བུ་པ་ཞེས་བརྗོད།།

འདི་ནི་སྔོན་འཇུག་གམ་འཕུལ་ཡིག་མེད་པ་དང་ཡོད་ཀྱང་འཕུལ་ཡིག་གཅིག་ལས་མི་འགྱུར་བར་དུས་གསུམ་ག་འཕུལ་ཡིག་གཅིག་ཡིན་པ། འཕུལ་ཡིག་སྣ་ཚོགས་སུ་ཡོད་ཀྱང་གོང་གི་དུས་གསུམ་གྱི་སྡེ་ཚན་གཉིས་ལ་མི་མཐུན་པའི་རིགས་ཏེ་ཐོར་བུ་སྣ་ཚོགས་པའི་བྱ་ཚིག་གི་སྡེ་ཚན་ཞིག་ཡིན་ཕྱིར་ཐོར་བུ་པ་ཞེས་བཤད་དོ།།

གོང་དུ་བཤད་པའི་བྱ་ཚིག་གི་གོ་དོན་དང་དབྱེ་བ་དེ་དག་གི་ཁྱད་པར་ཞིབ་ཕྲ་ཤེས་ན་བྱ་ཚིག་གི་གོ་བ་དང་ལག་ལེན་ལ་ཐོགས་པ་མེད་པ་ཞིག་ཡོང་ངེས་ཡིན། དེ་བས་རང་གི་བློ་ངོར་གང་ཡོད་པ་དག་ལས་དྲན་ཚོད་ཅིག་ཡིག་ཐོག་ཏུ་བཀོད་ནས་སྔོན་རང་གིས་བརྡ་སྤྲོད་ཀྱི་གཞུང་ལ་བག་ཆགས་རེ་འཇོག་མྱོང་བ་དག་དྲན་གསོ་ཞིག་གི་ཕྱིར་དང་ལྷ་སར་མཐོ་འབྲིང་འགྲིམ་བཞིན་པའི་ནུ་མོའི་བརྡ་སྤྲོད་དང་ལྷག་ཏུ་བྱ་ཚིག་གི་ནང་དོན་བློར་འཛིན་བདེ་བའི་ཕྱིར་དུ་བཀོད་པའོ།། ཡིན་ཡང་དོན་ནོར་ཚིག་ནོར་གྱི་འཁྲུལ་བ་ཡོད་ངེས་པས་དུས་ཐོག་ཏུ་དགོངས་འཆར་དང་ལྷུག་སྩོལ་གནང་བའི་རེ་སྐུལ་བཅས་སྤྱི་ལོ༢༠༡༩/༢/༢༡ཉིན་ཏེ་རྒྱལ་སྤྱིའི་ཕ་སྐད་དུས་ཆེན་ཉིན་གྲུབ་པའོ།།