བསོད་ཐར་ཚང་གི་དྲ་རྩོམ་གཅེས་བཏུས་འཕྲུལ་དེབ་<དུས་མཐའི་རོལ་དབྱངས>གླེང་བ། ཕུན་བཀྲ།

31/427

རྩོམ་པ་པོ་ངོ་སྤྲོད་བསྡུས་པ།

རྩོམ་པ་པོ་ཁོང་ཉིད་ཀྱིས་དེ་སྔོན་སྤྱི་ཚོགས་རིག་པ་བརྗོད་བྱར་བྱས་པའི་ལྷུག་རྩོམ་དང་། བཅད་རྩོམ་དང། རང་མོས། ལོ་རྒྱུས་ཟུར་དཔྱད། སྒྲུང་རྩོམ་ཁག་བཅས་དྲ་བ་སོ་སོ་དང་སྤྱི་སྟེགས་རབ་དང་རིམ་པ་ནས་འོས་སྦྱོར་བྱས་ཤིང་ཀློག་པ་པོ་དག་གིས་ཀྱང་དགའ་བསུ་མི་ཉུང་བར་ཐོབ་པ་མ་ཟད། ཡར་སྔོན་ལོ་རྒྱུས་ཀྱི་དཀར་ཆག་ཕྱོགས་བསྒྲིགས་སོགས་འཕྲུལ་དེབ་རང་བཞིན་ཅན་གྱི་ཡིག་ཆ་ཁ་ཤས་བཀྲམ་པ་དང་ད་ཐེངས་དྲ་བ་ཁག་ནས་མངགས་གཏོང་བྱས་པའི་བཅད་རྩོམ་སྐོར་ཅིག་གཅེས་བཏུས་བྱས་ནས་གླིང་དཀར་ཀོང་ཇོའི་འཕྲུལ་དེབ་དཔེ་ཚོགས་དང་མཉམ་འབྲེལ་འོག་༼ དུས་མཐའི་རོལ་དབྱངས༽ཞེས་པ་བསྒྲིགས་སྤེལ་བྱས་ཡོད།

< ༡ >

དུས་མཐའི་རོལ་དབྱངས། དེབ་འདི་སྤྱི་ལོ 2019 ལོའི་ཟླ་བ 1 ཚེས 21 ཉིན་དར་མདོ་གྲོང་ཁྱེར་ཤར་སྒོ་ཁྲོམ་སྲང་གླིང་དཀར་ཀོང་ཇོའི་འཕྲུལ་དེབ་དཔེ་ཚོགས་ནས་བསྒྲིགས་ཏེ 2019 – 2 – 1 ཉིན་དྲ་བའི་བར་སྟོང་དང་དྲ་བའི་དཔེ་མཛོད་ཁག་སོ་སོ་ནས་འགྲེམ་སྤེལ་བྱས་པ་ཞིག་ཡིན། དེབ་འདི་སྟོད་དུམ་དང་བར་དུམ་སྨད་དུམ་གསུམ་དུ་ཕྱེས་ཤིང་། དེབ་འདིའི་རྩོམ་ལུས་སྤྱིའི་ཆ་ནས་སྟོད་དུམ་ཚིགས་བཅད་རྐྱང་བས་གྲུབ་པ་དང་། བར་དུམ་ཚིགས་བཅད་དང་བཅད་ལྷུག་སྤེལ་མ་གཉིས་ཟུང་འབྲེལ་གྱིས་གྲུབ་པ། སྨད་དུམ་བཅད་ལྷུག་སྤེལ་མ་ཤ་སྟག་གིས་བྲིས་ཡོད་པ་མིན་འགྲོ་བསམ་པ་དེ་འདྲ་རེད། སྐབས་འདིར་ལྷུག་མ་ཞེས་པ་ཡང་དེང་སང་རྒྱུགས་ཆེ་བའི་འབྲི་སྟངས་བཅད་མ་ལྷུག་བཞག་པ་དེ་འདྲ་ལ་བསམ་བློ་གཏོང་ན་ཨེ་འགྲིག་སྙམ་ཡོད། དེབ་ཀྱི་ཇུས་འགོད་སོགས་ད་རུང་སྟོང་ཆ་སྐོང་དགོས་ས་མང་པོ་རེད་བསམ་སོང་། ཐད་ནས་ལྟས་ན་བླུན་པོ་མཁས་ཟེར་བའི་དཔེ་ལྟར་རང་ཉིད་ཇུས་འགོད་ལ་རྒྱུས་མངའ་དེ་འདྲ་མེད་ནའང་ཇུས་འགོད་འཚམ་པོ་དེ་འདྲ་མང་ཙམ་མཐོང་ཙང་། དཔེར་ན་སྙན་ངག་གི་དེབ་ཅིག་ཡིན་ན་དེབ་ངོས་ལ་པར་རིས་དང་གཟུགས་བརྙན་གྱི་རྣམ་པ་མཐོང་མ་ཐག་སྙན་དེབ་ཅིག་ལོས་ཡིན་བསམ་པའི་འོས་འཚམ་ཅན་དང་། བསམ་བློ་བརྗོད་གཞིར་བཟུང་བའི་དེབ་ཅིག་ཡིན་ན་ཕྱིའི་རྣམ་པའང་དེ་དང་ཕྱོགས་མཐུན་གྱི་ཇུས་འགོད་བྱ་རྒྱུ་ཡོད་པ་དེ་འདྲ་རེད། འདི་ངའི་ལྟ་ཚུལ་ཙམ་རེད། བདེན་མིན་སོ་སོས་བརྟག་དགོས་རྒྱུ་རེད། བརྗོད་བྱའི་ཆ་ནས་དུང་བརྗོད་སྙན་ངག་དང་བསམ་བློའི་འབག་བཙོག་ལས་རང་གི་ལྟ་བ་དང་བསམ་བློའི་སྐད་ཆ་རེ་རེ་ཁོལ་དུ་ཕྱུང་ནས་སྤྱི་ཚོགས་ཀྱི་གནས་བབས་དང་གང་ཟག་སྒེར་པ་ཞིག་གི་སྐད་ཆའི་སྙིང་སྟོབས་ཀྱིས་མཚོན་པའི་ཐ་སྙད་དམར་པོ་རེ་རེ་ཞིབ་འབྲིར་གནང་ཡོད། ངོས་ཀྱིས་རྩོམ་རིག་ལ་བཅོང་བའི་བརྩེ་བ་དང་ཀློག་པ་པོའི་དེབ་འདི་ལ་སྟོན་པའི་རེ་བ་གཉིས་མག་མོག་གི་བར་ཐག་ཆེ་ནའང་། རྩོམ་རིག་ནི་རྒྱ་ཆེ་ས་ནས་འཛམ་གླིང་གི་གྲུབ་ཆ་ཞིག་དང་ཆུང་ས་ནས་དཔྱད་ན་རྩོམ་པ་པོའི་སོ་སོའི་ཆགས་སྡང་རྨོངས་གསུམ་མཚོན་པའི་རིག་པ་ཁྱད་པར་བ་ཞིག་ཡིན་ཕྱིར། དེང་སྐབས་ང་ཡི་སྙན་ངག་ཅིག་ཅིག་དང་སྒེར་དེབ་ཉིས་ཉིས་སོགས་ཕལ་ཆེར་ཉིན་རེར་ང་ཚོ་མི་རིགས་སྤྱིའི་ཁྱབ་ཁོངས་ནས་དེབ་བཅུ་ཕྲག་རེ་ཕུད་ཀྱིན་ཡོད་ནའང་རིན་ཐང་གིས་འབུར་དུ་ཐོན་པའི་དེབ་རེ་ཧ་ཅང་དཀོན་པའི་ཚོད་དུ་འདུག་པ་ང་ཚོའི་མངོན་གསལ་དུ་དོད། དེ་བས་ད་ཐེངས་གྲོགས་པོ་ཁོང་གི་དེབ་འདིར་ཆ་མཚོན་ནས་བཤད་ན། རྩོམ་རིག་སྤྱི་ནས་བྲིན་རྩོམ་དང་འབུར་དུ་ཐོན་པའི་སྒེར་དེབ་ཅིག་མིན་ནའང་། ཡུལ་ལུང་འདི་ནས་ད་སྔུན་དེ་འདྲའི་དཔེ་དེབ་སྤུས་དག་ཅིག་འགྲེམ་མ་མྱོང་བ་དེ་འདྲ་རེད། ས་འདིའི་བཤད་གྲྭ་དང་དགོན་གྲྭའི་ནང་ནས་ཁོང་གི་ལོ་ཚོད་ཀྱི་རྩོམ་ཡིག་ཐར་ཐོར་རེ་འབྲི་མཁན་ཡོད་མ་མྱོང་བ་དེ་འདྲ་མིན་ཞིང་། སྒེར་དེབ་གསུམ་དང་བཞི་ཙམ་གཉེར་མཁན་ཡང་ཡོད་མོད། དྲང་པོར་བཤད་ན་བསམ་བློའི་རྗེས་མ་ཆོད་པ་ཡིན་ནམ་སྒྱུ་རྩལ་གྱི་དོན་སྙིང་མ་གོ་བ་བ་གང་ཡིན་རུང་ད་ལྟ་ས་ཆ་འདིའི་ན་གཞོན་སྐོར་ཅིག་རྩོམ་ཡིག་གི་དྲི་མི་དྲོ་བ་མ་ཚད་བོད་སྐད་བཤད་པ་ལ་མི་མོས་པ་དང་བོད་ཡིག་འབྲི་བ་ལ་མི་སྤྲོ་མཁན་གཅིག་དང་གཉིས་མ་ཡིན་ཙང་། འདི་འདྲའི་དུས་ཚོད་དང་། འདི་འདྲའི་གནས་སྟངས་འོག་ནས་གྲོགས་པོ་ཁོང་གིས་རང་སྐད་གཙང་མ་དང་ཕ་སྐད་དག་མ་ཞིག་གིས་དཔེ་དེབ་འདི་འདྲ་འབྲི་ཞིག་བཞེངས་གནང་བ་ས་ཆ་འདིའི་ཕ་སྐད་མ་ཡིག་གི་ངོས་ནས་ཤིན་ཏུ་འབུར་དུ་ཐོན་པ་ཞིག་རེད་སྙམ་ཡོད།

དེ་བས་གྲོགས་ཀྱི་དཔེ་དེབ་ཀྱིས་ས་གནས་འདིའི་ན་གཞོན་དག་ལ་ཕ་སྐད་ཀྱི་སྐུལ་སློང་དང་རྩོམ་རིག་གི་ཅོང་བརྡ་ཞིག་ཏན་ཏན་སྒྲོག་བཞག

< ༢ >

རྩོམ་རིག་ཅེས་གླེང་དུས་དེ་ནི་རང་གིས་ཚེ་འདིར་འཇོན་མི་སྲིད་པའི་ལས་དོན་ཞིག་གམ་འགྲུབ་མི་ཐུབ་པའི་སྐྱ་ཆད་སྔོ་སྡུག་གི་ཁ་ཕོར་ལྟ་བུ་ཞིག་ཡིན་པར་བརྩི་མཁན་མེད་སྲིད་པའང་མིན་ཙང་། བསམ་གནོ་ཞིབ་ཕྲར་གཏོང་ན་དེ་ལ་ཧང་སང་དགོས་པ་དང་ཧ་ལས་དགོས་ཡ་གང་ཡང་ཡོད་མ་རེད། རྩོམ་རིག་ནི་མི་སྒེར་གྱི་བསམ་བློ་དང་ཤེས་རབ་ཀྱི་ཉིང་བཅུད་ལས་ཐོན་ཞིང་མི་རིགས་སྤྱི་ལ་དབང་བའི་ཁྱད་མཚར་གྱི་གར་སྟེགས་ཤིག་ཡིན་འོས། སྒོས་སུ་བོད་མི་རིགས་ལ་རྩོམ་རིག་གི་བྱུང་འཕེལ་དང་རྩོམ་ཡིག་གི་ཁྱད་ཆོས་ཡོད་པའི་ཐོག་ནས་རྩོམ་ཡིག་ཆེས་མང་ས་དེ་བོད་རེད་ཅེས་”སློབ་དཔོན་ཟམ་གདོང་”ཚང་གིས་གསུངས་པ་ནང་བཞིན་རེད་ཀྱི། འདི་ཡང་ཁོང་ཚང་གིས་བོད་རྒྱུད་ནང་བསྟན་གཞུང་ལུགས་གཙོར་འདོན་གནང་བ་དེ་འདྲ་ཡིན་ས་རེད། ད་ཐེངས་འདིར་གྲོགས་པོ་ཁོང་གི་རྩོམ་དེབ་(དུས་མཐའི་རོལ་དབྱངས) ཞེས་པ་འགྲེམ་སྤེལ་གནང་འདུག་པར་མི་རིགས་སྤྱི་ནས་རྩོམ་དེབ་གཅིག་གིས་མང་སོང་བ་དང་ངོས་རང་ཐད་ནས་རྩོམ་རིག་ལ་བློ་སྦྱོང་མི་དམན་པ་ཞིག་ཐོབ་འདུག་པ་དཔེ་དེབ་ཀྱི་ཕྱི་ནང་གསང་གང་ལས་ཀྱང་ཧ་གོ་ཡོང་གིན་འདུག

དེབ་ཀྱི་སྟོད་དུམ་ལས< དྲི་ངན་འདི་བོད་ཀྱི་རུལ་དྲི་རེད་> ཅེས་པའི་བརྗོད་སྙིང་ཡང་རང་མི་རིགས་སྤྱིའི་གནས་བབས་དང་སྤུན་ཟླ་རེ་རེ་ལ་ཁ་ཚ་དགོས་གཏུགས་ཀྱི་སྐད་ཆ་རེ་རེ་ཞིབ་འབྲི་གནང་སྟེ་རྩོམ་ལུས་ཀྱི་ཆ་ནས་ཚིགས་བཅད་ཀྱི་ཐོག་ནས་བྲིས་ཤིང་གོ་སླ་ལ་ཀློག་བདེ་བའི་ཉམས་ཡང་ཡོད་པ་དེ་འདྲ་ཡིན་བཞག དེ་བཞིན< གྲྭ་ལོག་ཉེ་བར་བསྟོད་པའི་མདོ་> དང་<ཁ་ཡག་ཅན་གྱི་ལམ་སྟོན་ཚང་> ཞེས་པ་དག་ཧ་ཅང་གོ་བདེ་ལ་གནད་ཚིག་ཡོད་པ་ཏག་ཏག་ཡིན་འདུག་སྟེ་སྔ་མ་ལས” གླ་ཤི་རྩི་ཡི་རིན་ཐང་དང་། ། གླང་བསད་བ་སོའི་རྒྱན་ཆ་སོགས། ། གྲྭ་ལོག་མཁས་པའི་སྙན་གྲགས་ལ། ། ཨ་མ་ཤེས་མེད་ངུ་ནའང་། ། རུས་ཞེན་ཕ་ལོ་དགོད་མི་ཁོག ། “ ཅེས་པའང་ཚིག་གི་བསྡེབས་སྦྱོར་ཡང་ཞིང་དོན་གོ་སླ་བའི་ཁྱད་ཆོས་ལྡན་པ་འདི་ཡང་”དགེ་ཆོས་ཀྱིས”རྩོམ་འབྲི་ན་མཁས་གྲུབ་ཀརྨ་ཆགས་མེད་ཀྱིས་མཛད་པའི་ཆགས་མེད་བདེ་སྨོན་”ལྟ་བུ་ཕྲིས་ཞེས་གསུང་གནང་བའང་གྲོགས་ཀྱི་རྩོམ་ལ་ཁེལ་འདུག་སྙམ་ཡོད།

< ༣ >

སྟོད་དུམ་ལས་མི་རིགས་ཤིག་གི་ཚེ་བླ་སྲོག་གསུམ་དང་རྩོམ་པ་པོ་ཞིག་གི་རྣམ་ཤེས་འཁྱག་པ་ལ་ཐ་སྙད་དྲག་པོའི་དུག་མཚོན་གྱིས་མེ་སྟག་བསྒྲོན་ཏེ། འཚོ་བ་དང་འཚོ་བའི་གོམས་གཤིས། དགོན་སྡེ་དང་གྲྭ་ལོག་གི་ཤེས་ཡོན་བར་གྱི་ས་བཅད་སྐོང་ཤིང་། དགེ་རྒན་དང་སློབ་མའི་བར་གྱི་ལྟ་བ་དང་བསམ་བློའི་མཐུན་རྐྱེན་གླེང་ནས་དེ་དག་གི་སྟོང་ཆ་སྐོང་ཡོད་པར་འདོད། བར་དུམ་དང་སྨད་དུམ་གཉིས་རྩོམ་ལུས་དང་བརྗོད་ཉིང་གི་ཆ་ནས་སྟོད་དུམ་ལྟར་ལོགས་སུ་བཀར་རྒྱུ་མེད་པ་དེ་འདྲ་ཡིན་ནའང་། ༡ སྒྱུ་རྩལ་གྱི་ཆ། མཛེས་དཔྱོད་ཀྱི་ཆ། འཆར་ཡན་གྱི་ཆ། ༢ མགུར་རྩོམ་དང་མགུར་རྩོམ་གྱི་རྣམ་པའི་ཆ་སོ་སོ་ནས་ཅུང་ཙམ་རེ་དཔྱད་རྒྱུ་མེད་པར་མིན་ཙང་། བར་དུམ་ལ་བཞག་པའི་༼ མི་ལ་རས་པའི་མཛའ་མོ་དྲན་པ༽ ལྟ་བུར་ཆ་མཚོན་པ་ཡིན་ན། ཡུལ་དང་དུས་དང་རྣམ་པ་བཀོད་སྟངས་ལས་སྒྲུང་རྩོམ་གྱི་ཆ་ཡོད་པ་དང་། ཐ་སྙད་དང་མིང་ཚིག་བསྡེབས་ཐབས་ལས་ཀློག་པ་པོ་གང་ཞིག་གི་མིག་སྔར་བརྗོད་དོན་ཕྲ་ཞིང་ཞིབ་ཅིང་རྣམ་པ་དེའི་ཚོར་བ་དང་བདེ་སྡུག་མ་ལུས་ར་སྤྲོད་པ་ཐུབ་པ་དེས་སྒྱུ་རྩལ་གྱི་ཆ་ཡང་ལྡན་ལ། རྩོམ་པ་པོ་སུ་ཡིན་རུང་རང་ངོས་ནས་ཁྱད་ཆོས་དོད་པའི་མཛེས་དཔྱོད་ཀྱི་ཆ་ཡང་བཞེང་བསྐྲུན་ཨེ་ནུས་ལ་ཤུགས་འདོན་བཞིན་ཡོད་ན། ཁོང་གིས་དེ་ཉིད་ལས” མཛའ་བོ་རྒྱང་རིང་དུ་སོང་ཤུལ། ། སྤྲིན་དང་ཐོག་སེར་གྱིས་བཀབ་སོང་། རྒྱང་རིང་རི་ཚོགས་ཀྱི་དབུ་ལོ། ། ཇོ་ཇོའི་འཛུམ་ཞལ་ལ་བསྒོམ་ཡོད། །” ཅེས་མཛེས་སེ་དང་མཛའ་བོའི་བར་ཐག་ཁྲོད་རྩོམ་པ་པོས་ཡིད་བརྙན་གྱི་ཕོ་བྲང་དཀར་པོ་ཞིག་གམ་ལྷད་མེད་པའི་བརྩེ་དུང་དེ་མཛེས་སེའི་མིག་ཆུས་གསལ་བཤད་མ་ཐུབ་པའི་ལྷག་མ་ཞིག་རྩོམ་པ་པོས་འགྲེལ་རྗོད་བྱས་པ་དེས་མཛེས་དཔྱོད་དང་སྣང་བརྙན་སྐམ་པོ་རེ་རེ་ཀློག་པ་པོ་མཛེས་སེའི་མིག་ཆུ་ལ་རྒྱུས་མངའ་ཇེ་ཆེར་གཏོང་། རྩོམ་པ་པོ་ཞིག་ཡིན་ན་རང་གི་ཡིད་བརྙན་དང་ཡིད་བརྙན་སྦྲེལ་ནས་ཀློག་པ་པོས་རྨི་ལམ་ལས་སྒྲོལ་མ་ཐུབ་པའི་བརྗོད་དོན་དང་རྩོམ་པ་པོའི་སེམས་ཁམས་བར་གསང་བ་ཡོད་རྒུ་ར་སྤྲོད་པ་དེ་རེད། དེ་ལ་སྒྱུ་རྩལ་གྱི་བཅིངས་གྲོལ་ཡང་ཟེར་ཆོག གཉིས་པ་མགུར་རྩོམ་དང་མགུར་རྩོམ་གྱི་རྣམ་པ་དེའི་ཐད་ནས་དཔྱད་ན། མགུར་རྩོམ་ལ་རིགས་ཧ་ཅང་མང་པོ་རེད། ཡིན་ནའང་ཁོང་གིས་བྲིས་པ་ནི་ལ་གཞས་དང་མགུར་གླུའི་རྩོམ་ཐབས་བཀོལ་ས་མང་། ཡིན་ནའང་“ལ་གཞས”ཟེར་དུས་གོ་ས་མི་གཅིག་གི མཚོ་སྔོན་དང་ཨ་མདོའི་ཕྱོགས་ནས་ལ་གཞས་ཟེར་དུས་ཕོ་མོའི་བར་དགའ་གྲོགས་སྒྲིག་དུས་སྐད་ཆ་དག་ངག་ལ་དྲངས་ནས་ལེན་པ་དེ་ལ་གཙོ་བོ་དེ་ངོས་འཛིན་གྱིན་ཡོད་ས་རེད། སྡེ་དགེའི་ཕྱོགས་ནས་ལ་གཞས་ཟེར་ན་རི་ཁ་ནས་གཞས་གཏོང་བ་དེ་ལ་གོ་ཡི་རེད། ཕོ་མོའི་བར་ལེན་རྒྱུ་དེའི་མིང་ལ”མགུར་མོ”ཟེར། མང་པོ་ཞིག་ལ་མགུར་ཞེས་ཟེར་དུས་ཚངས་མགུར་དང་རས་པའི་མགུར་དེ་འདྲ་ལ་གོ་འགྲོ་ཡི་རེད། ཁོང་གིས་བྲིས་རྩོམ་ཁྲོད་ཚངས་མགུར་འབྲི་ཐབས་དང་མགུར་མོ་འབྲི་ཐབས་གཉིས་སུ་དབྱེ་རྒྱུ་ཡོད་པར་སེམས། ཚངས་མགུར་ཟེར་ནའང་ཚངས་དབྱངས་པས་གསར་གཏོད་བྱས་པ་དེ་འདྲ་ཡིན་གྱི་མ་རེད། གང་ཞེ་ན། མགུར་ཐབས་དེ་(མོན་ལ་འོག) གི་ས་ཆ་ནས་དར་བའི་མགུར་གླུ་ཞིག་ཡིན་ངེས་ཏེ་ཁོང་གི་ཡུམ་”ཚེ་དབང་ལྷ་མོ”མོན་ལ་འོག་ནས་འཚར་ཞིང་ཁོང་ཉིད་ཆུང་དུས་ནས་ཡུམ་གྱི་མགུར་གླུ་ལ་བགས་ཆགས་ཟབ་མོ་ཡོད་ཕྱིར་ཁོ་རང་དགོན་པར་ཐོག་མར་ཡི་གེ་སློབ་སྐབས་”དཀར་གསལ་བཅོ་ལྔའི་ཟླ་བ། ། ཤར་རིའི་རྩེ་ནས་ཤར་བྱུང་། ། མ་སྐྱེས་ཨ་མའི་ཞལ་རས། ། ཡིད་ལ་ཡང་ཡང་འཁོར་བྱུང་། ། “ ཞེས་གྱང་ངོས་སུ་བརྐོས་པའི་རྣམ་ཐར་ལོ་རྒྱུས་ཡོད་པ་ཡིན་ཙང་། ཕྱིས་སུ་ཁོང་གིས་མཛའ་གྲོགས་ལ་ཕ་ཡུལ་མོན་གྱི་མགུར་ཐབས་བཀོལ་ནས་མང་པོ་བྲིས་པ་དག་དར་རྒྱས་སུ་སོང་བ་དེ་འདྲ་ཡིན་ས་རེད། མོན་ནས་ངག་ཐོག་ནས་མ་གཏོགས་ཡིག་ལམ་ནས་ཁོང་དང་འདྲ་བར་བྱུང་མྱོང་མེད་རྐྱེན་”ཚངས་མགུར”ཞེས་ཕོ་མོ་ཀུན་ལ་སྙན་པའི་གྲགས་པ་འབར་བ་དེ་འདྲ་མ་ཡིན་ནམ་བསམ། དེ་འདྲ་ཡིན་ཙང་གྲོགས་ཀྱི་དེབ་ལས་ཀྱང་”ཇོ་བོའི་འཛུམ་མདངས་ཡག་ཐལ། ། དད་འབངས་སྣང་བ་མཐོ་སོང་། ། མདུན་གྱི་མེ་ཏོག་མཆོད་པ། ། སྦྲང་མས་སྐོར་བ་མཐོང་བྱུང་། ། མ་སྒོམ་བྱམས་པ་དྲན་ཚུལ། ། འུ་གཉིས་གཅིག་ར་གཅིག་རེད། ། གང་དུ་ཡོད་ན་བསམ་བྱུང་། ། ཚིག་ཅིག་འདྲི་ན་འདོད་བྱུང་། །” ཞེས་པ་འདི་ཚངས་མགུར་འབྲི་ཐབས་བཀོལ་ཡོད་ཅིང་སྐད་རིགས་ཀྱི་ཆ་ནས་ཨམ་སྐད་ཅུང་འདྲེས་ཡོད་པ་དང་སྒྱུ་རྩལ་དང་འཆར་ཡན་གསར་བ་ཞིག་བཞེངས་བསྐྲུན་གནང་འདུག དེ་ནས་ས་ཆ་འདིའི་མགུར་མོ་མགུར་ཐབས་ཀྱི་རྣམ་པ་ལྡན་པའི་” ཨ་ཞེ་ཞེ་ལུ་ཞེ་དགའ་མ། ། ཁ་ཡག་བཤད་ལ་དགའ་ལེ་མིན། ། བཤད་ན་དོན་གོ་མེད་ལེ་འོ། ། ཁྱོ་དང་འུ་གཉིས་ཤེས་ཤེས་རེད། ། “ཅེས་དང་། “ལང་ཚོ་དར་འུ་དར་སྒང་ལ། ། སྨན་ཆུང་རང་སྣང་མཐོ་བ་དེ། ། ཨ་ཁ་ཅི་ཁག་ལོ་ཆུང་རེད། ། སྐྱིད་སྡུག་གཉིས་དང་མ་ཐུག་རེད། ། “ རྫུན་ལབ་མིན་དགོ་ཞེ་དགའ་མ། ། བློ་གཅིག་སེམས་གཅིག་ཡིན་ལེ་ཡིན། ། ཡིད་ཆེས་མེད་ན་མེད་ལུགས་ཤོད། ། བདེན་པ་ང་ཡི་ལག་ན་ཡོད། ། “ ཅེས་པ་ནི་མགུར་རྩོམ་གྱི་རྣམ་པ་གཞན་ཞིག་སྟེ་བརྗོད་སྲོལ་གྱི་མཛེས་ཆ་དང་ཡུལ་ལུང་ག་གེ་མོ་ཞིག་གི་རིག་གནས་ཀྱི་ཆ་ཤས་མཚོན་པའི་དན་རྟགས་ཤིག་ཀྱང་ཡིན། རས་པའི་མགུར་རྩོམ་ཀྱི་འབྲི་ཐབས་ལྡན་ནམ་སྙམ་པའི་རྩོམ་ཡང་འདུག་སྟེ” ཧ་ཅང་སྐྱོ་བས་གདོང་མཐའ་ཉོབ་ཅིང་དུབ། ། ཕྱི་རོལ་ཡུལ་གྱི་འགྱུར་བའི་ཆ་ཤས་ཀྱིས། ། སྔུན་འདྲིས་བྱམས་པའི་ཞལ་རས་ཡིད་ལ་ཤར། ། རྣམ་འགྱུར་དུ་མས་སེམས་ཀྱི་བདེ་བ་རྫོགས། ། “ ཞེས་སྐྱོ་ཉམས་ཀྱིས་ཡིད་བརྙན་ཆུན་པོ་ཞིག་བསྐྲུན་ཞིང་མཛའ་བཅུགས་ཀྱི་ཨ་ཐང་ཆད་པའི་ངང་ཚུལ་དངོས་མ་ཞིག་ཚིག་གི་སྒྱུ་རྩལ་ལྡན་པའི་སྒོ་ནས་ཕྱི་རོལ་གྱི་ནགས་ཚལ་དང་ཆར་བ། རྩྭ་དང་མེ་ཏོག་དག་གསོན་ཉམས་དོད་པའི་འགྱུར་བ་དེའི་ཁྲོད་རྩོམ་པ་པོ་རང་ཉིད་དྲན་གདུང་ལྕི་མོ་ཞིག་གིས་བཟི་ཡོད་པའི་མངར་ཁ་སྦྱིན་པ་དེས་མགུར་རྩོམ་གྱི་རྣམ་པ་དང་ཁྱད་ཆོས་དམིགས་བསལ་བསྟན་ཡོད། འདི་ནས་ཕྲན་དཔྱད་ཟེར་ན་འདྲ། ཟིན་བྲིས་ཟེར་ན་འདྲ། དཔྱད་བརྗོད་ཟེར་བ། མྱོང་ཚོར་རམ་བཀླགས་ཚོར་ཞེས་གང་བཏགས་ཀྱང་ངོ་བསྟོད་དང་ཁ་ཡག་ཙམ་མིན་པར་སྟོང་ཆ་སྐོང་ཅི་ཐུབ་བྱེད་རྒྱུ་དེ་གལ་ཆེ་བོ་དང་གཙོ་བོར་མཐོང་སོང་བས་རང་ཉིད་ངོས་ཀྱི་ཤེས་ཡོན་དང་རྩོམ་ཡིག་གི་ལས་ཀ་ལ་ཡིད་ཆེས་བྱེད་མཁན་ཞིག་ཡིན་ཙང་འཛེམ་དོགས་མ་བྱས་པ་བཤད་ཅི་ཐུབ་བྱས་བཞག་པས་ནོངས་པ་དང་བཏགས་ནོར་བྱུང་ས་བརྒྱ་ཆ་བརྒྱ་ལས་མང་ཕྱོགས་དེ་ཡིན་ངེས་པས་གྲོགས་ལགས་ཀྱིས་དེ་ལུགས་གནང་དགོས་རྒྱུ་རེད་ཅེས་འཕྲུལ་དེབ་སྤུས་དག་ཅིག་ལེགས་འགྲུབ་བྱུང་བར་དགའ་བ་ཚད་མེད་དང་བཅས་མཚམས་བཞག་པར་བྱའོ། །

___༢༠༡༩ _༢ _༢༡ ཉིན་བྱ་བའི་བར་ནས་སྦྱར།