རིག་པ་འཚོལ་བའི་ལམ་དུ་ཆས་པ།​ གངས་མྱི

152/545

༡༽

ནུབ་ཕྱོགས་མཚན་ཉིད་རིག་པའི་འབྱུང་འཕེལ་བརྗོད་པའི་དཔེ་ཆ”སུའུ་ཧྥེའི་ཡི་འཇིག་རྟེན”ཞེས་པའི་ནང་གི་བུ་མོ་དེས་གནའ་བོའི་བློ་རིག་ལ་དགའ་བའི་མི་ཚོས་ཐོག་མར་རང་འབྱུང་ཁམས་ཀྱི་གྲུབ་ཆ་དང་འབྱུང་འཕེལ་སྐོར་ལ་འཚོལ་ཞིབ་དང་དེའི་རྨང་གཞིའི་སྟེངས་གྷི་རིགས་ཀྱི་མཚན་ཉིད་སྨྲ་བ་གསུམ་གྱི་ལྟ་གྲུབ་དང་ཕྱིས་ཀྱི་དུས་རབས་བར་མ་དང་རིག་རྩལ་སྐྱར་དར་གྱི་ལོ་རྒྱུས་དག་ཤེས་རྗེས། ཁོ་མོས་དབུགས་རིང་ཞིག་བཏང་ནས”ང་མ་གཞི་འཇིག་རྟེན་འདིར་སླེབས་ནས་བགྲང་བྱ་ཉི་ཤུ་ལས་འགྲོ་གི་མེད་མོད། འོན་ཀྱང་ངའི་གོང་ནས་འཕེལ་རྒྱས་དང་འཕེལ་རྒྱས་འགྲོ་བཞིན་པའི་ཤེས་རིག་དག་མྱོང་རྗེས། ང་རང་ཡང་ཧ་ལམ་ལོ་ངོ་སྟོང་ཕྲག་སོང་བའི་མི་ཞིགམ་ལོ་ངོ་སྟོང་ཕྲག་གི་ལོ་རྒྱུས་ལྡན་པའི་མི་ཞིག་ཡིན་པ་ཚོར་བྱུང”ཞེས་པ་ལྟར། ཡང་ན་དགེ་སྦྱོང་གཽ་ཏ་མས་ཐོག་མར་རྒྱ་གར་གནའ་བོའི་སྲོལ་རྒྱུན་རིག་གནས་རིག་བྱེད་ཀྱི་གཞུང་ལ་བསླབ་པ་གྱིས་ཤིང་དགེ་སྦྱོང་བའི་སློབ་དཔོན་རིང་ཕུར་དང་ལྷག་སྤྱོད་སོགས་བསྟན་ནས་སྒོམ་གྱི་གནས་ཚད་ཐོན་པོར་གཤེགས་ཏེ་ཕྱིས་སུ་དེ་དག་ལ་དོགས་སློང་དང་འཕེལ་རྒྱས། རང་གི་ལྟ་བ་ཐུན་མོང་མིན་པ་ཞིག་བཏོད་དེ་ནང་ཆོས་ཀྱི་སྲོལ་གཏོད་པ་ལྟར(ཐུན་མོང་གི་སྣང་ངོར་ཁོང་གིས་འཇིག་རྟེན་པའི་བསླབ་པ་ནས་འགོ་བཙུགས་ཟེར)རང་ཅག་ཁ་བའི་ལྗོངས་སུ་སྐྱེས་ཆེན་གསེར་རིའི་ཕྲེང་བ་ལྟ་བུ་བྱོན་པ་དག་གིས་ཀྱང་སྔ་མ་སྔ་མའི་ལྟ་གྲུབ་དང་རིག་གནས་ཀྱི་རྨང་གཞིའི་འོག མཚར་དུ་དངར་བའི་གྲུབ་འབྲས་ཐོབ་པ་ཤ་སྟག་ཡིན་ཡིན། དཔེར་ན་དུས་རབས་རྒྱད་པའི་ནང་འབྱོན་པའི་གངས་ཅན་བསྟན་པའི་དབུ་འབྱེད་མཁན་ཆེན་ཞི་བ་ཚོས་དཔལ་སམ་ཡས་སུ་ཐོག་མར་བོད་མི་རབ་དུ་བྱུང་བར་མཛད་དེ་འདུལ་བའི་བསྟན་པ་སྤེལ་ཅིང་ཁོང་རང་གི་སློབ་དཔོན་ཡེ་ཤེས་སྙིང་པོའི་དབུ་མ་བདེན་གཉིས་ཏེ་རང་རྒྱུད་པ་ཤ་སྟག་སྤེལ་ཅིང་ཕྱིས་སུའང་རྒྱ་གར་དུ་རང་རྒྱུད་ཤར་གསུམ་དུ་གྲགས་པའི་ཡ་རྒྱལ་སློབ་དཔོན་ཀརྨ་ལ་ཤིས་རང་རྒྱུད་པའི་དགོངས་པ་ཁོ་ན་གསུངས་ཤིང་དེའི་ཕྱིས་སུ་པ་ཚབ་ལོ་ཙྭ་བས་སློབ་དཔོན་ཟླ་གྲགས་ཀྱི་དབུ་མ་འཇུག་པ་བསྒྱུར་ཅིང་པ་ཚབ་ཡབ་སྲས་ཀྱིས་སྤེལ་བ་ལྟ་བུ། མགོན་པོ་ཀླུ་སྒྲུབ་ཀྱིས་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་སོགས་ལ་ལྟོས་ནས་དབུ་མ་རིགས་ཚོགས་དྲུག་བརྩམས་པ་དང་སློབ་དཔོན་ཆོས་གྲགས་ཀྱིས་ཚད་མ་ཀུན་བཏུས་ལ་སློབ་གཉེར་མཛད་ནས་རྣམ་གྲེལ་བརྩམས་པ་ལྟར། ཡང་ན་ནེའུ་ཏུན(牛顿)གྱི་བསམ་བློ་མང་པོ་ཞིག་ཀྱང་དེའི་སྡོན་གྱི་དངོས་ཁམས་མཁས་པ་དག་གི་རྨང་གཞིའི་ཐོག་བསླངས་པ་ལྟར། འཇིག་རྟེན་འདིའི་ཐོག་གི་ཤེས་བྱ་ཡོད་ཚད་སྣེ་ནས་སྣེ་རུ་མཐུད་དེ་འཕེལ་རྒྱས་འགྲོ་བཞིན་པའི་ཆོས་ཉིད་དེས་སྲོག་ཆགས་ནང་ནས་ཀྱང་མི་ཞེས་པ་དེས་དང་ཐོག་བྱོལ་སོང་ལྟ་བུ་ཞིག་ནས་ད་ལྟའི་གནས་བབ་འདིར་འཕེལ་རྒྱས་འགྲོ་ཐུབ་པ་ནི་དངོས་པའི་དཔལ་ཡོན་དང་བསམ་པའི་དཔལ་ཡོན་གང་གི་ཆ་ནས་བཤད་ཀྱང་སྔ་མ་སྔ་མའི་འཚོལ་ཞིབ་ཀྱི་འབྲས་བུའི་ཐོག་ཕྱི་མ་ཕྱི་མས་ཁ་བསྐོང་བྱས་ཏེ་རྒྱུན་མཐུད་ཐུབ་པས་ད་གཟོད་སའི་སྒོ་ལའི་བཀོད་འདོམས་པར་འགྱུར་སོང་བ་རེད།

སྤྱིར་ལོ་ངོ་མང་པོའི་འཚོལ་སྙེག་བྱས་པའི་ཤེས་བྱའི་ཉིང་ཁུ་དེ་དག ད་གཟོད་དཔེ་ཆའི་སྟེང་དུ་འདུས་ཡོད་དེ་འཇིག་རྟེན་ཁམས་ནི་སྣ་མིན་སྣ་ཚོགས་ལས་གྲུབ་པ་དང་མིའི་དགོས་མཁོའང་ག་ས་སྤྱི་ཐད་ནས་བསྐོང་དགོས་པས་རྐྱེན་དཔེ་ཆ་ལའང་དབྱེ་བ་མང་དུ་མཆིས་མོད། འོན་དེ་དེ་དག་ཐམས་ཅད་འབྱུང་འགྱུར་ལ་མཁོ་བ་ཤ་སྟག་ཡིན་པས”ཤེས་བྱ་ནི་སྟོབས་ཤུགས་ཡིན”ཟེར་བ་ལྟར། ཡང་མིན་ན་སྟོན་པ་བཀའ་དྲིན་ཅན་གྱིས”རིགས་མི་གཙོ། རུས་མི་གཙོ། བསླབ་པ་གཙོ”གསུངས་པ་བཞིན་དོན་དམ་པའི་བདེན་པ་ནི་ཤེས་རབ་ཁོ་ནས་རྟོགས་དགོས་ལ་དེ་སྐྱེས་པ་ལའང་བསླབ་པ་གཙོ་བོ་ཡིན་པ་སྟན་ཅིང་། ཤར་རྒྱལ་བ་ཙོང་ཁ་པས”དང་པོ་རྒྱ་ཆེན་ཐོས་པ་མང་དུ་བཙལ”ཡང་མིན་ན་ས་པཎ་གྱིས”ཐོས་པ་མེད་པའི་སྒོམ་པ་དེ།། ལམ་རྡུམ་བྲག་ལ་འཛེགས་པ་བཞིན”ཞེས་གང་ལྟར་འཇིག་རྟེན་པའི་བྱ་གཞག་དང་འཇིག་འདས་ཀྱི་ས་ལམ་གང་གི་ཡོན་ཏན་ཡིན་ཡང་བསླབ་པ་ཁོ་ནས་བགྲོད་དགོས་པ་ཞིག་ཡིན་པ་ལས་ཁ་བཏོན་གྱིས་མིན་པ་གསལ་པོར་གསུངས་ཡོད།

《གངས་ཅན་རིག་མཛོད》བྱ་བའི་དཔེ་ཕྲེང་དེའི་ནང་། རྒྱ་གར་གྱི་མཁས་གྲུབ་པཎ་ཆེན་ན་རཽ་པའི་རྣམ་ཐར་བརྗོད་དུས་ཁོང་གིས་བླ་མ་ཏཻ་ལོ་པ་བསྟེན་པའི་ཚིག་དུམ་ཞིག་ནང”ཉིན་ཞིག་རྗེ་བཙུན་ན་རཽ་པས་ཏཻ་ལོ་པ་ཐོག་མར་མཇལ་བར་འགྲོ་དུས་དེ་གའི་མི་སེར་ལ། གྲུབ་ཐོག་ཏཻ་ལོ་པ་ཟེར་བ་གང་དུ་བཞུགས་ཡོད་ཅེས་བྲིས་པས། མི་དེས”གྲུབ་ཐོག་ཏཻ་ལོ་པ་བྱ་བ་རྒྱུས་མེད། འོན་ཏེ་སྤྲང་པོ་ཏཻ་ལོ་པ་གང་དེ་ཕ་གིའི་རྒྱང་འཁོགས་གཞིག་རལ་ན་ཉ་ཟ་བཞིན་འདུག” ཅེས་སྨྲས་པ་ལྟར། ཡང་ན་སློབ་དཔོན་ས་ར་ཧ་རྔོན་པའི་ཚུལ་དང་རྒྱལ་གཞིས་སྤངས་ནས་ནལེནྡྲའི་ཆོས་སྒོར་བཞུགས་ཤིང་། ཐ་མལ་བའི་སྣང་ངོས”འདུ་ཤེས་སུམ་པ”ཞེས་འཕྱ་བའི་དབུ་མ་ཐལ་འགྱུར་སྨྲ་བའི་གང་ཟག་ཁྱད་འཕགས་དེས་སྐབས་དེ་དུས་འཇིག་རྟེན་བའི་བླུན་རྨོངས་དག་གི་ངོར་ཅི་འདྲའི་སྒམ་བརླིང་ཆེ་བ་ལ་ཨང་། དེ་ལྟར་རང་ཅག་གི་སེམས་འབྱུང་སྣ་མང་དུ་མཛེས་ཤིང་གཙང་བ། ངོ་གསོ་དང་ཚུལ་འཆོས་དུ་མ་ཡིས་འབག་པའི་སྲོལ་ངན་གང་དེ་རྒྱུན་པར་ལངས་ཤོར་དུ་སོང་སྟེ། གཞུང་ཞབས་པ་འགའ་ཡིས་བརྟན་ཅིང་སྲ་བའི་ལྕགས་ཕོར་གང་དེ་ལས་བསྩལ་བའི་རང་རྟོན་གྱིས་རྟག་ཏུ་རྣམ་པ་དང་རྒྱས་སྤྲོས་ཁོ་ནའི་དབང་དུ་སོང་ཞིང་། སྔར་སྦྱང་གི་ཤེས་བྱ་དག་ནི་ལྟོ་གོས་འབའ་ཞིག་མཁོ་སྒྲུབ་ཀྱི་ལག་ཆར་སོང་ཞིང་ཁོ་ཚོས་དམིགས་ཡུལ་དེ་བསྒྲུབ་རྗེས་གསར་དུ་ཤེས་བྱ་རིག་གནས་གང་ལའང་སྦྱང་མ་འདོད་ཅིང་མཐའ་ཡས་ཤིང་བསམ་གྱིས་མི་འཁྱབ་པའི་སྣ་མང་གི་གཙུག་ལག་འོད་དུ་འཚེར་བ་གང་དག་རྒྱ་འབྱིན་གྱིས་དྲང་སྲོང་ཕུར་བུར་བསྩལ་བའི”བུམ་པ”ཁོ་ནའི་ཚད་དུ་བཀག་ཅིང་ནམ་ཡང་ཤེས་རིག་གིས་བསྐྲུན་པའི་འཇིག་རྟེན་གསར་པ་དེར་སྙེག་པར་མི་འདོད་པ་ནི་ཅི་འདྲའི་ཐབ་སྐྱོ་བ་ཞིག་རེད་ཨང་། མང་སྲོང་མང་བཙན་སྐབས་བོད་ཀྱི་བློན་པོ་ཞིག་རྒྱ་ནག་ཁྲང་ཨན་དུ་ཕོ་ཉར་ཆས་ཤིང་རྒྱ་ནག་རྒྱལ་པོས”ཁྱོད་བོད་དམག་གིས་ངོས་ཀྱི་མཁར་མང་པོ་བཅོམ། ས་རིས་མང་དུ་འཕྲོག་པའི་སྟོབས་ཤུགས་ཤིག་གང་ནས་མཆིས”ཞེས་འདྲི་དུས་ཕོ་ཉ་དེས”ངེད་བོད་ས་མཐོ་ཞིང་འབྲོག་ལས་དར་ཆེ་བས་ཐོན་སྐྱེད་ཉུང་། དབྱར་དུས་གནས་འཕོ་སྐྱེལ་བྱེད། འོན་ཀྱང་རྒྱལ་འབངས་ཕན་ཚུན་བརྩེ་བ་ཆེ་ཤིང་བྱམས་པས་སྟོབས་ཤུག་གཅིག་ཏུ་སྒྲིལ་ཐུབ”(མ་ཡིག་གི་ཚིག་དང་མཐུན་མི་ཆེ་ནའང་དོན་དེ་བཞིན་ནོ)ཅེས་པ་ལྟར་སྟོབས་ཤུག་དེ་གང་ནས་བྱུང་བ་ཡིན་ནམ། དེ་ནི་རིག་གནས་ལས་བསྐྱེད་པའི་སྙིང་སྟོབས་ཤིག་མིན་ཞེས་སུས་བསྙོན་འདིང་ནུས།

༢༽

ཕྱི་ལོ༡༥༤༣ལོར་པོ་ལན་གྱི་གནམ་རིག་སྐར་རྩིས་སྨྲ་བ་ཀེར་པེ་ཉིང་གིས《རྟེན་སྐར་གྱི་འགུལ་སྐྱོད་སྨྲ་བ》ཞེས་པའི་དེབ་ཆུང་ཞིག་དཔར་དུ་བསྐྲུན་ཅིང་དེའི་ནང་སྲོལ་རྒྱུན་གྱིས་སའི་གོ་ལ་ལྟེ་བར་སྨྲ་ཞིང་ཉི་མས་སའི་གོ་ལར་སྐོར་བ་སྐྱོན་པའི་ལྟ་ཚུལ་ལ་དགག་བཞག་བྱས་པ་ལྟ་བུ། ཡང་མིན་ན་ཕྲ་ཞིང་ཞིབ་པའི་ནང་སེམས་ཀྱི་ཐོད་བརྒལ་དང་མཆོངས་སྐྱོད་ཆེན་པོ་ཞིག་སྟེ། སྟོན་པ་འགྲོ་བའི་ཉི་མ་གང་དེ་དགུང་ལོ་སོ་ལྔར་བྱང་ཆུབ་ཤིང་དྲུང་དུ་མངོན་པར་རྫོགས་པའི་སངས་རྒྱས་ནས་ཁོང་གིས་གཟིགས་པའི་འཇིག་རྟེན་གྱི་རྣམ་པ་གཞན་ཞིག་ལྟ་བུ། དེ་ལྟར་ང་ཚོ་མི་མང་ཆེ་བས་རང་ཉིད་གསོན་པོར་གནས་པ་ནི་རྒྱུ་དངུལ་གསོག་བྱེད་ཀྱི་འཕྲུལ་འཁོར་ཞིག་ཏུ་ངོས་འཛིན་ཅིང་དཀའ་ཐུབ་ཀྱིས་སྦྱང་བརྩོན་བྱས་པའི་ཤེས་བྱ་དེའང་འཚོ་གནས་དང་སྦྲགས་མཚར་དུ་དངར་ཅིང་ཡིད་ཚིམ་པ་མེད་པའི” རིག་པ་འཚོལ་བའི་སྙིང་སྟོབས”ཤིག་ཏུ་འགྱུར་ཐུབ་ཀྱིན་མེད་པ་རེད། ང་ཚོས་རྟག་ཏུ་ན་གཞོན་ཁག་ཅིག་འཚོ་བའི་གནོན་ཤུགས་ཀྱིས་མ་ཐེག་པར་རང་ཤི་བརྒྱག་པ་དཔེར་ན་ལྷ་བྱམས་རྒྱལ་གྱི་བརྩམས་ཆོས”ཉི་ཧོང་པ་་མིག་ནང་གི་བོད་པ”ཞེས་པའི་ནང་ལོ་ལྟར་རི་བོ་ཧྥུ་ཧྲིའི་ཉེ་འགྲམ་དུ་རང་ཤི་བརྒྱག་མཁན་འཁོད་ཡོད་པ་ལྟར། ཕྱུག་དག་རྒད་པོ་ཁེར་སྡུག་གིས་མ་གཟོད་པར་འཆི་ལམ་དུ་འགྲོ་བ། མི་མང་པོ་ཞིག་གིས་མི་ཚེ་ནི་མྱོང་རིན་མེད་པའི་སྡུག་གི་འཁུར་པོ་ཞིག་ངོས་འཛིན་དེ། “ ཤོའོ་ཁོན་གྱི་འགྱོད་བཤགས”(肖申克的救赎)ཞེས་པའི་ནང་དེ་འདྲའི་བརྒྱུད་རིམ་ཞིག་ཡོད་དེ”བཙོན་ཁང་ནང་ལོ་ལྔ་བཅུ་ལྷག་ལ་ཉེ་བར་འཚོ་བ་སྐྱལ་ཅིང་དཔེ་མཛོད་ཁང་གི་འགན་འཁུར་མི་སྣ་བྱས་ཏེ་གཞན་གྱི་བརྩི་བཀུར་ཡང་ཐོབ། འོན་ཏེ་ཁོ་རང་ལོ་ལྔ་བཅུ་ལྷག་སོང་བའི་ཉིན་ཞིག་གློད་དཀྲོལ་ཐོབ་ཅིང་ཆ་རྒྱུས་ཡེ་ནས་མེད་པའི་སྤྱི་ཚོགས་སྟེང་སྐྱོད། མ་གཞི་ཁོས་ལས་ཀ་ཙག་ཙིག་ལས་ནས་འཚོ་བ་འཁྱོལ་ཐབས་བྱས་མོད། འོན་ཀྱང་མཐར་ཁོ་རང་ཁེར་རྐྱང་དང་སེམས་རྟེན་ཡེ་ནས་མེད་པས་རང་ཤི་བརྒྱབ་པ་རེད”དེ་ནི་དཔེ་ཆ་དང་ཡུན་རིང་འགྲོགས་འདྲིས་བྱས་ཀྱང་ནང་སེམས་ཀྱི་འཇིག་རྟེན་གསར་པ་ཞིག་འཚོལ་སྙེག་མ་ཐུབ་པའི་རྒན་པོ་ཞིག་གི་སྐྱོ་གར་ཁོ་ན་རེད། ཡང་དཔེ་ཁང་དེའི་ནང་མ་གཞི་ནས་ཁོ་བོའི་འཇིག་རྟེན་གསར་པ་དེ་བཞེངས་བསྐྲུན་བྱེད་པའི་རྒྱུ་ཆ་ཞིག་མེད་ནའང་ཐང་། གང་ལྟར་རྒན་པོ་དེ་ནི་ང་ཚོ་མི་མང་པོ་ཞིག་གི་བསྡུས་གཟུགས་རེད།

༡༩༥༡ལོར་རྒྱ་བོད་ཀྱི་ཡུལ་གྲུ་དུ་མར་མྱུལ་ཅིང་ཚ་གྲང་ཇི་སྙེད་མྱངས་པའི་རིག་པའི་བུ་རྒོད་ཅིག་ཞེན་ཆགས་དང་བཅས་ཕ་རོལ་དུ་བཞུད་སོང་བ་རེད། ཇི་ལྟར་ཁོང་གི་ཞབས་རྗེས་དག་ལ་བརྩི་བཀུར་བྱ་མཁན་ཡོད་ལ་མི་མོད་པའི་དགག་པ་སྐྱོན་མཁན་འང་ཡོད། ཁོང་གིས་རྒྱལ་རབས་ཤིག་རྩོམ་འཕྲོར་ལུས་པ་ནི་བདེན་པ་ཞིག་སྒྲེང་མི་ཚར་བའི་ཞེན་ཆགས་རེད། ཁོང་གིས་གང་ཡང་གྲུབ་ཅིང་དེ་དག་ལ་གཏན་ཚིགས་རེ་རེ་བཀོད། ཁོང་གིས”དཔལ་ལྡན་འགྲོ་བའི་ཉི་མ་དེ་ཡིས་ཁྱོད་ལ་དགེ་ལེགས་ཆར་དུ་སྙིལ”ཞེས་བརྩམས་ཤིང་ཡང་མཚམས་རེར་ཁོང་གིས་སྟོན་པའི་སྐུ་ཆང་དུ་སྐྱིལ་ཅིང་སངས་རྒྱས་ཀྱི་སྐུར”མི་གུས་པ་བྱས” གང་ལྟར་ཁོང་གི་ཕེབས་ཤུལ་དུ་སེར་པོ་གསེར་གྱིས་བྲིས་པའི་བདེན་པ་ཡོད་ལ། འཇིག་རྟེན་པ་ཞིག་གི་རང་ཆས་སུ་མངའ་བའི་འདོད་སྲེས་ཀྱང་ཡོད། གང་ལྟར་ཁོང་གིས་སྨིག་རྒྱུ་ལྟ་བུའི་འདོད་པ་ཡི་དབར་ནས་རྡོ་རྗེ་བཞིན་གྱི་བདེན་དོན་ཞིག་བཟུང་ཐུབ་པ་ནི་ཅི་འདྲའི་ངོ་མཚར་ཆེ་ཨང་། ཁོང་གི་མི་ཚེ་ནི་ཀྱག་ཀྱོག་འབའ་ཞིག་ཡིན་ཡང་དེ་ནི་བདེ་སྐྱིད་ལྡན་པ་ཞིག་ཡིན་པ་ཁོང་གིས་ཞལ་བཞེས་གནང་ངེས་སྙམ།

༣༽

ཁོ་བོས་མི་ལོ་དེ་དག་རིང་དཔེ་ཆ་འདྲ་མིན་ལྟས་ཀྱང་ཕྲ་ཞིབ་ཅིག་དྲན་པར་ཤིན་དུ་དཀའ། འོན་ཀྱང་ཁོ་བོའི་སེམས་ཀྱི་ཟབ་སར་དཔེ་ཆ་དེ་དག་གི་ཉིང་ཁུ་ཅུང་ཟད་འཁྱིལ་ཡོད་དེ། ད་ལྟ་དཔེ་ཕྲེང་དེ་དག་གི་ནང་དོན་གནད་བསྡུས་ཤིག་བྱས་ཚེ་དེ་འདྲའི་བསྡོམས་ཚིག་ཅིག་ཐོན་གིན་འདུག་སྟེ། “ འཚོ་བས་ཁྱེད་ལ་མིའི་རང་ཆས་སུ་མངའ་བ་དག་མྱོང་བར་བྱེད་ཅིང་། སྒྱུ་རྩལ་གྱིས་ཁྱེད་ལ་ཟད་མཐའ་མེད་པའི་གཉུག་གཤིས་དེར་སྙེག་པར་བྱ་ཐུབ”ཅེས་པ་དེ་ཡིན། མ་གཞི་འཚོ་བ་དང་སྒྱུ་རྩལ་ཞེས་གཅོད་མཚམས་གསལ་པོ་མ་མཆིས་མོད། འོན་ཀྱང་ཁོ་བོས་འདིར་བརྗོད་པའི་འཚོ་བ་ནི་རྒྱུ་ལོངས་སྤྱོད་ཁོ་ན་དོན་དུ་གཉེར་བའི་མི་ཚེར་གསེར་ལྟ་བུའི་སྒྱུ་རྩལ་གྱི་བློ་སྦྱོང་རེ་རེ་ལྡན་དགོས་ཞེས་པ་འོ། སྒྱུ་རྩལ་ནི་མིའི་རྣམ་ཤེས་ལ་ལྷིང་འཇགས་སྟེར་ཐུབ་ཅིང་མིའི་གཉུག་གཤིས་དང་བར་ཐག་རྗེ་ཉེར་བཅར་ཐུབ་པའི་ཚད་མཐོའི་ལོངས་སྤྱོད་ཅིག་ལ་འགྲེལ་བ་བྱ་གིན་ཡོད། མ་གཞི་ཁོ་བོས་དེ་དག་གི་ཡོངས་གྲགས་ཀྱི་མཚན་ཉིད་མ་ཤེས་ཤིང་ཤེས་འདོད་ཀྱང་མེད། འོན་ཏེ་དེ་དག་ནི་མི་སོ་སོའི་སེམས་ཀྱིས་འཇོག་དགོས་པ་ལས”སུར་པན་ཞེས་རོ་ཚ་བའི་སྔོ་ཚལ་གྱི་རིགས་ཤིག”ལྟ་བུའི་མཚན་ཉིད་མ་ངེས་ཀྱང་འགྲིག་སྙམ། མ་གཞི་རང་ཅག་གི་ལོ་རྒྱུས་སུ་བསམ་ཚད་ཐོན་པོར་གཤེགས་པའི་མི་སྣ་ཡོད་དེ། འབྲུག་པ་ཀུན་ལེགས་ལྟ་བུ། སུ་ཡིས་ཀྱང་ཁོང་གི་མགུར་མ་ལྟ་མྱོང་ངེས་སྙམ། ད་དུང་གྲུབ་པའི་རྒྱལ་མཚན་འཛིན་པའི་རྗེ་བཙུན་མི་ལ་ལྟ་བུ། ཁོང་གིས་འདོམས་དཀྲིས་ཙམ་བཞེས་ཏེ་བསོད་སྙོམས་སློང་བར་ཕེབས་ཤིང་གལ་ཏེ་རྣལ་འབྱོར་གྱི་དབང་ཕྱུག་དེ་ལྟ་བུས་སློབ་མའང་མི་ཉར། ཆོས་ཀྱང་མི་གསུངས་པར་བཞུགས་ཚེ་རང་ཅག་གིས་མི་ཁ་ག་ཚོད་ཙམ་ཞིག་བཏང་ཡོད་ཨང་། མདོར་ན་དེ་དག་ནི་སུང་རྒྱལ་རབས་སྐབས་ཀྱི་བླ་སྨྱོན་ཏོའོ་ཅིས” ཤ་ཆང་ལྟོ་བའི་ནང་དུ་བརྫངས། ། སེམས་ཅན་སྣང་བ་ཀུན་དུ་བསམ། །ཞེས་པ་ལྟར་དེ་དག་ནི་བསམ་གྱིས་མི་འཁྱབ་པའི་སྤྱོད་ཡུལ་ཡིན་པས་ཁོ་བོས་རང་ཅག་ཚོ་དེ་ལྟར་བྱ་དགོས་ཞེས་ནི་ཟེར་བ་མིན། འོན་ཏེ་རང་ཅག་གིས་ཐུན་མོང་ཏུ་ཁས་ལེན་ཐུབ་པ་ནི་སྙིང་སྟོབས་དེ་དག་ནི་རིག་པ་ལས་སྐྱེས་པའི་འབྲས་བུ་ཞིག་ཡིན་པ་དེ་རེད། ཁོ་ཚོའི་སེམས་ཁོངས་སུ་ང་ཚོའི་སྡུག་བསྔལ་རྫོགས་རྒྱུ་མེད་པ་དེ་འདྲ་ཡོད་མ་རེད། སྤྱིར་མེད་པ་རེད། དེ་ནི་གང་ཡིན་ཟེར་ན་རིག་པ་ལས་རྙེད་པའི་ཤེས་རབ་ཅིག་དང་བདེ་བ་ཞིག་རེད། འབྲུག་པ་ཀུན་ལེགས་ཀྱི་རྣམ་ཐར་དུ་ཁོང་གིས་སློབ་གཉེར་བྱས་པ་འཁོད་འདུག དེས་མ་ཟད་རྗེ་བཙུན་མི་ལས་ལྷོ་བྲག་མར་པའི་སྐུ་མདུན་ལས་དབང་ལུང་མན་ངག་མང་པོ་གསན་ཡོད་པ་རེད། དེ་ནི་རྗེ་ཙོང་ཁ་པས་ཉམས་ལེན་དུ་གནང་བའི”དང་པོ་རྒྱ་ཆེན་ཐོས་པ་མང་དུ་བཙལ”ཞེས་པ་དེ་ག་རང་རེད། རྗེ་བཙུན་་མི་ལས་སེེར་བ་མཛུབ་འཁྲིད་ཐུབ་པའི་སྔགས་མཐུ་ཡོད་པ་རེད། ཁོང་གིས་དེར་རློམ་ནས་བཞུགས་ཡོད་པ་མ་རེད། གལ་ཏེ་ཁོང་གིས་ཐར་པ་དང་ཐམས་ཅད་མཁྱེན་པའི་རིག་པ་དེ་ལྟ་བུ་ཞིག་འཚོལ་བའི་ལམ་དུ་མ་ཆས་ཚེ་འགྲོ་མགོན་བཀའ་རྒྱུད་པ་ཞིག་གང་ནས་ཡོང་། མདོར་ན་དེ་དག་ཐམས་ཅད་རིག་པ་འཚོལ་བའི་ལམ་དུ་ཆས་པ་རེད། རྒྱ་མིའི་མཁས་པ་ཅིས་ཤན་ལིན(季羡林)གྱིས་སྐད་ཡིག་བཅུ་གཉིས་ཙམ་མཁྱེན་གྱི་ཡོད་པ་རེད། འོན་ཏེ་པེ་ཅིན་སློབ་གྲྭ་ཆེན་མོའི་སློབ་མས་ཁོང་ལས་ཀ་ངན་ངོན་ལས་མཁན་དུ་འཁྲུལ་བ་རེད། རོལ་དབྱངས་མཁས་པ་པེ་ཏོ་ཧྥེན(贝多芬)སྙན་ཅོག་འོན་པ་རེད། འོན་ཀྱང་ཁོང་ནི་ཕུལ་དུ་བྱུང་བའི་རོལ་དབྱངས་མཁས་པ་རེད། ཁོང་གིས་སྒྱུ་རྩལ་དེ་ལོངས་སུ་སྤྱད་ནས་ཟད་མཐའ་མེད་པའི་བདེ་བ་ཞིག་མྱོང་བ་རེད། ང་རང་གིས་བརྩི་བཀུར་ཆེས་ཆེར་བྱེད་པའི་ཕྱི་རྒྱལ་རྩོམ་པ་པོ་ནི”ཧེའི་མིང་ཝེ(海明威)ཡིན། བརྩམས་ཆོས《རྒན་པོ་དང་མཚོས》ཁོང་གི་མི་ཚེར་གསལ་འདེབས་བྱས་སོང་། ད་དུང་ཁོ་བོས་ཆེས་ཀློག་པར་སྤྲོ་བའི་ཕྱི་རྒྱལ་བརྩམས་སྒྲུང་ནི《ཡ་ང་བའི་འཇིག་རྟེན》ཞེས་པ་དེ་ཡིན། དེའི་ནང་གི་གཙོ་འཁྲབ་པ་དེས་སྙིང་རྗེ་ལས་སྐྱེས་པའི་འཇིག་རྟེན་ཞིག་བསྐྲུན་སོང་། དེའི་ནང་གི་འབྱུང་རིམ་དག་ནི་ཁོང་གིས་རིག་པ་འཚོལ་བའི་དཀའ་ཚེགས་ཀྱི་ལམ་བུ་དག་རེད།

༤༽

དེ་ལྟར་རིག་པ་འཚོ་བའི་ལམ་ནི་དཀའ་ཚེགས་ཀྱི་ལམ་ཞིག་རེད། གངས་ཅན་སྒྲ་བསྒྱུར་མཁས་པ་རྗེ་མར་པ་ལོ་ཙྭས་འཁྱོས་མ་ཞིག་ལ་འབུལ་བ་བཀལ་དེ་རྒྱ་བལ་དུ་ཆས་ཀྱིན་འདུག ཁོང་གི་སྒྲོ་འོག་ནས་མཉམ་མེད་བཀའ་རྒྱུད་བསྟན་པ་ཆུ་བོ་བཞིན་རྒྱས་བྱུང་། མངའ་རིས་ལོ་ཙྭ་བ་ཆེན་པོས་དགུང་ལོ་གྱ་ལྔར་སླེབས་རུང་ཇོ་བོ་རྗེའི་སྐུ་མདུན་ནས་ཆོས་ཞུ་གིན་འདུག ད་དུང་ཤར་རྒྱལ་བ་ཙོང་ཁ་པས་མ་ཡུམ་ཡང་ཤུལ་དུ་སྐྱུར་ནས་རིག་པ་འཚོལ་གྱིན་སངས་རྒྱས་ཀྱི་བསྟན་པ་ཉི་མ་བཞིན་གསལ་བར་བྱས་སོང་།

མདོར་ན་རང་ཅག་འཇིག་རྟེན་གྱི་ཕུན་ཚོགས་དོན་དུ་གཉེར་བ་དང་མཉམ་དུ་བླ་ན་མེད་པའི་རིག་པ་འཚོལ་བའི་སྙིང་སྟོབས་ཤིག་ཅིས་ནས་ཀྱང་དགོས་གལ་ཆེ། དེ་ནི་ང་ཚོ་མི་རེ་རེའི་སེམས་ཁོངས་སུ་རྩ་བ་འཚུགས་པའི་རྣམ་ཤེས་ཀྱི་སྐྱབས་རྟེན་རེ་རེ་ཡིན། ང་ཚོས་ངལ་ཞིང་དུབ་པའི་སྐབས་སུ་རོལ་དབྱངས་སྙན་མོ་ཞིག་ལོངས་སུ་སྤྱོད་ཆོག་ཅིང་། ང་ཚོ་སྐྱོ་སྡུག་གིས་མནར་བའི་དུས་སུ་དཔེ་དེབ་ལས་སྔོན་འབྱོན་མཁས་པའི་རྣམ་ཐར་གྱི་བདུད་བརྩི་དང་རྟོགས་པའི་ཡོན་ཏན་ཡང་སྐྱེམས་སུ་བཞེས་ཆོག ད་དུང་སེམས་པ་ལྷིངས་སུ་འཇགས་ནུས་པའི་ཡིག་རིས་མཛེས་པོ་འགའ་འབྲི་ཆོག་ལ། རྣམ་དཔྱོད་ཕུལ་དུ་ཕྱིན་པའི་བཟོ་རྩལ་གྱི་གྲུ་ག་རེ་རེའང་བཞེངས་ཆོག གཏིང་ཟབ་པའི་བདེ་སྐྱིད་ཀྱི་ལམ་ཆེན་དེར། རིག་པ་འཚོལ་བ་ནི་ཐོས་པ་ལས་སྐྱེས་པའི་ལམ་ཞིག་རེད། རང་ཅག་གི་གཟི་བརྗིད་དུ་འཁྲུངས་པའི་མཁས་དབང་དག་ཀྱང་ཐོས་པ་ཡི་རྒྱ་མཚོའི་ཕྱིར་སོན་པ་ཤ་སྟག་ཡིན། དེ་མ་ཟད་གནམ་འོག་གི་སྒྱུ་རྩལ་པ་ཕལ་ཆེ་ཡང་དཀའ་སྤྱད་ཀྱི་ལམ་ཞིག་ནས་འོང་བ་ཁོ་ན་རེད། མ་གཞི་མི་ཡོད་ཚད་མཁས་དབང་དང་སྒྱུ་རྩལ་པར་འགྱུར་མི་སྲིད་ན་འང་། རང་རང་གི་གནས་སྐབས་དང་བསྟུན་ནས་རིག་པ་འཚོལ་བའི་ལམ་དུ་ཆས་དགོས་ཤིང་དེ་ལས་འཁྲུངས་པའི་ཤེས་རབ་དང་བདེ་བར་ལོངས་སུ་སྤྱོད་དགོས། རིག་པ་འཚོལ་བའི་ལམ་དུ་བཞུགས་ཚེ་ཚེ་སྲོག་ལ་འོད་སྣང་སྦྱིན་ཐུབ་ཅིང་། རླུང་གིས་སྐྱོད་པའི་ལོ་མ་སེར་པོ་བཞིན་ཁེར་བུར་ལྡིང་ཀྱང་ཡུལ་ལྗོངས་ཐ་དག་མཛེས་པར་མྱོང་ཐུབ།