༄༅། །ཕ་མར་དྲིན་གཟོ་བའི་གཏམ། ཁམས་ཕྲུག་བསོད་ནམས།

140/545

༡  སྤྱིར་དྲིན་ཆེན་ཕ་མ་གཉིས་བཀའ་དྲིན་ཆེ་ཚུལ།

༢  ཕ་མས་བཀའ་དྲིན་བསྐྱངས་ཚུལ།

༣   ཚེ་འདི་ཡི་དྲིན་ཆེན་ཕ་མས་རླབས་ཆེན་གྱི་མི་སྣ་རུ་འཇོག་ཚུལ།

༤  ཕ་མར་ཚིག་རྩུབ་སོགས་མི་རུང་བ།

༥    བུ་ཕྲུག་གིས་ཕ་མའི་བཀའ་དྲིན་བརྗོད་པ།

༦   ཕྲུག་གུའི་མདུན་ལམ་ཕ་མ་དང་འབྲེལ་བ།

༄༅། །གོ་ལའི་ཁྱོན་འདིར་འབྱུང་རྔུབ་སྲོལ་ལྡན་མཐས་ཡས་པ། །

ཟླ་དགུ་ཁ་ཟས་གཅེས་སྐྱོང་ཕོ་མོ་གཉིས་སུ་མཆིས། །

མ་ལུས་ཕ་མས་བསྐྱངས་པའི་རྒན་གཞོན་དར་གསུམ་དྲངས། །

ཐམས་ཅད་ཕ་མའི་དྲིན་ཡིན་དྲན་གསོའི་ཚོམ་ཞིག་དགོད། །

དེ་ཡང་ཚེ་རབས་ཐམས་ཅད་དུ་བཀའ་དྲིན་དང་ཐུགས་རྗེ་ལྷག་པར་དུ་ཆེ་བ་དྲིན་ཆེན་རྩ་བའི་བླ་མ་རྣམས་ཀྱི་རྗེས་སུ་བཟུང་དུ་གསོལ།  ཐུགས་རྗེ་དང་བརྩེ་བ་ཆེན་པོས་དུས་དང་གནས་སྐབས་ཐམས་ཅད་དུ་སྐྱོང་དུ་གསོལ།    དེ་ལ་འདིར་ཕ་མའི་དྲིན་གཟོ་བའི་གཏམ་ཞིག་བརྗོད་པ་ལ་ཐོག་མར་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱི་བཤེས་པའི་སྤྲིངས་ཡིག་ལས།  གང་ལ་ཕ་དང་མ་དག་མཆོད་པ་ཡི།  །རིགས་དེ་ཚངས་བཅས་སློབ་དཔོན་བཅས་པ་ལགས།  །དེ་དག་ལ་མཆོད་གྲགས་པར་འགྱུར་བ་དང་།  །སླད་མ་ལ་ཡང་མཐོ་རིས་འགྱུར་བ་ལགས།   །ཞེས་གསུངས་པ་ལྟར་སྤྱིར་འཛམ་གླིང་གོ་ལའི་ཁྱོན་ན་མི་དང་དུད་འགྲོ་སོགས་རིགས་དྲུག་འབྱུང་རྔུབ་ཀྱི་སྲོག་ཆགས་རིས་སུ་མ་མཆིས་པ་དག་ལས་ཕན་ཚུན་བཀའ་དྲིན་དང་ཐུགས་རྗེས་མ་བསྐྱངས་པ་ནི་གཅིག་རྐྱང་མེད་མོད་གང་ཡིན་ཟེར་ན་ཐམས་ཅད་རང་གི་ཕ་མ་བྱེད་མ་མྱོང་བ་གཅིག་ཀྱང་མེད་པས་སོ། །དེ་ལས་ཆེས་ཤིན་ཏུ་བརྩེ་སེམས་ཀྱི་རང་བཞིན་ཡོད་ཚད་ཕྲག་ཏུ་བླངས་བའི་དྲིན་ཆེན་ནི་འཇིག་རྟེན་འདི་ཡི་ཕ་མ་གཉིས་པོ་ལགས་ཏེ་མངོན་སུམ་གྱིས་མཐོང་ཐོས་མྱོང་གསུམ་གྱིས་དཔོག་པའི་ཕྱིར་རོ། །ཚེ་འདི་ཡི་དྲིན་ཆེན་གྱི་ཕ་མས་བསྐྱངས་ཚུལ་ལ་དཔག་ན་སེམས་ཅན་ཐམས་ཅད་ཀྱིས་རང་ལ་དྲིན་བསྐྱངས་ཚུལ་ཞོར་དུ་ཤེས་ཡོང་།   སྤྱི་ན་སྐྱེ་བའི་ལས་ཉོན་གྱིས་རྒྱུ་བྱས་ཏེ་ལས་དཀར་ནག་དང་བསམ་པ་བཟང་ངན་འབྲིང་གསུམ་གྱི་རྗེས་སུ་འབྲང་སྟེ་མི་རྣམས་ཀྱི་སོ་སོའི་བགོ་སྐལ་དང་ལས་སྨོན་དང་ལེགས་ཉེས་གྱི་བླང་དོར་ལ་བརྟེན་པས་ད་ཆ་འཁོར་བའམ་སྐྱེ་སྲིད་ལ་ཉིང་མཚམས་སྦྱར་བ་ན་འགྲོ་བ་ཞེས་པ་དང་འགྲོ་བ་ལའང་རྣམ་པ་གཉིས་སུ་མཆིས་ཏེ་དེ་ལ་བདེ་འགྲོ་དང་ངན་འགྲོ་གཉིས་ཀྱི་ཁུངས་སུ་གཏོགས་པ་དང་། དེའི་ནང་ལྷ་དང་མི་སོགས་བདེ་འགྲོ་དང་།   དམྱལ་བ་པ་སོགས་ངན་འགྲོ་གཉིས་སུ་མཆིས་པ་ནས་བཟུང་སྐུ་ལ་མཛེས་སྡུག་སོགས་ཀྱི་རྣམ་པ་སྣ་མང་འབྱུང་བ་ཞིག་དང་།  སེམས་ལ་སྐྱིད་སྡུག་གི་ཚོར་བ་སྣ་མང་འབྱུང་བ་ཞིག་དང་།  རྒྱུ་ནོར་ཟས་གསུམ་གྱི་ཐོག་ལ་ཡང་སྔར་ལྟར་བཟང་ངན་ཆེ་ཆུང་སོགས་དང་འབྲེལ་ཞིང་འགའ་ཞིག་བག་ཆགས་སད་པའི་མཐུ་སྨིན་པ་ལྟ་བུ་གང་ཐད་ནས་ཧ་ཅང་བཟང་ཞིང་།   ལ་ལ་དེ་ལས་ལྡོག་སྟེ་བྱ་བ་ཅི་ལ་ཞུགས་ཀྱང་གྲུབ་འབྲས་དེ་ཙམ་མེད་པ།    ལ་ལ་དེ་ལས་ཅུང་བཟང་བ་སོགས་དབང་པོ་རྣོ་འབྲིང་རྟུལ་གསུམ་དུ་མཆིས་པ་དང་།    དལ་འབྱོར་གྱི་མི་ལུས་ཐོབ་པ་འདྲ་ཡང་དེ་ལ་ནད་དང་གཟེར་བ་དུ་མས་རྒྱུན་དུ་མནར་ཞིང་འཚོ་བ་ལ་ཡང་དགའ་དྲག་པ་སྡུག་དྲག་པ་རྐྱེན་སྣ་མང་བྱུང་བ་བཞིན་དུ་དུད་འགྲོ་ལ་ཡང་དེ་བཞིན་མཆིས་ཏེ་དཔེར་ན་ཁྱི་ལྟ་བུར་མཚོན་ན་ལ་ལ་ལྟོ་སྐོམ་བཀྲེས་གསུམ་ལ་ངལ་བ་མི་དགོས་པར་རྒྱུན་སྐྱོང་ཉར་ཚགས་ཀྱིས་སྐྱིད་ལ་གནས་པ་དང་ལ་ལ་དེ་ལས་ལྡོག་སྟེ་ལྟོ་སྐོམ་ལ་དཀའ་ངལ་སོགས་ཀྱང་སྔོན་དུས་ཀྱི་བསམ་པ་བཟང་ངན་དང་མི་དགེ་བཅུ་ཡི་ཚིག་རྩུབ་ངག་འཁྱལ་དང་འབྲེལ་ཞིང་།   མ་ཟད་ལས་འབྲས་དང་བསམ་པའི་ཀུན་སློང་དང་སྦྱོར་བའི་དངོས་གཞི་སོགས་ལ་ཧ་ཅང་འབྲེལ་ཆེ་བ་ནི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་དཔལ་རྒྱལ་བ་ཤཱཀྱ་ཐུབ་པའི་རྣམ་པར་རོལ་བ་རྗེ་བླ་མ་བློ་བཟང་གྲགས་པ་དེ་ཉིད་ཀྱིས་བསམ་པ་བཟང་ན་ས་དང་ལམ་ཡང་བཟང་།  །བསམ་པ་ངན་ན་ས་དང་ལམ་ཡང་ངན།  །ཐམས་ཅད་བསམ་པ་དག་ལ་རག་ལས་སོ། །ཞེས་གསུངས་ཤིང་ཡོངས་སུ་གྲགས་པའི་ཚིག་འདི་དང་།   རྒྱལ་སྲས་ཐོགས་མེད་ཀྱི་རྒྱལ་སྲས་ལག་ལེན་ལས། ཤིན་ཏུ་བཟོད་དཀའི་ངན་སོང་སྡུག་བསྔལ་རྣམས། །སྡིག་པའི་ལས་ཀྱི་འབྲས་བུར་ཐུབ་པས་གསུངས།  །དེ་ཕྱིར་སྲོག་ལ་བབ་ཀྱང་སྡིག་པའི་ལས།  །ནམ་ཡང་མི་བྱེད་རྒྱལ་སྲས་ལག་ལེན་ཡིན།  །ཞེས་གསུངས་པ་འདི་ཙམ་གྱིས་འགྲུབ་བོ། །དེ་ཡང་བཟང་ངན་དང་མཛེས་སྡུག་རྒྱུ་ནོར་ཟས་གོས་ལ་མ་ལྟོས་པར་ཐམས་ཅད་དྲིན་ཆེན་ཕ་མ་ལ་བརྟེན་པ་ཞིག་དང་ཕ་མའི་བཀའ་དྲིན་ལས་དྲངས་པ་ཞིག་ཡིན་ན་སྙམ།   ཕ་མ་ནི་འཇིག་རྟེན་འདི་ཡི་བློ་འཁེལ་བའི་མི་སྣ་བཟང་པོ་ཞིག་དང་རང་གི་མདུན་ལམ་ལ་གཅེས་སྤྲས་རྟག་ཏུ་མཛད་པའི་མིག་རྡོག་ཆུང་ཆུང་གཉིས་ལས་མ་འདས་པ་ཞིག་ཡིན་སྙམ།  ཕ་མའི་ཚིག་རྩུབ་ནི་བརྩེ་བ་ཟབ་མོ་རང་ལ་ཟུག་པའི་འབྲས་རྟགས་ཤིག་ཡིན་སྙམ།    མ་ཟད་དྲིན་ཆེན་ཨ་མས་རྒྱུན་དུ་རྩོད་འཛིང་མ་བྱེད་གཉོམ་ཆུང་གྱིས་སྡོད་ཅེས་པའི་བཀའ་སློབ་དང་འབྲེལ་བའི་སྒོས་ཁྱོན་ཡོངས་ལ་ཞི་བདེ་གཅིག་མཐུན་བསྐྲུན་པའི་དགེ་མཚན་ཁྱད་པར་ཅན་ཞིག་བཞག་ཡོད།    སྤྱི་ན་སེམས་ཅན་སྲོག་ཆགས་རིས་སུ་མ་མཆིས་པ་དག་ལ་འཚེ་བ་མི་བྱེད་པ་དམ་ཆོས་ཀྱི་དགོངས་དོན་ཞིག་རེད་ལ་ཚིག་རྩུབ་ཀྱིས་སེམས་རང་བཞིན་གནས་པ་ལ་གཡོ་འགུལ་བྱེད་མི་ཐུབ་པ་ཞིག་་བྱ་རྒྱུ་ནི་དམ་ཆོས་ཀྱི་དགོངས་དོན་ཞིག་ཀྱང་རེད།   སྲོག་ལྡན་གྱི་མི་གཙོས་རིགས་དྲུག་ལ་གནོད་པ་དང་འཚེ་བ་རབ་ཏུ་སྤངས་ཏེ་ཞི་བདེ་བཏང་སྙོམས་ལ་བསྐྲུན་དགོས་པ་ནི་རྒྱལ་ཁབ་ཀྱི་རྩ་བའི་ཁྲིམས་ཀྱང་རེད་སྙམ།   འདི་ནི་འབྱུང་རྔུབ་སྲོག་ལྡན་ཀུན་དང་རྒྱལ་ཁབ་མི་དམངས་ཡོངས་ལ་ཆེད་མཁོ་ཞིང་དེ་དག་ཞི་བདེ་དང་བརྟན་ལྷིང་སྐྲུན་བྱེད་ཀྱི་ཆ་རྐྱེན་བླ་ན་མ་མཆིས་པ་ཞིག་ཀྱང་ཡིན།    དེ་ཡང་གཡོ་འགུལ་མི་བྱེད་པའི་ལམ་དེ་དག་ལ་བགྲོད་ཚུལ་ནི།  རྒྱལ་སྲས་ཆེན་པོ་ཞི་བ་ལྷས།    བརྙས་དང་ཚིག་རྩུབ་སྨྲ་བ་དང་། །མི་སྙན་པ་ཡི་ཚིག་དེ་ཡིས། །ལུས་ལ་གནོད་པར་མ་གྱུར་ན། །སེམས་ཁྱོད་ཅི་ཕྱིར་རབ་ཏུ་ཁྲོ།  །ཞེས་པའི་གདམས་པ་ཟབ་མོ་འདི་ནི་ཐོག་མཐའ་གསུམ་ལ་མཁོ་བའི་ལམ་བཟང་གི་ཆ་རྐྱེན་ཞིག་རེད་སྙམ།     དཔལ་ལྡན་ཟླ་བ་གྲགས་པའི་དབུ་འཇུག་ལས།      གནོད་པ་བྱས་པས་གལ་ཏེ་དེར་བཀོན་ན།  །དེ་ལ་བཀོན་པའི་བྱས་ཟིན་ལྡོག་གམ་ཅི། །དེ་ཕྱིར་དེར་བཀོན་ངེས་པར་ལྡོག་དོན་མེད།  །འཇིག་རྟེན་ཕ་རོལ་ཡང་ནི་འགལ་བར་འགྱུར།  །ཞེས་ཕ་རོལ་པོས་རང་ལ་ཚིག་རྩུབ་སྨྲ་བས་སེམས་ལ་ཁྲོ་བ་བྱུང་བ་དེ་སླར་ལྡོག་སྟེ་སྨྲས་ན་སྔོན་གྱི་གྲི་མདའི་རྨ་གསོ་བ་དང་སྔོན་གྱི་ཁྲོ་བ་བྱུང་ཟིན་པ་རྣམས་ཡལ་བ་དང་མེད་པ་གང་ཡང་གྱུར་པ་མ་ཡིན་པ་སོགས་གསུངས་པས་ཁྲོ་བའི་གཉེན་པོ་ཇི་ལྟར་བསྟེན་ཚུལ་ཐབས་མཆོག་ཅིག་འདུག་རེད་སྙམ།      བྱང་ཆུབ་ནོར་ཕྲེང་ལས་ཀྱང་།    མི་སྙན་པ་ཡི་ཚིག་བྱུང་ཚེ།  །བྲག་ཆ་བཞིན་དུ་ལྟ་བར་བྱ།  །གསུངས་པ་དང་།      རྒྱལ་སྲས་ཐོགས་མེད།    བདག་ལ་ཉེས་པ་ཅུང་ཟད་མེད་བཞིན་དུ།།གང་དག་བདག་གི་མགོ་བོ་གཅོད་ན་ཡང་།  །སྙིང་རྗེའི་དབང་གིས་དེ་ཡི་སྡིག་པ་རྣམས།  །བདག་ལ་ལེན་པ་རྒྱལ་སྲས་ལག་ལེན་ཡིན། །ཞེས་གསུངས་པ་དང་།    བླ་མ་མཆོད་པ་སོགས་ནང་།    མི་འཁྲུག་གནོན་ལེན་ཕན་པ་བསྒྲུབ་བྱེད་པ།  །སོགས་ལྟར་ཉམས་ལེན་ལ་བཀལ་ན་གདམས་པ་དེས་ཆེ་བ་ལ་འཛམ་གླིང་གོ་ལའི་ཁྱོན་དང་ཆུང་བ་ལ་བཟའ་ཚང་ཡན་ཆད་ཞི་བདེ་བཏང་སྙོམས་སུ་བཀོད་པར་ཐེ་ཚོམ་མེད་འདུག་སྙམ།   སྲོག་ཆགས་དུད་འགྲོ་རིས་སུ་མ་མཆིས་པ་དག་ཕ་མ་ལས་བྱུང་བ་ཞིག་དང་དེའི་བཀའ་དྲིན་ལས་མ་འདས་པ་ཡིན་སྟབས་དམ་པའི་ཆོས་ནང་ཕ་མ་ལ་མ་གུས་པ་ན་སྡིག་པ་་འབྱུང་ཚུལ་དུ་མ་བཤད་པ་དང་།    བཤེས་སྤྲིངས་ལས་ཀྱང་ཕ་མ་ནི་མཆོད་སོགས་དང་གུས་པའི་ཡུལ་ཡིན་ཚུལ་བཤད་པ་དང་། དཀོན་མཆོག་ལ་མཆོད་ན་ལྟ་ཅི་སྨོས་འོན་ཀྱང་དྲིན་ཆེན་གྱི་ཕ་མ་ལ་མཆོད་ན་ཡང་སྐྱེ་བ་ཕྱི་མ་མཐོ་རིས་ལྷ་མའི་གོ་འཕང་ཐོབ་པ་སོགས་གསུང་པས་སྤྱིར་དྲིན་ཆེན་ཕ་མས་བསྐྱངས་ཚུལ་ཡང་འདིས་ཤེས་སོ།  །རྒྱུན་དུ་མར་ཤེས།  དྲིན་དྲན།  དྲན་གཟོ།   ཡིད་འོང་གི་བྱམས་པ།  སྙིང་རྗེ།  ལྷག་བསམ།   སེམས་བསྐྱེད་སོགས་རྒྱུ་འབྲས་མན་ངག་བདུན་གྱིས་ཕ་མའི་བཀའ་དྲིན་དྲན་ཚུལ་གཞུང་ཆེན་ཕར་ཕྱིན་ནང་དུ་དུ་མ་གསུང་ཡོད་པ་སོགས་ཀྱིས་ཕ་མའི་བཀའ་དྲིན་ནི་གཞལ་དུ་མེད་པའི་འཇིག་རྟེན་གྱི་ཆེས་ཆེ་བ་ཞིག་ལགས་པ་བལྟ་ཅི་སྨོས།

གཉིས་པ།  ཕ་མས་བཀའ་དྲིན་བསྐྱངས་ཚུལ།

ཕ་མའི་བཀའ་དྲིན་བསྐྱངས་ཚུལ་ནི།   དལ་བ་བརྒྱད་འབྱོར་པ་བཅུ་ཡི་མི་ལུས་བཟང་པོའི་ཚེ་སྲོག་ལ་ངོ་མཚར་བའི་གཏམ་རྒྱུད་བསྐྲུན་པ་སྟེ།   གོག་ནུར་གྱི་ལོ་ཟླ་དུ་མའི་རིང་ལ་གཅིན་སྐྱག་ཁ་ཆུ་སྣབས་གསུམ་སོགས་འཇམ་མཉེན་ཕྱག་གིས་འཛེམ་མེད་ཀྱིས་བཀའ་དྲིན་བསྐྱངས་པ་དང་།    སྣབས་དང་ཁ་ལུད་སོགས་ཀྱང་ཞལ་མཆུ་ཡིས་གཙང་སྦྲ་བྱས་པ་སོགས་ཀྱི་བཀའ་དྲིན་ལ་ཚད་བརྗོད་པ་དང་གཞལ་བ་ག་ལ་ནུས།     ཉིན་མཚན་དུས་དྲུག་ལ་ལོ་སྣེ་ཟླ་མཐུད་ཀྱིས་ངལ་བ་གདོང་ལ་བསུས་ཏེ་ལོ་ཟླ་གྲངས་མེད་ཅིག་ཕར་ལ་བསྐྱལ་ཏེ་རེ་བ་དང་སྨོན་ལམ་གྲངས་མེད་ཀྱི་མིག་ཟུང་ལག་ཐལ་གྱིས་ང་ཚོའི་ཕྱོགས་སུ་བལྟ་བ་ནི་བུ་ཕྲུག་ལ་བརྩེ་བའི་དངོས་མའི་བཅུད་དེ་མངོན་ཡོད་པ་རེད།  ལོ་སྣེ་ཟླ་མཐུད་ཀྱིས་ལྟོག་སྐོམ་ངུ་འབོད་ཙམ་ལ་མྱོང་བ་དང་དྲོ་བ་ཙམ་ཞིག་ལ་ཡང་ཞུགས་སྒོ་བཀག་ཅིང་།   ཟུང་ཁྲག་གི་ནུ་ཞོ་མངར་མའི་བཅུད་ཀྱིས་རབ་ཏུ་བསུས་ཏེ་ཁྱེད་ཀྱི་པང་ཁའི་དྲོད་སྐྱིད་ཀྱི་དཀྱིལ་ན་སྐྱིད་སྐྱིད་ཀྱི་ཉིན་ཞག་དུ་མས་བགྲོད་པ་སོགས་དང་འཇིག་རྟེན་མི་ཡི་གྲལ་དུ་ལྷང་ངེར་དུ་བཞག་པ་སོགས་ལ་སུས་ཀྱང་འགྲན་མི་ནུས་པའི་དཀའ་ངལ་འཛེམ་མེད་ཀྱི་དྲིན་ཆེན་ནི་ཕ་མ་གཉིས་པོ་ཉིད་ལགས་པ་ནི་མྱོང་ཚོར་གྱིས་ཤེས་སོང་ལ་ལུང་རིགས་ཀྱིས་ཀྱང་གྲུབ་སོང་།

གསུམ་པ།  ཚེ་འདི་ཡི་དྲིན་ཆེན་ཕ་མས་རླབས་ཆེན་གྱི་མི་སྣ་རུ་བསྐྲུན་ཚུལ།

ཚེ་འདི་ཡི་དྲིན་ཆེན་ཕ་མ་གཉིས་ཀྱིས་རླབས་ཆེན་གྱི་མི་སྣ་རུ་ཇི་ལྟར་བསྐྲུན་པའི་ཚུལ་ནི་རིག་པའི་སྒོ་བརྒྱ་རབ་ཏུ་འབྱེད་ས་ཤེས་རྨོངས་རྣམ་གཡེང་གི་མུན་པ་སྟུག་པོ་རབ་ཏུ་བསལ་བར་བྱེད་ཅིང་རླབས་ཆེན་གྱི་མི་སྣ་བཟང་པོ་ལ་བསྐྲུན་སའི་ས་བོན་བཅུད་ཀྱི་ཞིང་ས་སློབ་གླིང་ཤེས་རིག་གི་མེ་ཏོག་ར་བའི་ནང་དུ་ཉིན་ཞག་དུ་མ་ལ་བུ་ཕྲུག་གི་མི་ཚེའི་ཆེད་དུ་བསམ་བློ་མནལ་དུ་བཀུག་སྟེ་ཉིན་མཚན་དུ་མར་བསམས་ཤིང་ཨུ་ཚུགས་ཀྱིས་ཕ་མས་བཞག་པ་འདི་ལ་སྐྱ་སེར་རིས་སུ་མ་མཆིས་པ་དག་གིས་ཡང་ཡང་དུ་བསམ་ན་ད་ལྟའི་་དུས་ན་འདི་ལས་དྲིན་ཆེ་བ་ཞིག་དང་འདི་ལས་ཕན་ཆེ་བ་ཞིག་སུ་ཡིས་ནུས་པ་བསམ་མནོས་དཔོག་ནུས་པ་ལ་ཕ་མ་ནི་བཀའ་དྲིན་གྱི་མི་སྣ་ཞིག་ཡིན་ཞིང་དེ་ལ་ངན་རྩུབ་གྱོང་གུད་ཀྱི་ཀུན་སྤྱོད་སོགས་མི་བྱ་སྙམ་པའི་ཐ་ཚིག་ཞིག་ཀྱང་ཡོང་སྲིད།       ཉིན་བཞིན་བུ་ཕྲུག་གི་མདུན་ལམ་གྱི་སློབ་གྲྭའི་ཆེད་དུ་དཀའ་ངལ་འཛེམ་མེད་ཀྱིས་བསུ་བསྐྱལ་གྱི་མཛད་ཆེན་འདི་ལ་སྤྲོ་བ་མ་མཆིས་པ་དང་ཡིད་སྨོན་མི་བྱེད་པ་སུ་ཞིག་མཆིས།    དེ་བརྟེན་མི་རིགས་ཀྱི་སློབ་གྲྭ་དང་དེ་བཞིན་ཤེས་ཡོན་ཅན་གྱི་མི་སྣ་མཐའ་དག་ཕ་མའི་བཀའ་དྲིན་དང་རྒྱབ་སྐྱོར་འོག་ཏུ་འཚར་ལོངས་བྱུང་བས་ཤེས་རིག་གི་མེ་ཏོག་དམར་པོ་འདབ་མ་སྟོང་དུ་བཀྲག་ཅིང་ཕ་ཡུལ་དང་ཡུལ་ཁམས་ཀྱི་མཛེས་ལྗོངས་ཆེས་ཤིན་ཏུ་ཆེ་བ་ཞིག་དང་མི་རིགས་ཀྱིས་ཀྱང་རླབས་ཆེན་གྱི་མི་སྣ་བཟང་པོ་ཞིག་ཏུ་ཆགས་ཡོད་པ་དང་རྒྱལ་ཁབ་ཀྱི་མཛེས་ཆེན་ཞིག་ཀྱང་ཡིན།     ཡང་ངལ་བ་ཆེད་དུ་བསད་དེ་ཨུ་ཚུགས་ཀྱིས་དམ་ཆོས་ཀྱི་ལྷ་སྒོའི་ནང་དུ་ཡང་བཞག་སྟེ་རྒྱུན་སྐྱོང་གི་བསླབ་བྱ་ནོར་བུའི་འཕྲེང་བ་གནང་བར་བརྟེན་གྲྭ་བཙུན་རྣམས་ཀྱང་ནང་གི་འདུལ་ཁྲིམས་དང་ཐར་པའི་ས་བོན་གྱི་བླ་ན་མེད་པའི་གྲུབ་ཆ་བསླབ་པ་ཚུལ་ཁྲིམས་ཀྱི་ཕུང་པོ་རབ་ཏུ་སྤུངས་ཤིང་།  གཞུང་ཆེན་གྱི་དཀའ་གནད་ཀྱི་མདུད་པ་རབ་ཏུ་ཁྲོལ་ཏེ་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་གྲུབ་པ་དང་སྙིང་རྗེ་འཁུར་དུ་ཆེ་ཞིང་ཡོད་ཚད་ཕྲག་ཏུ་བླངས་བའི་གཞན་ཕན་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་རྒྱུད་ལ་འཁྲུངས་པ་དང་མི་རིགས་དང་ཕ་ཡུལ་སྡེ་ཚོགས་ལ་ཡང་བསླབ་བྱ་དང་དམ་ཆོས་ཀྱི་དགོངས་དོན་ཁྲོལ་ཏེ་འགྲེལ་བ་དང་འགྲེལ་བཤད་ཀྱི་རྒྱབ་གཞུང་དུ་མས་རབ་ཏུ་བརྐོས་པའི་སེམས་ནང་གི་རི་མོ་ལྷང་ངེར་དུ་མི་རྣམས་ལ་བསྟན་པས་ཁྱོན་ཡོངས་ལ་བདེ་སྐྱིད་དང་ཞི་བདེ་ཡི་འོད་སྣང་ཤར་བ་སོགས་ལ་གཞིགས་ཏེ་ཐམས་ཅད་དོན་དྲིལ་ན་དྲིན་ཆེན་ཕ་མའི་བཀའ་དྲིན་ལ་བརྟེན་པ་ཞིག་ཡིན་པ་དང་ཕ་མའི་བཀའ་དྲིན་དེས་རང་མི་རིགས་ཀྱི་རླབས་ཆེན་གྱི་མི་སྣ་བཟང་པོ་ཞིག་དང་རྒྱལ་ཁབ་ཀྱི་རྩ་བའི་མི་སྣ་ཞིག་ཏུ་ཆགས་ཡོད།  མདོར་ན་ཐམས་ཅད་ཕ་མའི་བཀའ་དྲིན་དེ་ལས་མ་འདས་པ་ཞིག་ཡིན་ཏེ་ཐོག་མར་རང་ཉིད་སྐུལ་སློང་གི་ཕན་པ་འདི་འདྲ་ཞིག་བཏང་མྱོང་མེད་ལ་འདི་འདྲ་ཞིག་ཀྱང་བསྒྲུབ་ཚུལ་སུ་ཡིས་ཤེས།   ཤེས་ཀྱང་ནན་ཏན་གྱིས་དེ་ལ་འབད་བརྩོན་དང་བསྒྲུབ་པ་ཧ་ཅང་དཀའ་བ་ཞིག་རེད་སྙམ།   མ་ཟད་རང་གཞན་ཀུན་ཆུང་དུས་གཡེང་བ་ལ་དགའ་དྲག་པས་དེ་ལ་མགོ་འཁོར་བ་དང་།   རྩེད་ལ་ཞུགས་པ་རྐྱང་གིས་མི་ཚེ་ཕྲན་བུ་བཏང་ཟིན་པ་ཤག་སྟག་རེད་ད་དུང་དེའི་རྐྱེན་ལམ་ལ་དུས་ཕྱེད་ཀ་བགྲོད་བཞིན་པ་རང་རེད།   དེ་བརྟེན་ཕ་མའི་སློབ་གྲྭ་དང་རབ་བྱུང་གི་གྲལ་དུ་ཨུ་ཚུགས་ཀྱིས་བཞག་ཅིང་ཆུང་དུས་སུ་སེམས་ལ་སྐུལ་མ་བཏང་བ་དང་རྒྱུ་ནོར་སོགས་ཀྱིས་སློབ་གྲྭ་ལ་སྤྱོད་གང་ཐུབ་ཀྱིས་དེད་པ།   འབྲིང་བ་ལ་འཇམ་རྩུབ་གཉིས་ཀྱིས་དེད་པ།   ཆེ་བ་ལ་ལོ་རྒྱུས་དང་དཔེ་དོན་སོགས་ཀྱིས་བཀའ་དྲིན་ཐོག་མཐའ་ཀུན་ལ་བསྐྱངས་པས་རྒྱུད་ལ་རྟོགས་པ་ཆེ་འབྲིང་ཆུང་གསུམ་འཁྲུངས་པའི་ཕྱིར།

བཞི་པ།  ཕ་མར་ལ་ཚིག་རྩུབ་སོགས་མི་རུང་བ།

མི་རུང་བ་ནི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་ཀྱིས་མདོ་མཛངས་དང་རྒྱུ་འབྲས་སྐྱེས་ཚུལ་རྟེན་འབྲེལ་ལུང་རིགས་རྣམ་བཞག་སོགས་དང་དམ་པའི་ཆོས་ནང་ཕ་མ་བསད་པ་ནི་སྡིག་པའི་ལས་ལས་ཆེས་ཤིན་ཏུ་ལྕི་བའི་མཚམས་མེད་ཀྱི་ལས་ལྔ་ཡི་ནང་དུ་བཞག་པའི་རྒྱུ་མཚན་ཡོད་པའི་ཕྱིར།        འགྲོ་བ་མི་ཡི་ནང་ནས་དྲིན་ཆེན་གྱི་ཕ་མ་དམིགས་སུ་བཀལ་ཏེ་དེ་བསད་པ་དང་དེ་དག་ལ་ཚིག་རྩུབ་སྨྲ་བ་སོགས་དམ་ཆོས་ཀྱི་རྟེན་འབྲེལ་ནང་དུ་ཆེས་ཤིན་ཏུ་ལྕི་བ་རུ་འཇོག་པའི་རྒྱུ་མཚན་ཡོད་པའི་ཕྱིར།   བཤགས་པ་ཕལ་ཆེར་ནང་དང་ལྷག་པར་ཡོངས་གྲགས་ཀྱི་སྤྱི་བཤགས་ནང་དུ་ཕ་དང་མ་ལ་མ་གུས་པ་དང་།  ཞེས་པའི་བཤགས་ཚིག་སྨོས་པའི་དགོས་པ་དང་རྒྱུ་མཚན་ཡོད་པའི་ཕྱིར། དངོས་པོའི་མྱོང་ཚོར་གྱིས་བལྟས་ན་དེ་དག་ལ་དྲིན་ལེན་མ་མཇལ་ན་ཡང་ཚིག་རྩུབ་སྨྲ་མི་རུང་བ་མངོན་སུམ་གྱིས་གྲུབ།    མདོར་ན་དེ་དག་གིས་ཕ་མའི་བཀའ་དྲིན་ནི་ཆེས་ཤིན་ཏུ་ཆེ་བ་མཚོན་ཐུབ་ལ་ཕ་མ་ནི་ཆེས་དགའ་བའི་མི་སྣ་ཡིན་པ་བློས་འཇོག་ནུས་སོ། །

ལྔ་པ།  བུ་ཕྲུག་གིས་ཕ་མའི་བཀའ་དྲིན་བརྗོད་པ།

ཕ་ཁྱིམ་སྨུག་པོའི་སྦྲག་ནག་གི་གྲུ་བཞི་ཡི་ནང་གི་བྱམས་བརྩེ་བྱམས་སེམས་ཅན་གྱི་འགྱུར་བ་མེད་པའི་དྲིན་ཆེན་གྱི་ཕ་མ་གཉིས་པོ་ལགས་དཀའ་ངལ་ཆེ་སོང་ལ་བཀའ་དྲིན་ཆེ་ཡང་ཞུ།     ཁྱེད་ཀྱི་བཀའ་དྲིན་དུས་ནམ་ཡང་བརྗེད་མི་སྲིད་ལ།    ཁྱེད་ཀྱི་ཡོད་ཚད་བུ་ཕྲུག་གི་ཆེད་དུ་ཡིན་པ་དངོས་པོའི་མྱོང་ཚོར་གྱིས་ཤེས་སོང་ལ་དམ་ཆོས་ཀྱི་ལུང་རིགས་ཀྱིས་ཀྱང་གྲུབ་སོང་།   ཁྱེད་ནི་ནམ་ཡང་ངའི་རྒྱབ་ལྟག་ཏུ་གནས་པའི་རི་རྒྱལ་གྱི་བརྗིད་ཚད་དང་མཚུངས་སོ།  །མ་ཟད་འཇམ་ལྷོད་ལྷོད་དང་གཏིང་ཟབ་ཟབ་ཀྱི་གཤིས་ཀ་བཟང་པོ་ཡང་བུ་ཕྲུག་ལ་གནང་སོང་བ་བཀའ་དྲིན་ཆེ།     རྒྱུ་འབྲས་རྟེན་འབྱུང་གི་ལས་འབྲས་ཕྲ་མོ་ལས་བླངས་ནས་དལ་འབྱོར་གྱི་གཤོག་ཡངས་འཕྲེད་ལ་བཀལ་ཏེ་འཛམ་གླིང་ལས་ཀྱི་ས་པའི་ནང་དུ་བསྐྱལ་ཏེ་ཟླ་དགུ་ཞག་བཅུ་སོགས་མངལ་སྦྲུམ་དུ་རུམ་པས་ལུས་ཟུངས་རིད་པར་བདས་པའི་དྲིན་ཆེན་གྱི་ཕ་མ་གཉིས་པོ་ལགས།      ང་ཡི་བརྟེན་ས་མཐར་ཐུག་པ་ནི་ཁྱེད་གཉིས་ཡིན།   ཁྱེད་གཉིས་ནི་ང་ཡི་མདུན་ལམ་གྱི་རྟེན་ས་ཡིན་ལ།   བདག་གི་ལྟ་བའི་མིག་ཀྱང་ཡིན།    ཁྱེད་གཉིས་ནི་རླབས་ཆེན་ཞུམ་མེད་ཀྱི་དཔའ་བོ་ཡིན་ལ།   ཁྱེད་གཉིས་ནི་བྱམས་སེམས་ཀྱི་ཉི་མའི་འོད་ཟེར་ཡང་ཡིན།    ཕ་མ་ལགས།    ཁྱེད་ནི་བདག་གི་ཟད་མཐའ་མེད་པའི་དྲོད་ཁོལ་ཡིན་ལ།    ནོར་བུ་རིན་ཆེན་གྱིས་ཀྱང་འགྲན་མི་ནུས་པའི་རིན་ཐང་ཞིག་ཀྱང་ཡིན་ནོ།  །

དྲུག་པ། ཕྲུག་གུ་ཡི་མདུན་ལམ་ཕ་མ་དང་འབྲེལ་བ།

ཕྲུག་གུ་དེ་རླབས་ཆེན་གྱི་མི་སྣ་རུ་གྱུར་པ་ལ་ཕ་མ་དང་འབྲེལ་བ་གཏིང་ཟབ་པ་ཞིག་ཏུ་ཆགས་ཡོད།    གང་ཡིན་ཟེར་ན་སྤྱི་ན་ཕ་མ་སུ་འདྲ་ཡིན་རུང་ཕྲུག་གུ་ལ་བརྩེ་བ་མི་ཟབ་པ་ཞིག་ཕལ་ཆེར་ཡོད་མི་སྲིད་པ་ཞིག་རེད།   ཕ་མ་སུ་ཞིག་ཡིན་རུང་རང་གི་རེ་བ་དང་ཕུགས་བསམ་ནི་རང་གི་ཕྲུག་གུ་མི་སྣ་བཟང་པོ་ཞིག་དང་དེ་རླབས་ཆེན་གྱི་མི་སྣ་ཞིག་ཏུ་བསྐྲུན་འདོད་ཡོད་པ་ཤ་སྟག་རེད།   འོན་ཀྱང་ཕ་མ་འགའ་ཞིག་རང་གི་ཤེས་ཚད་དང་བློ་གྲོས་ལ་གོམས་པ་ཤེས་ཉུང་བས་ཕྲུག་གུ་འགའ་ཞིག་གི་མདུན་ལམ་ཡང་ཕ་མས་མེད་པར་བཟོ་སྲིད་པ་ཞིག་རེད།       དཔེ་ན་དེ་ཕ་མས་ཐོག་མར་ཆུང་དུས་ནས་ཀུན་སློང་ལ་ཕན་པ་མ་གཏང་བ་དང་སློབ་གྲྭ་དེ་དག་ལ་དཀའ་ངལ་ཡོད་མདོག་དང་དེ་དག་ལས་གྲོལ་ཐབས་སུ་བྱེད་པ་ནི་ཕྲུག་གུའི་མདུན་ལམ་ལ་གནོད་སྐྱོན་ཆེན་པོ་ཞིག་ཐེབས་ཀྱི་ཡོད་པ་ད་ལྟའི་དུས་ལ་མངོན་སུམ་གྱིས་འགྲུབ་བཞིན་ཡོད་དེར་བརྟེན་ཕ་མས་དེང་གི་འགྲོས་དང་བསྟུན་ནས་སློབ་གྲྭ་སོགས་ཀྱི་རིག་གནས་ཆེ་འབྲིང་ཆུང་གསུམ་ལ་ངེས་པར་སྦྱང་པ་ལ་སྐུལ་འདེད་དང་འབད་རྩོལ་བྱེད་རྒྱུ་ཤིན་ཏུ་གནད་དམ་པ་ཞིག་རེད་འདུག་སྙམ།    མ་ཟད་ཨ་ཕས་རྩོད་འཛིང་ལ་སྤྲོ་བ་དང་རྒྱུན་དུ་རྩོད་འཛིང་གི་སྐད་ཆ་ང་རྒྱལ་གཞན་ཕམ་གྱི་སྐད་ཆ་རྐྱང་རྐྱང་བཤད་ནས་དེ་དག་གི་སྐོར་བྱུང་ཙམ་ན་སྐྱིད་པ་དང་དེ་དག་ལ་རྒྱལ་ཁ་ཐུབ་ན་ཧ་ཅང་དགའ་མདོག་གི་སྐད་ཆའི་ཁྲོད་དུ་ཕྲུག་གུ་ལ་གནོད་སྐྱོན་ཡང་གཏང་སྲིད་ཀྱི་ཡོད་ལ་གཏོང་བཞིན་པ་ཡང་ཡོད།      བསམ་བློ་མནལ་དུ་བཏང་ན་ཕ་མ་རང་ལ་རྒྱུ་ནོར་ས་གཞི་འགེབས་པ་ལྟ་བུ་དང་རྟ་ནོར་རི་ལུང་གང་བ་ཞིག་ཡོད་པ་དེ་དག་ཕྲུག་གུ་ལ་སྤྲད་ནས་རླབས་ཆེན་ཞིག་བྱེད་ཡོད་བསམ་པ་ནི་ཤིན་ཏུ་ནོར་བའི་སྐྱོན་ཞིག་རེད་སྙམ།    དེས་ཧ་ཅང་རྒྱ་ཆེ་བའི་ཕན་ཐོག་གང་ཡང་ཡོད་མ་རེད།   མདོར་ན་གཙོ་བོ་དུས་རབས་ཀྱི་འགྲོས་དང་བསྟུན་ནས་བོད་བརྒྱུད་ནང་བསྟན་གྱི་སྤྱོད་ལམ་ཕུགས་བསམ་ལྟར་ཕྱོགས་གང་སར་སློབ་གྲྭ་སོགས་ཀྱི་བོད་ཀྱི་རིག་གནས་ཆེ་ཆུང་དང་དེ་དག་ལ་སྐུལ་འདེད་དུ་གཏོང་ཐུབ་པ་ཞིག་ཏུ་གྱུར་ན་དེ་ནི་རླབས་ཆེན་གྱི་བྱ་བཞག་ཅིག་རེད་ལ་དེ་དག་ནི་མངོན་སུམ་གྱིས་དཔོག་ཐུབ་པའི་མདུན་ལམ་ཞིག་ཀྱང་རེད།

བཅད་མ།

བརྩེ་བ་རུ་མ་བསྙིལ་བའི་དྲིན་ཆེན་གྱི་ཕ་མ། །

དུང་བ་ཞོ་རུ་ཆགས་པའི་བུ་ཕྲུག་ལ་བྱམས་པ། །

སུ་ཞིག་དཔོག་པར་དཀའ་བའི་རྒྱ་མཚོ་ཡི་གཏིང་མཐའ། །

ནམ་ཡང་དྲན་པར་འོས་པའི་མིག་ལམ་གྱི་འོད་མདངས། །

ལུས་ཟུངས་བཅུད་ཀྱི་ནུ་ཞོ་མངར་མོ་ཡིས་བསོས་པ།  །

གཅིན་སྐྱག་སྣབས་ལུད་བྱིས་པ་ཕྱག་ཟུང་གིས་ཕྱིས་པ།  །

དྲོད་སྐྱིད་དབྱར་འདྲའི་ཨ་མའི་པང་སྟེང་གི་འཚོ་བ།  །

ནམ་ཡང་དགའ་བའི་མིག་གིས་ཡང་ཡང་དུ་བལྟ་བ།   །

རྟག་ཏུ་བུ༵་ཕྲུག་བསྐྱངས་པའི་བྱམས་ལྡན་གྱི་ཨ་མ།  །

ཡང་དག་ལམ་བཟང་འོད་གསལ་བུ༵་ཕྲུག་ལ་སྟོན་པ།  །

གཞལ་མེད་བཀའ་དྲིན་རིན་ཆེན་བུ༵་ཕྲུག་ལ་བྱིན་པ།  །

ནམ་ཡང་བཀའ་དྲིན་ཐུགས་རྗེ་བུ༵་ཕྲུག་གིས་མི་བརྗེད།   །

དབུ་སྐྲ་དཀར་པོར་ཆགས་ཤིང་ལུས་བགྲེས་གཉེར་མས་ཞལ་གདོང་ཁེབས།   །

ཐམས་ཅད་མ་ཡིན་འགའ་ཞིག་རང་གིས་ཕ་མའི་གདོང་ལ་བསུས།   །

གུག་གུག་བཞུ་བཞིན་སྐུ་ལུས་ཀྱག་ཀྱོག་ཁྲག་རླུང་སེམས་དུ་འཚུབ།   །

ཐམས་ཅད་མ་ཡིན་འགའ་ཞིག་ཆེད་དུ་རང་གིས་འཚུབ་འཚུབ་བསླངས།   །

སྟེང་གི་ལྷ་ཡི་གཏེར་མཛོད་རབ་ཏུ་ཕུལ་ཡང་ཕ་ལོའི་དྲིན་ལན་གཞལ་བར་དཀའ།   །

འོག་གི་ཀླུ་ཡི་བང་མཛོད་རབ་ཏུ་མཆོད་ཀྱང་མ་ལོའི་དྲིན་ལན་གཞལ་བར་དཀའ།  །

ཡོད་ཚད་ཕྲག་ཏུ་བླངས་པའི་དྲིན་ཆེན་ཕ་མའི་བཀའ་དྲིན་འདི།  །

སུ་ཡིས་གཞལ་བར་མི་ནུས་སྟེང་གི་ནོར་བུ་དངོས་མ་ཡིན།   །

ཆར་རླུང་འཁྲེགས་པར་ཆགས་པའི་ཉིན་མཚན་གྱི་མུན་གླིང་།   །

མྱ་ངན་འཁུར་གྱིས་རབ་མནར་ངན་སོང་གི་སྐྱེ་གནས།  །

ངན་འབྲས་ཉེས་པའི་ཚོགས་ཀྱི་གཡང་ས་དང་ངུ་འབོད།  །

དེ་དག་མ་སྐྱེས་ལྷ་མའི་གོ་འཕང་དུ་སྨོན་ནོ།  །

གསལ་བཤད།

ཕ་མའི་དྲིན་གཟོའི་གཏམ་ཞིག་བསམ་ཚུལ་ཞིག  །

བརྗོད་ཀྱང་བུ་གའི་ཤེས་རིག་དབུལ་བ་དྲག  །

དཔྱད་ལྡན་མཁྱེན་རྒྱ་ཡངས་པའི་སྤྱན་སྔ་རུ།   །

མ་འོས་མ་འཚམ་བྱུང་ན་མཐོ་ལོ་བཤགས།   །
ཆབ་མདོ་ཚ་བ་དཔའ་ཤོད།
འབྲེལ་བ། 18389078444