ལྷ་རམས་པ་བློ་གྲོས་རབ་ཡངས་ཀྱི་སྐུ་ཚེའི་ལོ་རྒྱུས་མདོར་བསྡུས།

151/545

དུས་རབས་ཉི་ཤུ་བའི་སྟོད་ཙམ་དུ་འཁྲུངས་བའི་ལྷ་རམས་པ་བློ་གྲོས་རབ་ཡངས་མཆོག་ནི་ད་ལྟའི་ཁམས་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་རྫ་སྨད་ཀྱི་ས་ཆར་གཏོགས་པ་རྫ་དབོན་པོ་སྡེ་བར་ཡབ་ཆུང་བོའི་ལྷ་བཟང་དང་ཡུམ་དགེ་རྩེའི་རྫ་ལོ་གཉིས་ཀྱི་སྲས་སུ་སྐུ་བལྟམས། ཁོང་ལ་སྐུ་མཆེད་ཅིག་ཡོད་པ་དེའི་མིང་ལ་ཆུང་བོའི་བླ་མ་ངག་དབང་ཐབས་མཁས་ཞེས་ཞུ་ལ། ཁོང་གཉིས་སྐུ་ན་ཕྲ་དུས་ནས་རྫ་དབོན་པོ་དགོན་པར་ཞུགས་ནས་སློབ་གཉེར་ལ་བརྩོན་པ་མཛད་ཅིང་། དགོང་ལོ་ཉི་ཤུ་ཟིན་མ་ཟིན་ཙམ་དུ་ཁོང་སྐུ་མཆེད་གཉིས་དབུས་ཀྱི་གདན་ས་ཆེན་མོ་སེར་བྱེས་མཁས་སྙན་གྲྭ་ཚང་དུ་བྱོན་ཏེ་ལོ་མང་རིང་སློབ་གཉེར་གྱི་རྒྱུན་མ་ཆད་པར་གནང་། ལོ་བཅུ་ཕྲག་ལྷག་གི་རྗེས་ནས་ཁོང་གི་སྐུ་མཆེད་ངག་དབང་ཐབས་མཁས་མཆོག་དགོས་དབང་གིས་ཕྱིར་ཕ་ཡུལ་དུ་ལོག་དགོས་བྱུང་བ་དང་། དེའི་རྗེས་སུ་བློ་གྲོས་རབ་ཡངས་མཆོག་གིས་དབུས་ཕྱོགས་ཀྱི་སྐྱེས་ཆེན་རླབས་པོ་ཆེ་རྒྱལ་བ་ཐུབ་བསྟན་རྒྱ་མཚོ་དང་། ཁྲི་ཆེན་བློ་བཟང་རྒྱལ་མཚན། སྐྱབས་རྗེ་བདེ་ཆེན་སྙིང་པོ། ཅོ་ནེ་དགེ་གཤེས་བློ་བཟང་རྒྱ་མཚོ་སོགས་སློབ་དཔོན་དུ་བསྟེན་ནས་གཞུང་ཆེན་པོ་བཀའ་པོད་ལྔའི་གཙོས་པའི་མདོ་སྔགས་རྒྱུད་སྡེ་དང་བཅས་ལེགས་པར་གསན་གཟིགས་གནང་ཞིང་། དགུང་ལོ་སུམ་ཅུའི་གཡས་གཡོན་ཞིག་སྟེ་སྤྱི་ལོ༡༩༢༦ལོར་དབུས་ཀྱི་སེར་འབྲས་དགེ་གསུམ་གྱི་ལྷ་རམས་རྒྱུགས་སྤྲོད་ཁྲོད་ཡོངས་འཛིན་ཆེན་པོ་གླིང་རིན་པོ་ཆེ་མཆོག་དང་། ལྭ་ཝ་ཡེ་ཤེས། བློ་གྲོས་རབ་ཡངས་རྣམ་གསུམ་གྱིས་དབུས་ཀྱི་ལྷ་ལྡན་སྨོན་ལམ་ཆེན་མོའི་ཚོགས་ཐོག་ཏུ་མཁས་ཆེན་གསེར་རིའི་ཕྲེང་བས་བསྐོར་བའི་དབུས་སུ་དགེ་བཤེས་ལྷ་རམས་པའི་དམ་བཅའ་བཞག བློ་གྲོས་རབ་ཡངས་མཆོག་ལ་ལོ་དེའི་དབུས་ཀྱི་ལྷ་རམས་པ་རྩེ་ཕུད་ཀྱིས་མཚན་ཐོབ་དང་། ཡོངས་འཛིན་ཆེན་པོ་གླིང་རིན་པོ་མཆོག་ལ་ལྷ་རམས་པ་ཨང་གཉིས་པའི་མཚན་ཐོབ། ལ་ཝ་ཡེ་ཤེས་མཆོག་ལ་ལྷ་རམས་པ་ཨང་གསུམ་པའི་མཚན་ཐོབ་བཅས་ཐོབ། ཉེ་རབས་གདན་སའི་མཁས་པའི་དབང་པོ་སེར་སྨད་རྒན་ཡེ་ཤེས་དབང་ཕྱུག་མཆོག་གིས་དྲང་ངེས་ལེགས་བཤད་སྙིང་པོའི་དཔེ་ཁྲིད་གནང་སྐབས་སུ་གསུང་དོན། སྐབས་དེའི་ལྷ་རབས་རྒྱུགས་སྤྲོད་ཀྱི་དམ་བཅའི་ཁྲོད་སྐྱབས་རྗེ་གླིང་རིན་པོ་མཆོག་དམ་བཅར་བཞུགས་ཤིང་བློ་གྲོས་རབ་ཡངས་མཆོག་གིས་པཎ་ཆེན་ཡིག་ཆའི་སེམས་ཙམ་པའི་ལུགས་ཀྱི་འགོག་བདེན་ཀུན་རྫོབ་བདེན་པར་འདོད་པའི་ཡིག་ཆའི་འཛིན་མཚམས་ལ་རྟགས་གསལ་གནང་བའི་སྐོར་དང་། སྐབས་དེར་མཁན་ཆེན་ངག་དབང་ཕུན་ཚོགས་ཀྱིས་ཀྱང་བློ་གྲོས་རབ་ཡངས་མཆོག་གི་རྩོད་པའི་རྣམ་དཔྱོད་ལ་ཧ་ལས་ལས་མཛད་པ་དང་ཞལ་འཛིན་མ་ཤོར་ཙམ་མ་གཏོགས་གོ་བ་དང་ལྡན་པའི་ལན་མ་ཐེབས་ཚུལ་སྐྱབས་རྗེ་གླིང་རིན་པོ་ཆེ་སྐུ་དངོས་ཀྱིས་ཕྲན་ལ་ཞལ་བརྡ་མཛད་སོང་”ཞེས་དང་། འདིའི་སྐོར་རྒྱལ་དབང་སྐུ་ཕྲེང་བཅུ་བཞི་བ་མཆོག་གིས་བརྩམས་གནང་མཛད་པའི་གླིང་རིན་པོ་ཆེའི་རྣམ་ཐར་དུ་ཡང་ཅུང་ཙམ་གསལ། ད་དུང་སེར་བྱེས་ཀྱི་སློབ་དཔོན་ཆེན་མོ་རྒན་ངག་དབང་ཟླ་གྲགས་མཆོག་གི་ཞལ་རྒྱུན་ལྟར་ན། ཁོང་གིས་ལྷ་རམས་པའི་དམ་བཅའ་གནང་ནས་ཕྱིར་གཟིམས་ཤག་ཏུ་བྱོན་པ་ན་མཆོད་པ་འོ་མར་གྱུར་ཡོད་པའི་རྟེན་འབྲེལ་བཟང་པོ་བྱུང་བའི་ཚུལ་དང་། གཞན་ཡང་ཧྲེ་ཧོར་བློ་བཟང་དབང་ཕྱུག་མཆོག་གིས་མཁར་ནང་དཔོན་སྤྲུལ་འཇམ་དབྱངས་མཆོག་ལ་གནང་བའི་ཞལ་རྒྱུན་ལྟར་ན། བློ་གྲོས་རབ་ཡངས་མཆོག་གི་གཟིམས་ཤག་ཏུ་ནམ་རྒྱུན་དཀར་མེའི་འགྲམ་དུ་འབུ་མེ་ལྕེབས་སོགས་མཚན་མོར་དཀར་འོད་ལ་འཁྲི་བའི་འབུ་སྲིན་འཁྲི་མི་སྲིད་པར་དཔག་ན། ཁོང་གིས་སྲུང་འཁོར་ཁྱད་པར་བ་ཞིག་སྒོམ་ཡོད་པ་འདྲ་ཞེས་སོགས་གསུང་གླེང་མང་དུ་མཛད་མྱོང་། ད་དུང་སྐབས་དེའི་གདན་སའི་མཁས་པ་རྒན་རབས་པ་ངག་གིས་ཞལ་རྒྱུན་ལྟར་ན། སྔོན་དབུས་ཀྱི་ཆུ་བཟང་རི་ཁྲོད་དུ་སྐྱབས་རྗེ་བདེ་ཆེན་སྙིང་པོས་ཅོ་ནེ་དགེ་བཤེས་རིན་པོ་ཆེ་མཆོག་ལ་དྲང་ངེས་ལེགས་བཤད་སྙིང་པོའི་བཀའ་ཁྲིད་ཞུས་པའི་སྐབས། ཅོ་ནེ་དགེ་བཤེས་མཆོག་གིས་རྒྱུན་དུ་བློ་གྲོས་རབ་ཡངས་དང་། གཙང་པ་ལྷུན་འགྲུབ་བརྩོན་འགྲུས། ཚ་བྱམས་པ་མཐའ་ཡས་རྣམ་གསུམ་ཀྱི་གཞུང་ཆེན་གྱི་གོ་བ་དང་རྣམ་དཔྱོད་ཀྱི་ཤེས་རབ་ལ་བསྟོད་བསྔགས་རབ་ཏུ་གནང་རབས་སོགས་ཁོང་གི་མཛད་པ་མཚོན་པའི་ཞལ་རྒྱུན་སྣ་ཚོགས་ད་ལྟའི་བར་དུ་ཡོད། སྤྱི་ལོ ༡༩༢༦ ལོར་ཁོང་ལ་ཡུལ་དབུས་ཀྱི་ལྷ་རམས་པ་རྩེ་ཕུད་ཀྱི་མཚན་རྟགས་གནང་རྗེས། ཁོང་ཕྱིར་ཕ་ཡུལ་དུ་ཆིབས་བསྒྱུར་གནང་སྟེ་རང་དགོན་དུ་ཆོས་ཀྱི་མཛད་པ་སྐྱོང་བའི་འདུན་པ་ཆེ་ཡང་། འོན་ཀྱང་སྐབས་དེར་རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པ་ཐུབ་བསྟན་རྒྱ་མཚོ་མཆོག་གིས་སྐབས་དེའི་དབུས་ཀྱི་དགེ་བཤེས་ལྷ་རམས་པ་དག་རང་ཡུལ་དུ་དགོས་དབང་ཆེར་མེད་ན་བྱོན་མི་ཆོག་པའི་བཀའ་གནང་པ་ལྟར་ཁོང་སྐུ་ཚེ་གང་པོར་དབུས་ལྷ་ལྡན་དུ་བཞུགས། དེ་ནས་དཔལ་ལྡན་སྨད་རྒྱུད་གྲྭ་ཚང་ལ་ཞུགས་ནས་སྔགས་རིམ་པ་དང་པོའི་མཚན་ཐོབ་བཞེས་ཤིང་རྒྱུད་པའི་དགེ་སྐུལ་ཀྱང་མཛད། ལོ་དེའི་རྗེས་སུ་རྒྱལ་བ་ཐུབ་བསྟན་རྒྱ་མཚོས་དགའ་ལྡན་ཁྲི་བ་དང་བླ་མ་དབུ་མཛད་བསྐྱར་འཇོག་གི་ཕྱག་ལས་ཤིག་མཛད་བཞིན་ཡོད་སྟབས་བློ་གྲོས་རབ་ཡངས་མཆོག་ཡང་རྒྱུད་སྨད་ཀྱི་བླ་མ་དབུ་མཛད་དུ་བསྐོས། དེ་ནས་ཁོང་གིས་རྒྱུད་སྨད་ཀྱི་མཁན་པོ་མཛད་མིན་གྱི་ཞལ་རྒྱུན་ཧ་ཅང་དཀོན་སྟབས་དོགས་གཞིའི་གནས་སུ་ཡོད། ཡང་དགེ་བཤེས་ལ་ཤས་ཀྱིས་གསུང་ན་ཁོང་གིས་རྒྱུད་སྨད་ཀྱི་མཁན་པོ་གནང་བར་མ་ཟད་བྱང་རྩེ་ཆོས་རྗེ་གནང་རྗེས་ཀྱང་གནང་མྱོང་པ་དང་། དེ་ནས་དགོང་གྲངས་ལྔ་བཅུ་ཡས་མས་ཤིག་ཏུ་གཞི་ནས་དབུས་སུ་སྐུ་འདས་གྲོངས་སུ་ཕྱིན་པ་རེད་གསུང་། གང་ལྟར་བློ་གྲོས་རབ་ཡངས་དང་འབྲེལ་ཡོད་ཀྱི་ཡིག་ཆ་དང་ཞལ་རྒྱུན་ཧ་ཅང་དཀོན་སྟབས། ཁོང་གི་མཛད་རྣམས་ཞིབ་རྒྱས་ཤིག་འབྲི་དགོས་ཚེ་དཀའ་བའི་གནས་སུ་འཁུམས། གལ་ཏེ་འདིའི་སྐོར་གྱི་ཡིག་ཆ་དང་ཞལ་རྒྱུན་སོགས་ངོ་སྤྲོད་རྩོམ་ཐུང་འདིའི་ནང་དུ་མ་འདུས་པ་དང་མ་ཕྲིས་པ་སོགས་ཡོད་ན་ཁ་གསབ་བྱ་རོགས་གནང་། དེ་ལྟར་དམ་པ་གང་དེའི་སྙན་པའི་གྲགས་པ་ཕྱོགས་ཀུན་ཏུ་ཁྱབ་པ་དང་། སྐུ་ཚེའི་འཕེན་པ་ཡང་དབུས་ལྷ་ལྡན་དུ་ཞི་བར་གཤེགས། ཁོང་གིས་དེ་ལྟར་བསྟན་པ་དང་འགྲོ་བའི་ཆེད་དུ་ཕ་ཡུལ་སྤང་པ་རྒྱལ་སྲས་ཀྱི་ལག་ལེན་གྱི་མཛད་པ་བསྐྱངས་པ་ཤིན་ཏུ་ངོ་མཚར་དུ་བརྩི་འོས་པ་ཤིག་ཡིན་ནོ། ཟིན་བྲིས་འདི་ནི་ད་ལྟ་རྫ་དབོན་པོ་དགོན་དུ་ཞལ་བཞུགས་པའི་རྒན་དམ་པ་དགྲ་ལྷ་མཆོག་དང་རྒན་བློ་དོན་རྣམ་གཉིས་ཀྱིས་ཟ་ཞོར་དུ་ཁོང་གི་མཛད་སྐོར་གསུང་གླེང་མཛད་པ་གཡུལ་ཐང་དུ་འབོད་པས་ཟླ་དང་པོའི་ཚེས་བཅོ་བརྒྱད་ཉིན་གྱི་སྲོད་ལ་ཁ་པར་ཏུ་གཏགས་སོ།