ཡོད་ཚད་བློས་བཏང་ཟིན་པ་ལ་ཐོབ་ཤོར་རྩོད་རྒྱུ་མེད།

153/545

རྩོམ་པ་པོ་ར་སེ་དཀོན་མཆོག་རྒྱ་མཚོ།

 

 

ནང་བསྟན་ལ་དད་པ་དང་ནང་པ་བ་ངོ་མ་ཞིག་དང་ནང་བསྟན་ཁོ་ན་ཡོད་ཚད་ཀྱི་ཚད་དུ་བཟུང་བའི་ཁོར་ཡུག་ནི། བདག་འཛིན་སོགས་མི་དགེ་བ་མཐའ་དག་རང་སར་ཞི་ཞིང་། གང་ལ་ཡང་མི་ཞེན་མི་ཆགས་པའི་དགེ་བས་གཏམས་པས་ན། ཆོས་ལྡན་གྱི་ཞིང་ཁམས་ཞེས་པ་ཅི་འདྲའི་ལྷིང་འཇགས་དང་བག་ཕེབས་ཀྱི་དག་ཞིང་ཞིག

དེ་ལྟ་བུ་ནི་བདག་འཛིན་ཡོངས་སུ་བཏང་ཞིང་ཡོད་ཚད་མཎྜལ་སོགས་ཚོགས་གསོག་མཆོད་སྦྱིན་དུ་རྫོགས་པས་ཡིན་ལ། མི་རབས་ཕྲེང་བར་བདག་མེད་ཀྱི་གནས་ལུགས་དོན་དུ་གཉེར་བའི་ཁོར་ཡུག་ནི། ཆོས་ལྡན་ཞིང་ཁམས་ཀྱི་བོད་མི་ཡིན་པས་རིགས་འདིར་གཞན་ལ་མེད་པའི་ཅི་འདྲའི་བདེ་བ་དང་འཛད་མེད་ཀྱི་བདེ་སྐྱིད་ཅིག

འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོར་རིག་ཅིང་མྱང་འདས་ཀྱི་ཆེད་དུ་ཡོད་ཚད་བློས་བཏང་བའི་ཡུལ་ན། སྡུག་བསྔལ་གྱི་རྒྱུ་བ་ཆད་ཅིང་བདེ་དགའི་དཔལ་གྱིས་གཏམས་པས་ན། དགྲ་གཉེན་གྱི་འཆིང་བ་རིང་དུ་དོར་ནས་ཆོས་ལུགས་ཁོ་ནས་དོན་ཀུན་འགྲུབ གང་སར་ཆོས་འཁོར་དང་ཆོས་སྒྲ། ཆོས་དབྱངས་སྒྲོག་ཅིང་ཆོས་མཛད་ཀྱིས་གང་བས་ཅི་འདྲའི་ཉམས་དགའ་ཞིག

ཐུབ་བསྟན་རིན་པོ་ཆེ་དེ་ཉིད་མེས་པོ་ཚོས་གསེར་རྐྱལ་མང་པོ་བཏང་ཞིང་དཀའ་དགུས་བོད་དུ་དྲངས་ཤིང་། རྒྱལ་བློན་འབངས་གསུམ་གྱི་རྒྱུད་ལ་ཞུགས་པས། ཡོད་ཚད་ཚེ་འདིར་ཞེན་ནས་ཕྱོགས་བཞིར་མངའ་ཐང་བསྐྱེད་པའི་གདོང་དམར་བའི་གདུག་རྩུབ་འཇིགས་སུ་རུང་བ་སྲིན་པོ་དངོས་ལྟ་བུ་དེ་ཡོངས་སུ་ཞི་ནས། ཞི་ཞིང་དུལ་བས་ཆབ་སྲིད་སོགས་འཆིང་བ་ཀུན་སྤངས་ཏེ། བོས་ཁམས་ཀུན་ཞི་བདེར་ཞུགས་པ་ནི་ཅི་འདྲའི་ལེགས་བྱས་ཤིག

བཙན་པོ་ཁྲི་སྲོང་ལྡེའུ་བཙན་གྱི་བཀའ་གཙིགས་སུ་བོད་ཐམས་ཅད་སྙིང་རྗེ་ཆེན་པོ་ལ་ཞུགས། གསུངས་པ་བཞིན་དུ་ཚང་མ་ཆོས་ལ་ཞུགས་ཤིང་། ཕྱི་དར་ནས་ལྷ་བླ་མ་ནས་བཟུང་བླ་མ་སེར་མོ་པས་འཇིག་རྟེན་གྱི་སྣེ་ཁྲིད་ནས་ལོ་ངོ་སྟོང་ཕྲག་ལྷག་རིང་འཇིག་རྟེན་ཧྲིལ་པོ་སྟོངས་ཐུབ་པའི་ནང་ཆོས་ལ་ཞུགས། ཀུན་གྱིས་འཁོར་བ་བློས་བཏང་ནས་ཕྱི་མ་དོན་དུ་གཉེར་བས་ན། ཆགས་སྡང་གི་ཚེ་འདིར་ཞེན་པའི་མི་རིགས་གཞན་ལྟར་ཐོབ་ཤོར་གང་ཡང་རྩོད་རྒྱུ་མེད་པ་འདི་ནི་ངོ་མཚར་ཅིག་ཡིན།

ད་ཡོད་སེར་སྐྱ་རྣམས་ཀྱང་བསམ་བློ་གཅིག་སྡུད་ཀྱིས་ཞི་བ་ཆེན་པོར་ཞུགས་ཏེ་འཁོར་བ་མྱུར་དུ་དོང་སྤྲུག་གིས་སྟོངས་པའི་མྱང་འདས་མངོན་དུ་བྱེད་པར་ཕྱོགས་པ་འདི་ནི། གོ་ལའི་ཐོག་རིགས་ཅན་སུ་ལའང་བྱུང་མྱོང་མེད་པའི་མིའི་རིགས་ཀྱི་མིག་དཔེ་བཟང་ཤོས་དེ་ང་ཚོ་ཡིན་ནའང་། ལས་ངན་དབང་གིས་ཆོས་མེད་ཀླ་ཀློ་ཨ་རི་དང་ཡོབ་རོ་སོགས་དལ་དལ་ལྷོད་ལྷོད་མེད་པའི་རིགས་ཅན་ཚོས་ང་ཚོར་སློབ་སྦྱོང་དང་ང་ཚོའི་ཁ་ལ་མི་ཉན་པར་ཚེ་འདི་རྨི་ལམ་དང་འཁྲུལ་སྣང་ཙམ་དུ་མ་ཤེས་པར་གསར་གཏོད་སོགས་ལ་འབད་པ་འདི་ནི་མི་ཁོམ་པའི་སྐྱེ་གནས་ཡིན་པས། ང་ཚོའི་ངོས་ན་ནུབ་ཕྱོགས་པ་དེ་ཚོ་ནི་སྙིང་རྗེའི་ཡུལ་ཡིན་པར་གསུང་པས་སྙིང་རྗེ་བསྒོམ་དགོས་ལ། ཨ་རབ་པ་སོགས་རིགས་རུས་དང་ཆོས་ལུགས་དང་། ཕ་ས་ཕ་ཡུལ་གྱི་ཆེད་དུ་སྡིག་པའི་ལས་བསགས་པ་མ་ཟད། སྲོག་བློས་གཏོང་མཁན་རྣམས་ནི་དེ་བས་ཀྱང་ཡ་ང་དང་སྙིང་རྗེའི་ཡུལ་ཡིན་པས། ང་ཚོའི་བླ་མ་རྣམ་པས་རྨོངས་པ་དེ་ཚོར་སྙིང་རྗེ་སྐྱེ་དགོས་གསུང་བཞིན་ཡོད།

གལ་ཏེ་ཁོ་ཚོས་ང་ཚོ་ནང་བཞིན་ཆོས་ལ་ཉམས་ལེན་རྩེ་གཅིག་ཏུ་བྱས་པ་ཡིན་ན་ང་ཚོ་ནང་བཞིན་ཡོད་ཚད་འཁྲུལ་པར་རྟོགས་ནས་བདག་འཛིན་སྤོང་ཐུབ་ལ། དེའི་ཚེ་ན་འཆིང་བྱེད་དང་མི་བདེ་བ་སྐྱེད་བྱེད་ཡོད་ཚད་བློས་བཏང་ཟིན་པས། ཆགས་སྡང་བྱ་ཡུལ་གང་ཡང་མེད་པས། ང་ཚོ་བཞིན་ཐོབ་ཤོར་རྩོད་རྒྱུ་གང་ཡང་མེད་པ་སྟོང་པ་ཉིད་ཀྱི་ངང་དུ་ལྷོད་ཤིག་གེར་གནས་པ་འདི་འདྲ་ཆགས་ཐུབ། དེས་ན་ང་ཚོར་མཚོན་ན་གནས་སྐབས་སུ་དལ་འབྱོར་གྱི་རྟེན་འདི་ཉིད་ཀྱིས་དགེ་བ་སྒྲུབ་བྱེད་དུ་ཟས་གོས་གནས་མལ་གྱི་རྩོལ་བ་ཕྲན་ཚེགས་ཙམ་དགོས་པ་མ་གཏོགས།

གཞན་འཁྲུལ་བ་ལས་ཀྱང་འཁྲུལ་པའི་སྙིགས་མའི་དུས་ཀྱི་འགྲན་རྩོད་ཛ་དྲག་ལ་ཞུགས་མི་དགོས་པར་ལྷོད་ལྷོད་ངང་མི་ཚེ་འདའ་བ་ནི་ང་ཚོའི་ཆོས་མཐུན་གྱི་མི་ཚེ་ཡིན་པས། དེས་ན་གོ་ལ་རིལ་མོའི་ཐོག་ཆེས་བདེ་སྐྱིད་ལྡན་པ་བདག་སྐྱིད་གཞན་སྨོན་དེ་ནི་ང་ཚོ་ཡིན་པས། འགྲོ་བ་མི་གཞན་ལྟར་ཐོབ་ཤོར་གང་ཡང་རྩོད་དགོས་མེད།

ང་ཚོའི་སྟེང་ན་སྐྱབས་གནས་བླ་མ་དཀོན་མཆོག་སྤྱི་དང་དུས་ངན་གྱི་སྐྱབས་གནས། བོད་ཀྱི་བདེ་སྡུག་བྱེད་པ་པོ་རྣམས་ཀྱིས་ཡར་འཐེན་བཞིན་བཞུགས་ཡོད། བར་དུ་དེ་དག་གིས་བསྐྲུན་པའི་ཡི་དམ་རྣམས་ཀྱིས་བསྐྱོར་ནས་ཡོད། འོག་ཟུར་དུ་དེ་དག་གི་བཀའ་ལ་ཉན་པའི་ཆོས་སྐྱོང་རྣམས་ཀྱིས་བཏེགས་ནས་ཡོད་པས་འདི་ལྟ་བུ་ནི་གཞན་དག་སུ་གང་ལའང་མེད། ད་ལྟ་ཚང་མས་སྨོན་པའི་རྒྱུ་མཚན་ཡང་འདི་རེད།

ང་ཚོ་ནི་ཕོ་ཐམས་ཅད་སྤྱན་རས་གཟིགས། མོ་ཐམས་ཅད་སྒྲོལ་མ་ཡིན་པའི་ཐོག ལོ་ངོ་བརྒྱ་ཕྲག་མང་པོའི་ནང་དུ་གཞན་ལ་མེད་པའི་སྐྱབས་གནས་ཧ་ཅང་མང་པོ་གསར་གཏོད་བྱས་ཡོད་པའི་དྲིན་གྱིས་རེ་ཞིག་མི་ཡུལ་དུ་གནས་པའི་ཚུལ་བསྟན་ཀྱང་དོན་དུ་མི་ལས་འདས་པའི་ལྷ་ཡི་གོ་འཕང་དམ་པ་སྔ་མོ་ནས་ཐོབ་པ་འདི་ངོ་ཤེས་ན། ཡོད་ཚད་ལ་བསྐྱར་ཞིབ་དང་དོགས་སློང་བྱེད་པའི་ཤར་ནུབ་རིགས་གཞན་གྱི་བསམ་བློ་ངན་པར་དགའ་ཞིང་ལྟ་ལོག་དང་རྟོགས་སད་པ་ཞེས་པས་བསླུས་ནས། ང་ཚོ་སླར་ཡང་མི་གྲལ་དུ་ཁྲིད་ནས་འཁོར་བ་འཁྱམ་པའི་ལམ་དུ་འགྲོ་བ་མི་འགྱུར་རོ།།

ཡིག་ཕབ་པ་དུང་ཞེན་ཉི་མ།