སྐྱེ་དགུ་མདོའི་བཙན་པོའི་སྐབས་ཀྱི་བྲག་བརྐོས་ཡིག་ཆ་ས་གནས་རང་མིས་བསྐྱར་ཞིབ་བྱས་པ།     མཆིག་ནགས་ཀུན་དགའ་རྒྱ་མཚོ།

68/470

 

ནང་དོན་གནད་བསྡུས། 

ས་གནས་རང་གི་མིས་གནའ་བོའི་བྲག་བརྐོས་རིག་གནས་སམ་ལོ་རྒྱུས་ཀྱི་རྒྱུ་ཆར་མཐོང་ཆེན་དང་བརྩི་སྲུང་གི་ཚུལ་དུ་དོན་དངོས་ཡུལ་སྐྱེ་དགུ་མདོའི་འབིས་ཁོག་གི་རྣམ་པར་སྣང་མཛད་ཀྱི་སྐུ་དང་བྲག་བརྐོས་ཡི་གེ་དག་བོད་ཀྱི་རྒྱལ་པོ་སུའི་སྐུ་དུས་ནས་བཞེངས་ཡོད་མེད་དེ་ད་ཐེངས་གུས་པོའི་ལག་ཏུ་སོན་པའི་འབིས་རང་ནས་ཐོན་པའི་སྐུ་དང་དུས་མཉམ་དུ་བྲག་ལ་བརྐོས་པའི་ཡིག་ཕྲེང་བཅུ་ཅན་དང་།

ཆོས་འབྱུང་མཁས་པའི་དགའ་སྟོན་དང་དེབ་སྔོན་དུས་ཕྱིའི་བཙུན་པ་སངས་རྒྱས་རྒྱ་མཚོའི་བྲིས་པའི་འབིས་ཁོག་རྣམ་སྣང་གི་ལོ་རྒྱུས་དང་གནས་བཤད་དེ་དག་ལས་བྲག་བརྐོས་ངོས་ཀྱི་ཁྲི་ལྡེ་སྲོང་ཞེས་གསལ་བའི་བཙན་པོ་དེ་ངོས་འཛིན་སྟངས་དང་མཚན་མི་འདྲ་བ་ཁག་གཤིབ་བསྡུར་དཔྱིས་ཕྱིན་པ་བགྱིས་ཏེ།     འོག་ནས་མར་སྒྲུབ་བྱེད་སྔོན་རྗེས་གཉིས་བཀོད་དེ་བྲག་བརྐོས་དང་དེའི་ལྷ་ཚོགས་དག་ནམ་བརྐོས་ཀྱི་ཁྱིའི་ལོ་དེ་ཁྲི་ལྡེ་སྲོང་བཙན་གྱི་སྐུ་དུས་ཡིན་པ་དང་དེའང་སྤྱི་ལོ་དང་ཐོད་གཏུགས་སྟེ་ར་སྤྲོད་གསལ་པོ་བྱས་ཡོད།

 

 

བརྡ་ཆད་གཙོ་བོ། 

འབིས་ཁོག      བྲག་བརྐོས།     རྣམ་སྣང་།      ཐང་བོད་གནའ་ལམ།     ཁྲི་ལྡེ་སྲོང་བཙན།    དགེ་སློང་ཡེ་ཤེས་དབྱངས།

 

འདིར་གུས་པས་བརྗོད་རྒྱུའི་གཙོ་བོ་ནི་ཡུལ་ཤུལ་ས་གནས་ཀྱི་རྒྱ་བཟའ་ཝུན་ཁྲིན་ཀོང་ཇོ་འཁོར་གྱིས་བཞེངས་པར་གྲགས་པའི་འབིས་ཁོག་སངས་རྒྱས་རྣམ་པར་སྣང་མཛད་ཀྱི་སྐོར་དེ་ཡིན་ཞིང་།     དེ་ཡང་ད་ལྟའི་བར་ས་གནས་རང་ནས་མགོ་བཟུང་སྟེ་དམངས་ཁྲོད་དང་གཞུང་སྒེར་གྱི་ལས་ཁུངས་དང་ཚོགས་པ།    ཡུལ་འདི་གའི་ལོ་རྒྱུས་སྨྲ་བ་དང་དམངས་ཁྲོད་རིག་གནས་དཔྱད་བརྗོད་པ་སོགས་ཀུན་གྱིས་སྐབས་འདིའི་འབིས་ཁོག་གི་སངས་རྒྱས་རྣམ་པར་སྣང་མཛད་དང་དེའི་ལྷ་ཁང་།  འཁོར་གྱི་ལྷ་ཚོགས་སོགས་སྤྱི་ལོ་༦༣༩ཡས་མས་ཏེ་བོད་རྒྱལ་སྲོང་བཙན་སྒམ་པོའི་སྐབས་སུ་རྒྱ་བཟའ་ཝུན་ཁྲིན་ཀོང་ཇོ་དབུས་སུ་ཕེབས་སྐབས་བཞེངས་པར་འདོད་ཅིང་ལྟ་བ་དེ་ཁྱབ་སྒྲགས་བྱས་པ་རེད།      དེ་ནི་རང་ས་ནས་དོན་སྙིང་ལྡན་པའི་ལོ་རྒྱུས་ཀྱི་རིན་ཐང་ཧ་མ་གོ་བ་དང་།    གཉིས་ནས་ས་གནས་རང་གི་ལྟ་བ་དེས་རང་ཡུལ་གྱི་ལོ་རྒྱུས་རིག་གནས་ཉམས་ཞིབ་ལ་གོང་ཚད་བསྟར་བ་དང་།  ད་དུང་ཕྱོགས་གཞན་ཞིག་ནས་རང་ཕྱོགས་ཀྱི་བོད་བཙན་པོའི་སྐབས་ཀྱི་གནའ་བོའི་ལོ་རྒྱུས་ལ་བརྩི་སྲུང་དང་གཅེས་སྤྲས་མ་བྱས་པ་མཚོན་གྱིན་ཡོད།   གསུམ་ནས་རང་ས་ནས་ཞིབ་འཇུག་མ་ཐུབ་པའམ་མ་བྱས་པའི་མ་དག་རྒྱུད་འཇམ་གྱི་ནོར་འཁྲུལ་ཅན་གྱི་ལྟ་བ་དེས་ས་གནས་གཞན་པ་མང་པོར་སྐབས་འདིའི་ལོ་རྒྱུས་ཞིབ་འཇུག་གི་ཐབས་ལམ་ལ་ནོར་འཇུག་གི་ལྟ་བ་དང་ལོ་རྒྱུས་ནོར་འཁྲུལ་ཅན་གྱི་ལམ་དུ་ཁྲིད་པ་ལྟ་བུ་རེད།

དེ་འདྲའི་གནས་ཚུལ་དེ་ནི་བོད་ཀྱི་གཏམ་དཔེར་ལྷ་སའི་རྒན་མོས་ལྷ་སའི་ཇོ་བོ་མ་མཇལ་ཞེས་པའི་དཔེ་རུ་སོང་བའི་གནས་བབས་འོག་ནས་སྤྱི་ལོ་༡༩༨༨ལོར་ཨ་མདོ་ཁུལ་གྱི་བོད་རིག་པ་གཉའ་ཀོང་དཀོན་མཆོག་ཚེ་བརྟན་དང་པདྨ་འབུམ་གཉིས་ཡུལ་ཤུས་ས་གནས་འདིར་དངོས་སྐྱོད་ཀྱིས་ཞིབ་དཔྱད་གནང་ཞིང་།   ཁ་བྱང་ལ་(ཡུལ་ཤུལ་ཁུལ་གྱི་བོད་བཙན་པོའི་སྐབས་ཀྱི་རྟེན་ཡིག་བྲག་བརྐོས་མ་འགའ)ཞེས་པའི་དཔྱད་རྩོམ་ཁྱབ་བསྒྲགས་དང་འགྲེམས་སྤེལ་བྱས་པ་རེད། ཁོང་གཉིས་ཀྱིས་ཡང་སྙིང་ཞིབ་འཇུག་གི་འབྲས་བུར་ཡུལ་ཤུལ་ཁུལ་གྱི་གནའ་བོའི་བྲག་བརྐོས་དེ་ནི་སྔོན་གྱི་ཆོས་འབྱུང་དང་དེབ་ཐེར་སོགས་ལས་བཤད་པའི་སྲོང་བཙན་སྒམ་པོའི་སྐབས་སུ་བཞེངས་པ་མ་ཡིན་པར་དེ་ནི་དེའི་ཕྱིས་སུ་བཞེངས་པར་ཐག་བཅད་ཅིང་སྡོམ་ཚིག་བཞག་ཡོད་འདུག  དེའི་རྗེས་བོད་རིག་པའི་ལོ་རྒྱུས་དབང་མཁར་རྨེའུ་བསམ་གཏན་རྒྱལ་མཚན་ལགས༡༩༩༣ལོར་ས་གནས་རང་ལ་དངོས་བྱོན་གྱིས་ཞིབ་དཔྱད་རགས་ཙམ་གནང་ཞིང་གོང་གི་ཁོང་གཉིས་ཀྱི་འདོད་ཕྱོགས་དེར་མོས་མཐུན་གནང་བ་མ་ཟད།   རང་ཉིད་ཀྱི་ཞིབ་འཇུག་གི་ཐབས་ལམ་ལས་གནས་ཚུལ་གལ་ཆེན་འགའ་གླེང་བརྗོད་གནང་བ་ལས་གཞན་ད་སྔོན་འདིའི་སྐོར་ལ་སུས་ཀྱང་ཡིད་རྟོན་རུང་བ་དང་དམངས་ཁྲོད་དུ་ངོས་འཛིན་དང་ངེས་ཤེས་འདྲོངས་བ་ཞིག་གླེང་མེད་པའི་ཚོད་དུ་འདུག     མ་ཟད་ས་གནས་རང་མི་ནས་མགོ་བཟུང་སྟེ་ས་གནས་རང་གི་གལ་ཆེའི་ལོ་རྒྱུས་ཀྱི་འགན་བབ་ཕྲག་ཏུ་ཁུར་མཁན་ཞིག་བྱུང་མ་སོང་ལ།    དེ་ལས་ཀྱང་རང་གི་ས་གནས་ལ་གནའ་བོའི་རྩ་ཆེའི་ལོ་རྒྱུས་རིག་གནས་དང་གནའ་བོའི་དུས་ནས་བོད་རྒྱའི་མི་རིགས་མཛའ་མཐུན་གྱི་དཔང་རྟགས་བསྙོན་མེད་དེ་བདེན་པ་བདེན་རྐྱང་གིས་རིན་ཐང་ངོས་འཛིན་ཐུབ་མཁན་དང་འཚོལ་ཞིབ་གནང་མཁན་བྱུང་མ་སོང་།

 

གནས་བབ་དེ་འདྲའི་འོག་ནས་གུས་པས་སྐབས་དེའི་ལོ་རྒྱུས་སྤྱིའི་འགྲོ་ཕྱོགས་དང་གླེང་ཕྱོགས་སྐོར་གྱི་དེབ་ཐེར་དང་ཆོས་འབྱུང་རྒྱལ་རབས་སོགས་ཀྱི་ཡིག་རྙིང་དང་དེར་རབས་དཔྱད་བརྗོད་གང་མང་ལ་ཐུབ་ཚོད་ཀྱིས་ལྟ་ཀློག་དང་དཔྱད་བསྡུར་བྱས་ཤིང་།      གུས་པ་སྐྱེ་ས་དང་འཚོ་བ་རོལ་ས་ས་གནས་འདི་ཡིན་པས་ཡུལ་ལུང་འདི་དང་དམངས་ཁྲོད་ཀྱི་བཤད་སྒྲོས།   འབིས་ཁོག་གི་སའི་ཆགས་བབ་དང་དེའི་གཙུག་ལག་ཁང་གི་བཞེངས་སྟངས།    ནང་གི་སྐུ་གསུང་ཐུགས་རྟེན་དང་དད་མཇལ་རྣམས་ཀྱི་མོས་འདུན་དང་ཡུལ་གྲུ་སོ་སོ་ནས་ཆེད་དུ་ཕེབས་པའི་མགྲོན་པོ་རྣམས་ཀྱིས་མཇལ་སྟངས་དང་འདོད་ཕྱོགས་དེ་དག་ད་ལྟའི་གནས་བབ་དང་བཅས་དཔྱད་གཞིའི་རྒྱབ་ལྗོངས་བྱས་ནས་སྐྱེ་དགུ་མདོའི་བོད་བཙན་པོའི་སྐབས་ཀྱི་བྲག་བརྐོས་ཡིག་ཆ་དང་ལྷ་སྐུ་སོགས་ས་གནས་རང་མིས་བསྐྱར་ཞིབ་བྱས་པ་ཞེས་པའི་ཁ་བྱང་སྟེང་ནས་དཔྱད་བརྗོད་ཅིག་འབྲི་བའི་ཁུར་བླངས་པ་ཡིན།

 

དེ་ཡང་སྐྱེ་དགུ་མདོ་ནི་ལུང་མདོ་གསུམ་འདྲེས་སའི་རྒྱུད་དང་རྨ་འབྲི་རྫ་གསུམ་གྱི་ནང་ཚན་འབྲི་ཆུའི་རྒྱུད་དུ་ཆགས་ཡོད་ལ།   བོད་རྒྱ་མི་རིགས་གཉིས་ཀའི་ལོ་རྒྱུས་ལས་ས་ཆ་འདིས་གནས་བབ་གལ་ཆེན་བཟུང་ཡོད་དེ།     དེ་ཡང་གནའ་བོའི་བོད་རྗེ་སྲོང་བཙན་སྒམ་པོ་དང་རྒྱའི་ཐང་རྒྱལ་རབས་ཀྱི་དུས་ནས་མགོ་བརྩམས་ཏེ་བོད་རྒྱ་མི་རིགས་གཉིས་བར་ལ་མཛའ་འབྲེལ་ཐོག་མར་བྱུང་ས་དང་།   བོད་རྒྱ་གཉིས་ཀྱི་ལོ་རྒྱུས་སུ་ཐང་བོད་གནའ་ལམ་ཞེས་པའི་ལྟེ་བ་ཡིན།     དེའི་རྗེས་དཔལ་ལྡན་ས་སྐྱ་ཚང་གིས་བོད་སྲིད་འཛིན་སྐབས་རྒྱ་ནག་གི་ཡོན་རྒྱལ་རབས་གཉིས་བར་གྱི་ཆབ་སྲིད་དང་དཔལ་འབྱོར་དམག་དོན་ཚོང་ལས་སོགས་ཀྱི་ལྟེ་བ་ལྟ་བུར་གྲུབ།     ད་དུང་བོད་སོག་གཉིས་བར་གྱི་འབྲེལ་འཛུགས་ཀྱི་ལྟེ་བ་དང་ཚོང་ལས་ཀྱི་ས་དཀྱིལ།

 

ཧོར་གོ་དན་དང་འགྲོ་མགོན་ཆོས་འཕགས་སོགས་ཀྱི་མཆོད་ཡོན་བར་གྱི་ས་གནས་དམིགས་བསལ་བ་ཞིག་དང་།  སྐབས་དེར་འགྲོ་མགོན་ཆོས་རྒྱལ་འཕགས་པས་ཕྱག་བཏབ་ཅིང་བཞེངས་པའི་དགོན་པ་ཞིག་ཀྱང་ཡུལ་ཤུལ་ཁུལ་ཐོག་རང་ལ་ཡོད་པ་སོགས་འདིའི་སྐོར་ནི་སྐབས་འདིའི་དཔྱད་རྩོམ་ལ་འབྲེལ་མི་ཆགས་པས་དེ་ཙམ་གྱིས་ཆོག་པར་བྱ།

 

མཆན།     གོང་གི་དགོན་པ་དེའི་གྲུབ་མཐའ་ནི་ས་སྐྱ་བ་ཡིན་ལ་དགོན་མིང་ལ་ད་ལྟའི་ཆར་སྐྱེ་དགུ་དོན་གྲུབ་གླིང་ཞེས་འབོད།   མིང་དེ་ནི་དུས་ཕྱིས་བཏགས་པའི་མཚན་ཡིན་པར་མངོན་མོད།   འོན་ཀྱང་དང་པོའི་དགོན་པའི་མིང་ངམ་མཚན་ཇི་འདྲ་ཡིན་པའི་སྐོར་གྱི་ཡིག་ཆ་མ་རྙེད།     ཡང་སྐྱེ་དགུ་མདོ་ཞེས་པ་འདིར་རྫ་སྐྱེ་དགུ་མདོ་དང་།   སྒ་སྒྱེ་དགུ་མདོ་སོགས་འབོད་སྲོལ་མི་འདྲ་བ་འགའ་བྱུང་མོད་དེ་དག་ནི་ཡུལ་འདིའི་གནས་ཡུལ་རྫ་ཁུལ་དང་ཡང་ན་ཉེ་འཁོར་དུ་གནས་པའི་ཆུ་བོ།    དུས་རབས་བཅུ་གསུམ་པར་སོག་པོའི་རྒྱབ་བརྟེན་འོག་ནས་སའི་བགོ་སྟངས་བཅས་ལ་འབྲེལ་ཏེ་མིང་གི་འབྲི་སྲོལ་མི་འདྲ་བ་དང་འབོད་སྟངས་མི་འདྲ་བ་ཙམ་ཡིན་སྲིད།    སྤྱིའི་ཆ་ནས་ཡུལ་ཤུལ་ལམ་སྐྱེ་དགུ་མདོ་འདི་ནི་སྔོན་གྱི་ཡི་གེ་ཁག་དང་སྲོལ་རྒྱུན་གྱི་དབྱེ་སྲོལ་ལྟར་ན་མདོ་དབུས་ཁམས་གསུམ་ནས་ཁམས་གྱི་ཕྱོགས་སུ་གཏོགས་ལ།   ཀྲུང་གོ་གསར་པ་དབུ་རྙེད་རྗེས་ས་ཁུལ་འདི་མཚོ་སྔོན་ཞིང་ཆེན་གྱི་སྲིད་འཛིན་མངའ་ཁུངས་སུ་བཞག་ཡོད་པ་རེད།       ཁུལ་འདིའི་མངའ་ཞབས་སུ་རྫོང་དྲུག་ཡོད་པ་དེ་དག་ནི།   ནང་ཆེན།   རྫ་སྟོད།  ཆུ་དམར་ལེབ།   ཡུལ་ཤུལ།    ཁྲི་འདུ།    འབྲི་སྟོད་བཅས་སོ།།

 

དེ་ཡང་ཡུལ་འདིར་མཆིས་པའི་དཔྱད་གཞི་དངོས་སངས་རྒྱས་རྣམ་པར་སྣང་མཛད་དམ་བེེ་རོ་ཙ་ནའི་གནའ་བོའི་བྲག་བརྐོས་ཡོད་སའི་གནས་འབྲི་ཁོག་ཅེས་པའི་མིང་དེ་རིམ་གྱིས་ཡུལ་ལུང་འདིའི་ཁ་སྐད་ཀྱི་དབང་གིས་འབིས་ཁོག་ཅེས་སུ་གྲགས་པའི་ས་ཆ་འདི་ནི་ཡུལ་ཤུལ་ཁུལ་ནས་བྱས་པའི་ཤར་ལྷོའི་མཚམས་སུ་ཡོད་ལ།    དཔལ་ཐང་ནས་ཡུལ་ཤུལ་ཁུལ་གྱི་སྲིད་འཛིན་ལྟེ་བའི་ཕྱོགས་སམ་བྱང་ཕྱོགས་སུ་འབབ་པའི་ཆུ་བོ་དེར་དཔལ་ཆུ་ཞེས་བྱ།   ཡུལ་ཤུལ་ཁུལ་ནས་ཆུ་བོ་དེ་ལྡོག་རྒྱུད་ཀྱིས་སྤྱི་ལེ་༢༥ཙམ་སོང་ན་ལུང་བ་འགག་དོག་མོ་ཁ་ལྷོ་ནུབ་ཕྱོགས་སུ་འཁོར་ནས་ཡོད།

 

མཆན།  (གོང་གི་འབིས་ཁོག་ཅེས་པའི་ས་ཆ་དེར་ཡུལ་འདི་གའི་མི་འགའ་ཤས་ཀྱིས་བེ་ཁོག་ཅེས་འབོད་ལ།    དེ་ནི་ལུང་བ་དེའི་ནང་དུ་སངས་རྒྱས་བེེ་རོ་ཙ་ནའི་སྐུ་གཟུགས་བཞེངས་ཡོད་པའི་རྒྱུ་མཚན་དུ་ཙམ་དུ་ཟད།)      སངས་རྒྱས་རྣམ་པར་སྣང་མཛད་བཞེངས་སའི་ལྷ་ཁང་དེ་ནི་ལུང་བ་དེའི་མདའ་སྒོ་ནས་སྦུགས་སུ་སྤྱི་ལེ་ཕྱེད་ཙམ་གྱི་སར་སྲ་ཞིང་མཁྲེགས་པའི་བྲག་གི་ངོས་གཟར་ལ་གཡའ་ཆགས་པ་མཐོན་པོ་ཞིག་གི་འདབས་སམ་འགྲམ་དུ་འགྱིངས་ངེར་བཞེངས་ཡོད།

ལྷ་ཁང་དེར་ཐོག་བརྩེགས་གཅིག་ལས་མེད་ལ།

དབྱིབས་གྲུ་བཞི་ནར་མོ་དང་ཚོམས་ཆེན་གཅིག    མཐའ་འཁོར་གྱང་བརྩིགས་མཐོན་པོའི་ར་བས་སྐོར་ཡོད།

ལྷ་ཁང་ནང་དུ་ལྷ་དགུའི་གཙོ་བོ་རྣམ་པར་སྣང་མཛད་དེ།  སྲོལ་རྒྱུན་ལྷ་ཚོགས་ཀྱི་གདན་ཏེ་སེང་ཁྲི་པད་ཟླ་ཅན་ལ་བཞུགས་ཡོད།

 

 

 

དཔྱད་པ་དངོས་ལ་འཇུག་པར།  

འོག་ནས་གོང་གི་ཞིབ་འཇུག་པ་རྣམས་གཉིས་ཀྱི་དཔྱད་འབྲས་དང་སྤྱི་ལོ་༡༩༥༨ལོར་བཙུན་པ་སངས་རྒྱས་རྒྱ་མཚོས་བྲིས་པའི་འབིས་ཁོག་གི་གནས་ཡིག་བཅས་ལ་ཐུབ་ཚོད་ཀྱིས་གཤིབ་བསྡུར་དང་།    གཙོ་ཆེར་འབིས་ཁོག་རྣམ་སྣང་བྲག་བརྐོས་ཀྱི་ཕྱག་གཡས་པའི་གདན་འོག་གམ་ས་འོག་ཏུ་ཡོད་པའི་བཙན་པོའི་སྐབས་ཀྱི་བྲག་བརྐོས་ངོ་མ་དེ་པར་སློག་བརྒྱབ་པ་ལག་སོན་བྱུང་ཡོད་པར་གཞི་བཅོལ་ཞིང་ཆོས་འབྱུང་མཁས་པའི་དགའ་སྟོན་དང་དེབ་སྔོན་སོགས་ནས་སྐབས་འདིའི་བཙན་པོའི་མཚན་གྱི་རྣམ་གྲངས་དང་ངོས་འཛིན་སྟངས།  དེའི་འཁྲུལ་གཞི་སོགས་བཅས་གཞི་གཅིག་ཏུ་བསྡེབས་ཏེ་དཔྱད་པའི་ཁུལ་བྱ་བ་ལ།

དེ་ཡང་རྒྱ་བཟའ་དབུས་ལྷ་ལྡན་དུ་ཕེབས་ལམ་དེ་བྱང་ལམ་དང་ཡང་ན་ལྷོ་ལམ་རྒྱུད་དེ་ཕེབས་པ་དང་།  ད་དུང་དེ་ལས་གཞན་པའི་ཕེབས་ལམ་སོགས་ལོ་རྒྱུས་དཔྱད་འབྲི་བ་དག་གི་འདོད་ཕྱོགས་མི་མཐུན་པ་ཅི་རིགས་ཡོད་མོད།   འོན་ཀྱང་སྐབས་འདིར་ཕེབས་ལམ་གྱི་སྐོར་ནས་སྔོན་གྱི་ཁུངས་ཐུབ་ལོ་རྒྱུས་རེ་གཉིས་ཙམ་དང་སྐྱེ་དགུ་མདོའི་དམངས་ཁྲོད་འདོད་སྲོལ་དང་གླེང་ཕྱོགས་དེ་སོར་འཇོག་བྱ་ལ།

དེ་ལྟར་བྱས་ན་རྒྱ་ནག་གི་སྐབས་དེའི་རྒྱལ་ས་ཁྲང་ཨན་ནས་ལམ་ལ་ཆས་ཤིང་འབྲི་ཆུ་བརྒལ་ཞིང་།  ཡུལ་ཤུལ་གྱི་ལེབ་ཁོག་རྒྱུད་དེ་འབིས་ཁོག་ཏུ་སླེབས་ཡོད་སྲིད་ལ།   དེ་ཡང་ལེབ་ཁོག་ནི་ལུང་བ་ཁ་བྱང་ཤར་དུ་གཏད་ཡོད་པ་དང་འབིས་ཁོག་ནི་ལྷོ་ནུབ་མཚམས་སུ་གཏད་པ་གཉིས་ནི་ལུང་པ་ཕར་ནང་ཚུར་ནང་དེ་ལ་གཅིག་གིས་བཅད་ཡོད།

དེ་ཡང་ཐོག་མར་སྤྱིའི་ཆ་ནས་འབིས་ཁོག་གི་རྣམ་སྣང་དེ་སྲུང་བཙན་སྒམ་པོས་བསུས་པའི་རྒྱ་བཟའ་ཉིད་ཀྱིས་བཞེངས་པར་འདོད་པའི་སྲོལ་ནི་གཙོ་ཆེར་མ་ཎི་བཀའ་འབུམ་ལ་ཁུངས་གཏུགས་དགོས་ཤིང་།   དཔེ་ཆ་དེར་སྲོང་བཙན་སྒམ་པོའི་རྣམ་ཐར་དང་ཁོང་གིས་བསུས་པའི་རྒྱ་བཟའ་དང་བལ་བཟའི་ལོ་རྒྱུས་སྐོར་དང་།   དེའི་ལེ་ཚན་གཉིས་པར་འུན་ཤིང་ཀོང་ཇོ་རྒྱ་ནག་ནས་བོད་དུ་ཕེབས་ཚུལ་དང་།  བཙུན་མོས་ལམ་བར་ནས་བྲག་བརྐོས་གཟུགས་བརྙན་སོགས་བརྐོས་ཚུལ་གྱི་ནང་དོན་ཡིན།   དཔེ་རྙིང་དེར་ཁུངས་བཅོལ་ནས་བྲིས་པའི་རྗེས་ཀྱི་ཡིག་ཆ་མང་དག་གིས་འདོད་ཚུལ་དེ་བདེན་པར་བཟུང་ནས་ལྟ་བ་དེ་རྒྱ་ཁྱབ་ཏུ་བཏང་བ་རེད།

དེ་ནས་ཡུལ་ལུང་རང་ནས་དུས་ཕྱིས་སྤྱི་ལོ་༡༩༥༨ལོར་སྐྱེ་དགུ་དོན་གྲུབ་གླིང་གི་བཙུན་པ་སངས་རྒྱས་རྒྱ་མཚོ་ཞེས་པས་(མདོ་སྟོད་གནས་ཆེན་འབིས་རྣམ་སྣང་ཞེས་ལྷ་ཅིག་རྒྱ་བཟའ་ཀོང་ཇོས་བརྐོས་པའི་དཀར་ཆག་དོན་བཞིན་སྟོན་པའི་ཞལ་ལུང་)ཞེས་པ་བརྩམས་པ་དང་།    དཔེ་ཆ་དེར་ཁོང་གིས་རང་གི་འདོད་ཕྱོགས་ལ་འབིས་ཁོག་གི་བྲག་བརྐོས་དེ་སྲོང་བཙན་གྱི་སྐུ་དུས་སུ་བཞེངས་པར་ཐག་བཅད་པ་དེས་ཡུལ་ལུང་འདི་དང་ཉེ་འཁོར་ཡོད་ཚད་ལ་དོགས་འདྲི་དང་ཐེ་ཚོམ་གྱི་སྤོབས་པ་རྩད་ནས་བཅོམས་ཤིང་།        སྔར་གྱི་འདོད་ཕྱོགས་དེར་ཡིད་ཆེས་དང་རྒྱབ་བཅོལ་ཇེ་ཆེ་རུ་སོང་ཡོད་མོད།   འོན་ཀྱང་བཙུན་པ་སངས་རྒྱས་རྒྱ་མཚོས་གཙོ་ཆེར་བུ་སྟོན་ཆོས་འབྱུང་གི་ནང་ནས་བྱུང་བའི་སྲོང་བཙན་སྒམ་པོ་དང་ཁྲི་ལྡེ་སྲོང་བཙན་སྐོར་གྱི་རྙོག་འཛིང་གི་བཞེད་ཕྱོགས་དེར་ཁུངས་བཅོལ་ནས་རང་ལུགས་བདེན་བདེན་ལྟར་བཞག་ཡོད་མོད།

ང་ཚོའི་འབིས་ཁོག་གི་བྲག་བརྐོས་ཡི་གེ་གནའ་བོའི་བཙན་པོའི་སྐབས་ཀྱི་ཡིན་པ་ནི་བྲག་བརྐོས་རང་གི་ངོས་ནས་བྲག་བརྐོས་ཡི་གེའི་ཁྱད་ཆོས་དང་མིང་བརྡ།   ཐ་སྙད།  ཚིག་གི་སྦྱོར་བ་སོགས་ཀྱི་སྟེང་ནས་ར་སྤྲོད་ཐུབ་པ་ནི་ཀུན་གྱིས་ཁས་ལེན་དུ་རུང་བ་ཞིག་ཡིན།

སྤྱིར་ནི་བཀའ་ཐང་དང་ཆོས་འབྱུང་མཁས་པའི་དགའ་སྟོན་གཙོར་བྱས་པས་དོན་ལ་འཁྲུལ་བ་མེད་ནའང་།   བཙན་པོ་ཁྲི་གཙུག་ལྡེ་བཙན་ཞེས་པ་དེ་བོད་རྒྱལ་ཞེ་གཉིས་པ་མངའ་བདག་ཁྲི་རལ་པ་ཅན་ལ་གོ་དགོས་ཚུལ་དང་ད་དུང་བཙན་པོ་ཁྲི་ལྡེ་སྲོང་བཙན་དེར་སད་ན་ལེགས་མཇིང་ཡོན་ཞེས་བྱ་ཚུལ།   རྒྱལ་པོ་གཅིག་ལ་མཚན་གྱི་རྣམ་གྲངས་མང་པོ་ཡོད་པར་བསྟན་པ་དེས་བོད་ཀྱི་ལོ་རྒྱུས་སྤྱི་ལ་རྙོག་དྲ་ཚབ་ཆེན་ཞིག་བཟོས་ཡོད།

དེའི་ཕྱིར་ང་ཚོས་འདི་ནས་གནའ་བོའི་བཙན་པོའི་སྐབས་ཀྱི་རྡོ་རིང་དང་བྲག་བརྐོས་ཡི་གེ  ཏུན་ཧོང་བོད་ཀྱི་ཡིག་རྙིང་།   མ་ཎི་བཀའ་འབུམ་དང་བུ་སྟོན་ཆོས་འབྱུང་།   དེབ་ཐེར་དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས་དང་བཙུན་པ་སངས་རྒྱས་རྒྱ་མཚོའི་འབེལ་གཏམ་ལུང་གི་སྙིང་པོའི་ཞལ་ལུང་བཅས་ལས་དོན་དམ་པར་ཁྲི་ལྡེ་སྲོང་བཙན་དང་སྲོང་བཙན་སྒམ་པོ།     ཁྲི་གཙུག་ལྡེ་བཙན་དང་སད་ལ་ལེགས་མཇིང་ཡོན་བཅས་དོན་དམ་པར་ཡིག་ཆ་དེ་དག་གི་ངོས་འཛིན་སྟངས་དང་གསལ་བཤད་བྱེད་སྟངས་གསལ་བོ་ཤེས་དགོས་པ་ནི་ཐེངས་འདིར་རྩ་བའི་གནད་དུ་མཐོང་།

གནས་དེའི་རྩྭ་དང་རྡོ་བའི་གསེབ་ཀྱི་ཡིག་ཕྲེང་ལས་ཀྱང་(ཁྱིའི་ལོ)ཞེས་པའི་ཡིག་འབྲུ་ལས་གཞན་ཡོངས་སུ་དག་ཟིན་པས་མཐོང་མི་ཐུབ་པ་དང་།    གཞན་ས་ངོས་ལས་སྨི་གཉིས་ཙམ་འཕགས་པའི་བྲག་སྟེང་གི་ཡིག་ཕྲེང་དག་ལས་ཀྱང་གོང་དང་འདྲ་བར་འབྱུང་བས་ང་ཚོའི་སྐབས་འདིའི་ཞིབ་འཇུག་གི་ལམ་དེ་བལྟས་ཚོད་ལ་ཧ་ཅང་རྙོག་འཛིང་ཅན་ཞིག་ཏུ་མཐོང་ནའང་།     དོན་དངོས་འོག་ནས་འབྱུང་བའི་གནའ་བོའི་བྲག་བརྐོས་ཡིག་ཕྲེང་བཅུ་ཅན་གྱི་ནང་གི་ཁྲི་ལྡེ་སྲོང་བཙན་ཞེས་པའི་བཙན་པོ་དེ་བོད་རྒྱལ་གདུང་རབས་གང་ལ་ངོས་འཛིན་དགོས་མིན་གྱི་གནད་ཀ་དེ་གཏན་ལ་ཕབས་ཟིན་རྗེས་གོང་གི་(ཁྱིའི་ལོ)ཞེས་པའི་ཨང་གི་དེའང་རང་ཤུགས་ཀྱིས་ངོས་འཛིན་སླ་བོར་ཆགས་འདུག་སྙམ།

དེ་ཡང་གོང་གི་ཆོས་འབྱུང་དང་དེབ་ཐེར་དག་ལས་དོན་བསྡུས་ཀྱིས་རྩ་བའི་གནད་ཀ་ངོས་བཟུང་བ་ལ།

དེ་ཡང་ཇི་སྐད་དུ།    དེའི་སྲས་གནམ་རི་སྲོང་བཙན་དང་།   བཙུན་མོ་ཚེ་བཟའ་འབྲི་བཟའ་ཐོད་དཀར་གྱི་སྲས་མཚན་དང་ལྡན་པ།  དབུ་ལུ་ཨ་མི་ཏྰ་བྷ་བཞུགས་པ་ཞིག   མེ་མོ་གླང་ལ་བལྟམས་ཏེ།   ཁྲི་ལྡེ་སྲོང་བཙན་དུ་བཏགས་ཏེ།   དབུའི་འོད་དཔག་མེད་དར་ལེབ་རྒན་གྱིས་དཀྲིས་ཏེ།   ལོ་བཅུ་གསུམ་པ་རྒྱལ་སར་བཏོན།  ཞེས་པ་འདིར་དཔྱད་བསྡུར་ཅི་ཡང་མེད་པར་བཙུན་པ་སངས་རྒྱས་རྒྱ་མཚོས་ཁུངས་བཅོལ་ནས་རང་ལུགས་འཐད་ལྡན་དུ་བཞག་པ་དང་།  དེའི་ཕྱིས་ཀྱི་ཁོང་གི་བཞེད་ཕྱོགས་དེ་དག་རྩ་བའི་ཆ་ནས་བྲག་བརྐོས་དངོས་ཀྱི་ལོ་རྒྱུས་དང་མཐུན་ཐབས་མེད་པ་ཞིག་ཏུ་གྱུར་བ་རེད། ད་དུང་ཁྲི་ལྡེ་སྲོང་བཙན་གྱི་མཚན་གཞན་ནམ་གཅེས་མིང་ལ་སྲོང་བཙན་སྒམ་པོར་འདོད་པ་ནི་རྩ་བའི་གནད་ཀྱི་ཆ་ནས་ཁུངས་གཏུགས་སའི་ནོར་འཁྲུལ་ཅན་གྱི་ལོ་རྒྱུས་དག་ལ་ཞིབ་དཔྱད་མ་ཐུབ་པ་དང་གཅིག     གལ་ཏེ་དོན་འབྲས་ཅིས་ཀྱང་དབེན་པའི་བཤད་ཚུལ་དེར་བརྟག་དཔྱད་ཞིབ་མོར་བགྱིས་ནའང་སྐབས་འདིའི་བྲག་བརྐོས་ནང་གི་ཁྲི་ལྡེ་སྲོང་བཙན་དུ་བསྒྱུར་ཐབས་མེད་པས་འདིར་གླེང་བར་དགོས་པ་མི་འདུག་སྙམ།

གོང་གི་ཡིག་ཆ་དེ་དག་ལས་སྤྱི་སྡོམ་གྱིས་དོན་དམ་པའི་ཁྲི་ལྡེ་སྲོང་བཙན་ཞེས་པའི་བཙན་པོ་དེ་སྟབས་བདེ་བོའི་སྒོ་ནས་ངོས་འཛིན་བཟོས་ན་འདི་ལྟ་སྟེ།    ཁོང་ནི་བོད་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱི་སྲས།  ཁྲི་གཙུག་ལྡེའུ་བཙན་གྱི་ཡབ།    བོད་བཙན་པོའི་གདུང་རབས་ཞེ་གཅིག་པ་མཚན་དངོས་ལ་སད་ན་མཇིང་ཡོན་ནམ་མུ་ཏིག་བཙན་པོ་ཁོང་ཡིན་ལ།     ཁྲི་ལྡེ་སྲོང་བཙན་ཞེས་པའི་ཡོངས་གྲགས་ཀྱི་ཁོང་གི་མཚན་འདི་ནི་ང་ཚོས་བཀའ་ཐང་སྡེ་ལྔ་གུང་བསྒྲིགས་ནས་བལྟས་ན་ཡབ་ཀྱིས་གསོལ་བ་ཡིན་པ་ནི་ཐག་གིས་ཆོད་པ་ཞིག་རེད།  དེའི་ཕྱིར་འབིས་རྣམ་སྣང་གི་བྲག་བརྐོས་ངོས་དང་རྣམ་སྣང་གི་ཕྱག་གཡས་པའི་ས་འོག་ཏུ་བཞུགས་པའི་མ་ཡིག་པར་སློག་བརྒྱབ་པ་དེ་དག་ནས་ཐོན་པའི་བཙན་པོ་དེ་ཁོང་ཡིན་པ་ཡང་སྟབས་བདེའི་བོའི་ངང་ནས་ཤེས་ཐུབ་པ་དེའོ།།

དེ་ཡང་རྒྱལ་པོ་བཀའ་ཐང་ལས།

སློབ་དཔོན་མཚན་གསོལ་མུ་ཏིག་བཙན་པོ་དང་།།     ཡབ་ཀྱིས་མཚན་གསོལ་ཁྲི་ལྡེ་སྲོང་བཙན་ཞེས།།

ནང་བློན་མཚན་གསོལ་མཇིང་ཡོན་སད་ན་ལེགས།།   ཞེས་པ་འདི་ནས་ཀྱང་གསལ་བོ་རྟོགས་ཐུབ་བོ།།

སྤྱིའི་ཆ་ནས་བོད་རྒྱལ་གཞན་དང་མི་འདྲ་བར་བཙན་པོ་འདིས་རྡོ་རིང་དང་བྲག་བརྐོས་དྲིལ་བུ་ཁ་བྱང་སོགས་ཧ་ཅང་མང་བོ་བཞེངས་ཡོད་པ་ནི་ད་ལྟ་དངོས་སུ་བདག་ཅག་གི་འདྲེན་བྱེད་ཀྱི་ཡུལ་བཞུགས་པ་མ་ཟད།   ཏུན་ཧོང་ཡིག་རྙིང་དུ་ཅི་འདྲའི་མང་བོ་ཞིག་བྱུང་ཡོད་པ་ནི་སྨོས་མ་དགོས་སོ།།    གང་ལྟར་འདིའི་ཐད་ཀྱི་སྒྲུབ་བྱེད་དང་ལོ་རྒྱུས་ཀྱི་རྒྱ་ཆ་གང་མང་མང་ཞིག་བྲན་ཀ་དཔལ་ཡོན་གྱི་གཟེངས་བསྟོད་རྡོ་རིང་སོགས་གཙོར་བྱས་པའི་གནའ་བོའི་རྡོ་རིང་དང་བྲག་བརྐོས་ཡིག་ཆ།   ཏུན་ཧོང་ཡིག་ཆ་སོགས་ཧ་ཅང་མང་བོ་མཆིས་ནའང་གོང་དེ་དག་ལས་ལྷག་པ་འདིར་རྒྱས་འགོད་བྱེད་རྒྱུར་ངལ་བ་དགོས་དོན་མི་འདུག་གོ།

སྒྲུབ་བྱེད་དང་པོའི་སྐབས་ཀྱི་(ཁྱིའི་ལོ)ཞེས་འབྱུང་བ་འདི་ཧ་ཅང་གལ་ཆེན་དུ་མཐོང་བས་དེ་ངོས་བཟུང་བ་ལ།    ཐོག་མར་བཙན་པོ་ཁོང་གི་ལོ་རྒྱུས་ཅུང་ཟད་མི་གླེང་ཐབས་ཡིན་པས་འདིར་ཉུང་བསྡུས་ཀྱིས་འགོད་དེ།

དེ་ཡང་རྒྱལ་པོ་བཀའི་ཐང་ཡིག་ལས།     དེ་ཡང་མཇིང་ཡོན་མུ་ཏིག་བཙན་པོའི་སྐུ་རིང་ལ།།   དཔལ་གྱི་བསམ་ཡས་ཤར་སྒོ་མཚམས་སུ་ནི།།    དམ་པའི་རྒྱ་མཁར་རྩེ་དགུ་བཞེངས་སུ་གསོལ།།   ཞེས་སོགས་འདི་ནས་མང་དྲགས་པས་བསྡུས་པར་བྱ་ལ།  མདོར་བསྡུས་ན་བཙན་པོ་ཁོང་གིས་རྒྱ་མཁར་རྩེ་དགུ་བཞེངས་པ་དང་།   གདུང་རབས་གོང་མ་རྣམས་ཀྱི་ཕྱག་སྲོལ་ལྟར་བཀའ་ཁྲིམས་དང་དམག་ཁྲིམས་སྔར་བས་བཟང་བར་བསྐྱངས་ཤིང་།   རྒྱལ་པོ་རང་ཉིད་ཀྱིས་གསང་སྔགས་ཀྱི་འབྲས་བུའི་ཆོས་རྣམས་ཉམས་སུ་བླངས་པ།     གོང་ནས་དྲངས་པའི་སློབ་དཔོན་དང་བཙན་པོ་བཅས་ཀྱིས་མཚན་གསོལ་སྟངས་སོགས་ཞིབ་མོར་བྱུང་ལ།

དེ་ནས་ཆོས་འབྱུང་མཁན་པོ་མང་པོས་གཙིགས་སུ་འཛིན་པའི་འཇམ་དཔལ་རྩ་རྒྱུད་ནས་འབྱུང་བའི་ཁོང་དང་འབྲེལ་བའི་ཚིག་དུམ།   དེ་བཞིན་ཕ་རོལ་གནོན་ཉིད་དང་།།   རྐང་པའི་འགྲོས་ཞེས་བསྟན་པ་ཡིན།།  ས་སྲུངས་དང་ནི་བེའུ་དང་།།  འོད་ལྡན་ཉིད་ནི་ཕྱི་མ་ཡིན།།   ཞེས་པར་འགོས་ལོ་གཞོན་དཔལ་གྱིས་དེབ་སྔོན་དུ་ཕ་རོལ་གནོན་ནི་མུ་ནེ་བཙན་པོའོ།།   རྐང་པའི་འགྲོས་ནི་ཁྲི་ལྡེ་སྲོང་བཙན་ནོ།    ས་སྲུངས་པ་ནི་རལ་པ་ཅན་ནོ།  བེའུ་ནི་གླང་དར་མའོ།    འོད་ལྡན་ནི་འོད་སྲུང་སྟེ་ཞེས་ཐག་བཅད་ཅིང་སྟངས་བདེ་བོའི་ངང་ནས་ངོས་བཟུང་ཡོད་པར་ཡིན་རྟོན་བགྱིས་ཏེ་བཙན་པོ་ཁོང་ཕལ་ཆེར་སྤྱི་ལོ་༧༩༦་ནས་༨༡༦ལོའི་བར་བོད་ཀྱི་སྲིད་ཁྲིར་འཁོད་ཡོད་པ་ནི་ང་ཚོས་ཡིད་རྟོན་རུང་བ་ཞིག་ཡིན།   བོད་ཀྱི་ལོ་རྒྱུས་ཚད་ལྡན་ཁག་གི་འདོད་ཕྱོགས་ཡང་ཡིན་པར་སྲིད།    དེ་ལྟར་བྱས་ན་མཁར་རྨེའུ་ལགས་ཀྱིས་བཙན་པོ་ཁོང་གི་ཆབ་སྲིད་བསྐྱངས་སྐབས་ཀྱི་ལོ་ཟླའི་ནང་དུ(ཁྱི་ལོ)ཞེས་པ་ཁག་གསུམ་ཐོན་ཞེས་གསུངས་པར་ཁག་གཉིས་པའི་སྐབས་ཏེ་བཙན་པོ་ཁོང་དགུང་ལོ་སུམ་ཅུ་སོ་གཅིག་སྟེ་སྤྱི་ལོ་༨༠༦ལོར་གཏན་འབེབ་བྱེད་དགོས་པར་འགྱུར་ལ།    དེས་ན་བྲག་བརྐོས་ངོས་ཀྱི་ཁྱི་ལོ་དེ་བཙན་པོ་ཁོང་དགུང་ལོ་སུམ་ཅུ་སོ་གཅིག་སྟེ་སྤྱི་ལོ་༨༠༦ལོར་འཁེལ་བ་ནི་རང་ཤུགས་ཀྱིས་ལུང་དང་རིགས་པས་གྲུབ་པ་དེའོ།།

 

ད་ནི་སྒྲུབ་བྱེད་གཉིས་པ་འགོད་པའི་སྐབས་ཏེ་རྣམ་སྣང་བྲག་བརྐོས་ཀྱི་དུས་ཚོད་དེ་ནི་ཁྲི་ལྡེ་སྲོང་བཙན་གྱི་དུས་སུ་བཞེངས་པ་ནི་འབིས་ཁོག་རང་ན་ཡོད་པའི་བྲག་བརྐོས་དང་མཉམ་དུ་བརྐོས་ཤིང་བཀོད་པའི་བྲག་བརྐོས་ཡིག་ཕྲེང་བཅུའི་བདག་ཉིད་ཅན་དེ་བཀོད་དེ་དེའི་ནང་གི་སྐུ་གཟུགས་དང་ཡི་གེ་རྐོ་མཁན་གྱི་འགོ་བ་ལོ་ཆེན་ཡེ་ཤེས་དབྱངས་ཀྱི་སྐུ་ཚེའི་བྱུང་བ་དག་བསྐྱར་ཞིབ་བྱེད་པ་དང་བསྡེབས་ཏེ་ཉུང་བསྡུས་ཀྱིས་མཇུག་བསྡུ་བར་བྱ་ལ།

 

བྲག་བརྐོས་ཡིག་ཆ་དངོས་བྲག་ངོས་རང་ནས་པར་སློག་བརྒྱབ་པ་ཇི་བཞིན་འདིར་འགོད་པར་བྱ་ལ།

1 ཁྱིའིལོལསྐུགཟུགསའབུརདུབརྐོསཔདང

2 དརམཀུནབྲིསཔའིསྨོནལམལསོགསཔབཙནཔོཁྲ( ཁྲི )ལྡེསྲོངབཙནགྱི

3 སྐུརིངལརྗེབློནཡོནབདགདངསེམསཅནཐམསབཅདཀྱིདོནགྱིཕྱིརདགེ

4 སློངལོཆེནཡེཤེསདབྱངསཀྱིསབགྱིསཏེ    བཟོ་བོ   དགེསློངརིན(ཆེན)སྣངམཛདདང

5 རྒྱལབཟངདངདཔལལྡནདངལགདཔོནཐམསཅདབདེལེགསསུབྱེདཔདངགཙུགནས

6 བླམམིསྟོབསལྡནརྣམསསྟེ       བྲགལསྐུགཟུགསདངདརམའདིརྣམསབྲིསཔདང

7 དཀོནམཆོགགསུམགྱིརྟེནགྱིརྣམཔསེམསཅནགངདགགྱིསམཐོང

8 བདངརིགཔདངཕྱགའཚལབདངདྲནཔའིབསོདནམས

9 དངཡེཤེསཀྱིསབཙནཔོཡབསྲསདངསེམསཅནཐམསཅད

10 བླནམེདཔའིབྱངཆུབཏུགྲུབཔརསྨོནཏོ

གོང་གི་ཨང་ཀི་དེ་དག་ནི་བྲག་ངོས་ཀྱི་ཐིག་ཕྲེང་མཚོན་བྱེད་ཡིན།

གནའ་བོའི་བཙན་པོ་སྐབས་ཀྱི་བྲག་བརྐོས་འདིའི་ནང་ནས་ཀྱང་སྐུ་གཟུགས་འབུར་དུ་བརྐོ་བའི་དུས་ནི་ཁྲི་ལྡེ་སྲོང་བཙན་གྱི་སྐུ་རིང་ལ་ཡིན་པ་ཧ་ཅང་གསལ་བོར་བཤད་ཡོད་མོད།    འོན་ཀྱང་འདིའི་ཞིབ་འཇུག་པ་སྔོན་གྲས་ཁག་དེ་ཚོས་རྩ་ཆེའི་གནའ་བོའི་བྲག་བརྐོས་འདི་མཐོང་མེད་པའི་ཚོད་དུ་འདུག

བྲག་བརྐོས་རང་ནས་ཐོན་པ་ལས་ལྷག་པའི་གསལ་ཁ་མི་ཐོན་ནའང་ང་ཚོའི་འདི་ནས་སྐབས་དེའི་བྲག་བརྐོས་ཀྱི་མགོ་འཛིན་པ་དགེ་སློང་ཡེ་ཤེས་དབྱངས་ཞེས་པའི་མི་སྣ་ཞིག་ཐོན་པ་དེར་ཞིབ་འཇུག་དང་ཁོང་གི་སྐུ་ཚེའི་བྱུང་རིམ་དང་སྦྲགས་ཏེ་སྒྲུབ་བྱེད་གཞན་ཞིག་བཙལ་དུ་ཡོད་པ་ནི་སྨོས་མེད་རེད།

འོན་ཀྱང་དགེ་སློང་ཡེ་ཤེས་དབྱངས་ཞེས་པ་ནི་དེ་སྔོན་ཞིབ་འཇུག་པ་དག་གིས་ཀྱང་ཁོང་གི་སྐུ་ཚེའི་ལོ་རྒྱུས་དང་འབྲེལ་བའི་བྱུང་བ་མ་རྙེད་པའམ་མེད་པའི་ཚོད་དུ་འདུག་ཅེས་པ་བཞིན་ང་ཚོའི་བོད་སྤྱིའི་ལོ་རྒྱུས་ཁྲོད་ནས་ཧ་ཅང་ལྐོག་གྱུར་གྱི་མི་ཞིག་ཡིན།      འོན་ཀྱང་ང་ཚོས་གསར་དུ་མཐོང་ལམ་དུ་གྱུར་པའི་ཏུན་ཧོང་ཡིག་ཆ་ཨང་༩༩༦ཅན་ཧ་ཅང་ཡིག་ཆ་ཧ་ཅང་དཀོན་གྲས་ཀྱི་ནང་ནས་ཁོང་དང་འབྲེལ་བའི་ལོ་རྒྱུས་དུམ་བུ་ཞིག་འདུག་པ་དེའི་ཡང་སྙིང་གི་གོ་དོན་དང་།    དེ་མིན་དཔྱད་འབྲས་གཞན་དག་གིས་ཁ་བསྐངས་ཏེ་ཁོང་གི་འཁྲུངས་འདས་ཀྱི་ལོ་ཚིགས་གཏན་ལ་འབེབས་པ་དང་།    དེའི་རྒྱུད་ནས་ཁོང་གིས་བོད་ཀྱི་བཙན་པོའི་གདུང་རབས་གང་དག་གི་སྐུ་དུས་ནས་ཕྱག་ལས་གནང་ཡོད་མེད་ཀྱིས་གོང་གི་བྲག་བརྐོས་ཀྱི་དུས་ཚོད་ཀྱང་རང་བཞིན་གྱིས་བདེན་པའི་གཏན་འབེབས་ཀྱིས་ངོས་ཟིན་འགྲོ་ངེས་སྙམ།

དེ་ཡང་ཧྥ་རན་སིའི་གྲོང་ཁྱེར་པྰ་ལི་རུ་ཡོད་པ་ད་ལྟ་ང་ཚོའི་མཐོང་ལམ་དུ་བཞུགས་པའི་ཏུན་ཧོང་ཡིག་ཆ་ཨང་༩༩༦རུ་གསལ་བ་ལྟར་བྱས་ན།     དགེ་སློང་ཁོང་ནི་བོད་ཀྱི་རྒྱལ་རབས་སུམ་ཅུ་སོ་བརྒྱད་པ་ཁྲི་སྲོང་ལྡེའུ་བཙན་གྱི་སྐབས་སུ་བྱུང་བའི་ལོ་ཙྭ་བ་ཆེན་མོ་ནམ་མཁའི་སྙིང་པོའི་སློབ་མ་ལས་ཆེས་ཕུལ་དུ་བྱུང་བ་དེ་ཡིན་འདུག་ལ།    བོད་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱི་སྐབས་སུ་ཆོས་ལུགས་ཀྱི་བྱེད་སྒོ་རྒྱ་ཆེར་སྤེལ་བ་མ་ཟད།      རྒྱ་གར་ནས་པཎ་གྲུབ་གང་མང་གདན་དྲངས་པ་དང་།     རྒྱ་ནག་གཙོས་པའི་ཡ་གླིང་སོགས་སུ་ནང་ཆོས་ཀྱི་བྱེད་སྒོ་རྒྱ་ཆེར་སྤེལ་བར་བྱས་པ་ཤེས་ཐུབ།      ང་ཚོས་ལོ་ཙྭ་བ་ཆེན་པོ་ཁོང་གི་རུས་རྒྱུད་གནུབས་ཡིན་པ་ནི་ཆོས་འབྱུང་དང་དེབ་ཐེར་གང་མང་ནས་ཤེས་ལ།    ཁོང་གིས་ཀྱང་རང་གི་སློབ་དཔོན་ལ་ཆེ་བཅག་དང་སློབ་བུར་གདེང་འཇོག་ག་ཙམ་གནང་ཡོད་པ་ནི‘ ཕ་སེང་གེ་ལས་བུ་ཝ་ལྟ་བུ་བྱུང་བ་ནི།   བེའུ་སིང་ཧྭ་ཤང་ལྟ་བུའི་སློབ་དཔོན་ལས།    ང་འདྲ་བའི་སློབ་མ་བྱུང་བ་དང་།   ཕ་ཝ་ལས་བུ་སེང་གེ་བྱུང་བ་ནི།   ང་འདྲ་བའི་སློབ་དཔོན་ལས།  ཁྱོད་འདྲ་བའི་སློབ་མ་བྱུང་ངོ།།  ’ ཞེས་འབྱུང་བ་བཞིན་ཁོང་གི་ལོ་རྒྱུས་ནི་དེ་ཙམ་གྱིས་འཐུས་པར་བྱས་ནས་ང་ཚོས་ཆེད་གཏད་ཀྱིས་ཞིབ་འཇུག་བྱ་ཡུལ་གྱི་མི་སྣ་དགེ་སློང་ཡེ་ཤེས་དབྱངས་ཁོང་ནི་གོང་གི་ལོ་ཙྭ་ཆེན་པོ་ཁོང་གི་སྐུ་ཚེའི་རྣམ་ཐར་དང་ཡིག་ཆ་ཁག་སྣ་རེ་རེ་ནས་བསྡུས་ཏེ་སྟབས་བདེ་བོའི་སྒོ་ནས་ངོས་བཟུང་ན།   ཁོང་ཡང་བོད་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱི་སྐུ་རིང་ལ་ནང་ཆོས་ཀྱི་རབ་བྱུང་བ་ཆེས་སྔོན་ཤོས་ཡིན་འདུག་སྟེ།   དེ་ཡང་གོང་གི་ཏུན་ཧོང་ཡིག་ཆ་དེ་རང་དུའང་‘རྒྱལ་པོ་ཡབ་མེས་ཀྱི་རིང་དུ་རབ་ཏུ་བྱུང་ནས་ཆོས་གྲྭར་བསླབས་ཏེ། ’ཞེས་འབྱུང་བ་བཞིན་ཁོང་ནི་ས་ཁྱི་སྟེ་སྤྱི་ལོ་༧༥༨་ལོར་སྐུ་འཁྲུངས་ཤིང་།   ནང་ཆོས་ཀྱི་ཐེག་པ་རིམ་པ་ཁག་རིམ་བཞིན་ཉམས་སུ་བླངས་པ་སོགས་དང་དེ་དག་འགྲེལ་བཤད་ཀྱིས་མདོར་ན་ནང་ཆོས་ཀྱི་སེམས་ཀྱི་མཚན་ཉིད་ལ་མཁས་པ་རྨད་དུ་བྱུང་བ་ཞིག་ཡིན་པ་དང་།    མཐར་ཁོང་དགུང་ལོ་བརྒྱད་ཅུ་སླེབས་པའི་ས་རྟ་སྟེ་སྤྱི་ལོ་༨༣༨ལོར་སྐུ་གཤེགས་པའོ།།  དེ་ཡང་(ཁྲི་ག་མོང་ཡོག་མདའ་ན།   ཚིག་ཚ་ནམ་མཁའི་སྙིང་པོའི་དབེན་སར།   སྔ་དྲོ་མ་ཡོས་བཞིན་དུ་ཚེ་འདས།)ཞེས་སོ།།    དེ་ལྟར་གོང་གི་འབིས་ནང་གི་བྲག་བརྐོས་ཡིག་ཆ་རང་ནས་གསལ་བའི་(ཁྱིའིལོལབཙནཔོཁྲིལྡེསྲོངབཙནབགྱིདགེསློངཡེཤེསདབྱངསཀྱིབགྱིསྟེ)ཞེས་འབྱུང་བ་འདི་དང་གོང་གི་ལོ་ཚིགས་དང་གདུང་རབས་ཁག་གི་རྒྱལ་སྲིད་སྐྱོང་ཡུན་སོགས་ཀྱི་ལོ་དུས་རེ་རེ་ནས་ཕྱོགས་རིས་དང་འཐེན་ཁྱེར་གྱིས་མ་གླེབས་པར་བསམ་གཞིགས་གནང་ན་རང་ཤུགས་ཀྱིས་བྲག་བརྐོས་ནང་གི་ཁྱིའི་ལོ་དང་།   བཙན་པོ་ཁོང་གི་རྒྱལ་སྲིད་སྐྱོང་ཡུན་གྱི་ལོ་ཟླའི་ནང་ནས་ཁྱིའི་ལོ་ཁག་གསུམ་འབྱུང་བའི་བར་མ་སྟེ་བཙན་པོ་དགུང་གྲངས་སུམ་ཅུ་སོ་གཅིག་ལ་ཐོད་ཐུག་ཅིང་།   དེ་སྤྱི་ལོ་༨༠༦་དང་འཁེལ་འདུག་པ་ནི་རང་ཤུགས་ཀྱིས་གྲུབ་པ་དང་།    དེ་ལྟ་ན་གཞི་ནས་ང་ཚོས་འབིས་ཁོག་གི་རྣམ་སྣང་བྲག་བརྐོས་དང་ལྷ་སྐུ་སོགས་འབུར་གཟུགས་སུ་བརྐོས་པའི་ལོ་དེ་གཏན་འབེབས་དང་ཐག་ཆོད་པ་དེའོ།།      །།

མདོར་ན་གོང་གི་སྒྲུབ་བྱེད་དེ་གཉིས་དང་བྲག་བརྐོས་རང་གི་ངོས་ནས་ཐོན་པའི་ཡིག་རིས་དག་གིས་བསྒྲུབས་ཟིན་པའི་འབྲས་བུར་ཁས་ལེན་དང་ངོས་ཟིན་མ་ཐུབ་ན་ནི་ལ་བལྟས་བལྟས་རིག་རིག་ལ་ལོ་རྒྱུས་རིག་གནས་ལ་ངོ་ལོག་བརྒྱབ་པ་དང་གཉིས་སུ་མ་མཆིས་སོ།།         །།       སྤྱིི་ལོ་༢༠༡༨ལོའི་ཟླ་བ་༡༡པའི་ཚེས་༡༤ལ་གཞི་ནས་མཇུག་གྲུབ་པའོ།།

བཙན་པོའི་སྐབས་ཀྱི་རྣམ་སྣང་བྲག་བརྐོས་བཟང་སྤྱོད་སྨོན་ལམ་མཇལ་བ།    R—GDF geng ga jiang cuo 2659872475

དཔྱད་གཞིའི་ཡིག་ཆ་དང་ཟུར་ལྟའི་དཔེ་ཆ་ཁག

བུ་སྟོན་ཆོས་འབྱུང་།

ཏུན་ཧོང་གཏེར་ཡིག་ལས་ལོ་ཙྭ་བ་ནམ་མཁའི་སྙིང་པོའི་སྐོར་དང་འབྲེལ་བའི་ལེ་ཚན་ཁག

འགོས་ལོའི་དེབ་ཐེར་སྔོན་པོ།

མ་ཎི་བཀའ་འབུམ།

རྒྱལ་པོ་བཀའི་ཐང་ཡིག

དེབ་ཐེར་དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས།

གཏེར་སྟོན་ཆོས་ཀྱི་གླིང་པའི་འབིས་ཁོག་གི་གནས་ཡིག

སྐུ་དང་དུས་མཉམ་དུ་བྲག་ལ་བརྐོས་པའི་ཡིག་ཕྲེང་བཅུ།

བཙུན་པ་སངས་རྒྱས་རྒྱ་མཚོའི་འབེལ་གཏམ་དོན་བཞིན་སྟོན་པའི་ཞལ་ལུང་།

གཉའ་གོང་དཀོན་མཆོག་ཚེ་བརྟན་སོགས་དང་མཁར་རྨེའུ་བཅས་ཀྱི་སྐབས་འདིར་འབྲེལ་བའི་དཔྱད་རྩོམ།

གནས་མཆོག་རྣམ་པར་སྣང་མཛད་དང་ལེབ་ཁོག་གི་རྟེན་གནས་དཀར་ཆགས་ངོ་མཚར་རྟེན་མཆོག་མཇལ་བའི་སྣེ་ཁྲིད།