བསླབ་བྱ་ཞིག་ལས་བསླབ་བྱ་ཞིག་དྲན་ཚུལ། བློ་བཟང་དོན་ལྡན།

139/545

ད་ནི་ལོ་གསར་ཚར་ཞིང་སྨོན་ལམ་ཆེན་མོ་ཡང་ཡོངས་སུ་གྲོལ་སོང་བས་ད་ལོའི་སློབ་གཉེར་ཀྱང་འགོ་ཚུགས་ལ་རན་སོང་བར་བརྟེན། ཁ་སང་སྟ་གོན་ལྟ་བུར་བྱས་ནས་དེ་རིང་དངོས་སུ་འགོ་ཡོངས་སུ་བཙུགས།

མ་གཞི་ཡུལ་འདིར་གསེར་རྟ་དང་བྱང་སྡེའི་རྫ་ཆུ་ཁ་བཞིན་དུ་གནམ་གཤིས་ཧ་ཅང་གྲང་བ་མ་ཡིན་མོད། ཁ་སང་ལ་ཁ་བ་འཐུག་པོ་བབས་པ་དེས་དེ་རིང་ཤིན་ཏུ་མཐོ་བའི་རི་བོའི་རྩེ་ལ་སླེབས་པའི་སྣང་བ་བྱུང་ཟེར་ན་ཡང་ཅུང་ཐལ་མི་ཆེའམ་སྙམ། དེ་ལྟ་བུའི་ལྷགས་ཀློང་གི་ཁྲོད་དུ་ཆོས་གྲོགས་ཚོ་དང་མཉམ་དུ་དགེ་རྒན་གྱི་མདུན་ནས་ན་ནིང་གི་མཚམས་ཏག་ཏག་ནས་དཔེ་ཁྲིད་ཀྱང་གསན་པའི་སྐལ་བ་བྱུང་བས་ཕྱིའི་ལུས་ཕུང་གྲང་ངར་གྱིས་གཙེས་ཀྱང་ནང་སེམས་ལ་སྨྲ་མི་ཤེས་པའི་སྤྲོ་སྣང་ཞིག་བྱུང་།

དེ་རིང་དགོན་འདི་གའི་སློབ་གཉེར་འགན་འཛིན་རྣམ་པས་དགོང་མོའི་དམ་བཅའ་སྐབས་ལོ་གཅིག་གི་སློབ་གཉེར་འགོ་ཡིན་པ་ལ་དམིགས་ནས་སྤྱིར་ན་སློབ་སྦྱོང་ལ་འབད་བརྩོན་ལྷོད་མེད་གནང་དགོས་པ་དང་།  ཡང་སྒོས་དེ་དང་བསྟུན་ནས་རང་གི་སྤྱོད་ལམ་ཡང་གང་ལེགས་གནངས་ཏེ་ལས་སྣེ་བརྩི་འཇོག་དང་རྒས་བཀུར་ཆུང་བྱམས་བྱེད་དགོས་པ་དང་།

ཐ་ན་རང་རང་གིས་ཁ་དཀྲིས་རྒྱག་པ་ཡན་ཆད་མཚམས་བཞག་དགོས་རབས་སོགས་གང་ཅིའི་ཐད་ནས་བསླབ་བྱ་གནད་ལ་ཟིན་པ་མི་ཉུང་བ་གནང་།

དེ་ལྟར་གནང་བའི་སྐད་ཅིག་མ་དེར་ངའི་ཡིད་ཀྱི་མེ་ལོང་ངོས་སུ་ལམ་མེར་འཆར་ཡོང་བ་ནི། གྲོངས་ནས་ཞེ་དགུ་ཡང་མ་རྫོགས་པའི་དགེ་རྒན་རིན་པོ་ཆེ་ཁོང་གི་བསླབ་བྱ་རེད།

བསླབ་བྱ་དེ་ནི་འདི་ནས་ཕྱིར་བརྩིས་པའི་ལོ་གཉིས་གསུམ་གྱི་ཡར་སྔོན་ཞིག་ལ་རླུང་བུ་བསིལ་བསིལ་ལྡང་བའི་སྐབས་དེར་ཆོས་གྲྭ་ཆེན་མོའི་རྡོ་གཅལ་སྟེང་ང་ཚོ་སློབ་མ་ཡོངས་ཀྱིས་མཐའ་ནས་བསྐོར་ཏེ་དགེ་རྒན་ཁོང་ཁྲི་ཐོག་ཏུ་བྱམས་པའི་བཞུགས་སྟབས་ཀྱིས་དབུ་ཅུང་ཟད་བཀུག་ནས་སློབ་མ་ཚོ་ལ་ཞལ་ནས།

“སློབ་གཉེར་བྱེད་པའི་དགོས་པ། སློབ་གཉེར་བྱེད་སྟངས་སོགས་མདོ་ཙམ་གསུངས་ནས། འདི་གའི་སློབ་མ་ཚོས་མ་འདང་ས་དེ་གཙོ་བོ་ཀུན་སྤྱོད་རེད་འདུག་པས་དེའི་ཐད་ནས་བཤད་འདོད་སོང་ཟེར་ཏེ། ཀུན་སྤྱོད་རྣམས་ཧ་ཅང་བཟང་དགོས་རབས། རང་ཉིད་ཀྱི་སེམས་དེ་ལྟ་བུའི་ཞི་ཞིང་དུལ་བ་མིན་ན་ཡང་། སྤྱོད་ལམ་གང་ཡག་ཡག་བྱེད་ན། མི་གཞན་པས་མཐོང་ན་ཇི་འདྲའི་གྲྭ་པ་ཡག་པོ་འདུག་བསམས་ནས་གཞན་གྱི་རྒྱུད་ལ་དགེ་བའི་བག་ཆགས་འཇོག་ཏུ་ཡོད་པ་དང་།

སྐབས་སྐབས་སུ་ཚུལ་འཆོས་དགེ་བའི་གྲོགས་སུ་འགྲོ་བ་ཡོད་ཅེས་ང་ཚོ་གྲྭ་སར་ཡོད་སྐབས་མཁན་ཟུར་རིན་པོ་ཆེས་དུས་རྒྱུན་དུ་གསུང་གི་རེད།”

ཅེས་བླ་མའི་མན་ངག་དང་འབྲེལ་བའི་ཞལ་གསུང་དྲོན་མོ་རྣམས་གློག་བརྙན་ལ་བལྟས་པ་བཞིན་དུ་ཡིད་ལ་ལྷམ་མེར་འཁོར་བཞིན་ཡུད་ཙམ་བསྡད་དེ་མིག་ཕྱེ་ནས་ཡར་མར་བལྟས་པས་ང་གཅིག་པུས་ཁ་དཀྲིས་བརྒྱབས་ནས་འདུག་པར་གདོང་ལ་མེ་རྟགས་ལྷུང་བ་ལྟ་བུའི་ཚོར་བ་བྱུང་།

དེ་ལྟ་བུའི་ཚོར་བ་རྣོན་པོ་དེ་མྱོང་བཞིན་པའི་སྐབས་དེར་གློ་བུར་དུ་དྷི་སྐད་བཏང་ནས་རྩོད་པ་ཚུགས་སོང་བས་ངས་ཀྱང་རྟགས་བསལ་ཞིག་གི་འགོ་འཁྱར་འཁྱོག་ཅིག་བཙུགས་པ་ཡིན།

སྤྱིར་བཏང་། དགེ་རྒན་རིན་པོ་ཆེ་ཁོང་ནི་གྲྭ་སའི་དགེ་བཤེས་ཡིན་ཞིང་། མདོ་སྡེ་རྒྱན་ལས་བཤད་པའི་བཤེས་གཉེན་གྱི་མཚན་ཉིད་ཆ་ཚང་ཚང་མཁན་ཞིག་ཡིན་མོད།   འོན་ཏང་།

ཡོན་ཏན་དེ་དག་ཁོང་དུ་སྦས་ནས་ཕྱོགས་གང་ཐད་ནས་དམན་པའི་རྟུལ་ཞུགས་བཟུང་ནས། དེང་གི་དབུ་མའི་བགྲོ་གླེང་དང་། འཇང་དགུན་ཆོས་སོགས་ཆོས་ཚོགས་ཆེ་གེ་མོ་གང་ལའང་ཕེབས་འདོད་གཏན་ནས་མེད།

ཐ་ན་མི་གཞན་གྱིས་ཁོང་དགེ་བཤེས་ཤེས་པ་ཕར་ཟད། ངོ་ཤེས་མཁན་ཡང་དཀོན་པའི་ཚོད་དུ་གནས། འོན་ཀྱང་། ཁོང་གྲོངས་དུས་ཐུགས་དམ་ལ་ཉིན་གསུམ་བཞུགས་པ་དང་། ཞུགས་མེར་ཕུལ་སྐབས་བདུད་རྩིའི་རྒྱུན་འབབ་པ་དང་། རབ་ཏུ་དཀར་བའི་ཞོ་གསར་ལྟ་བུའི་གདུང་དུད་གྱིས་དགོན་པའི་སྟེང་གཡོགས་པ་དང་། ཐུགས་ལྗགས་སྤྱན་གསུམ་མ་འཚིག་པ་སོགས་འདས་རྟགས་ངོ་མཚར་ཅན་མང་དུ་བཞག་པས་ད་བཟོད་མཚན་སྙན་རབ་ཏུ་འབར་ལ། དོ་སྣང་བྱེད་མཁན་ཡང་ཇེ་མང་དུ་གྱུར།

ལར་ནས་ཁོང་ཞལ་བཞུགས་སྐབས་དཔེ་ཁྲིད་ཀྱི་ཞོར་འཕྲོས་སུ་ང་ཚོ་ལ་བསླབ་བྱ་གནང་བ་ལྟར་ཁོང་གིས་ཀྱང་འདས་ཁར་ཇི་མ་ཇི་བཞིན་མཛད་པ་སོགས་ང་ལ་མང་ཙམ་བཤད་དུ་ཡོད་མོད། ད་ནི་ཆུ་ཚོད་ཀྱང་བཅུ་གཉིས་ཟིན་ལ་ཉེ་ཞིང་། ཁ་པར་ནང་གློག་ཀྱང་སྐར་མ་གཉིས་ལས་མི་འདུག་ལ། སང་ཉིན་སྔ་ལངས་ཀྱང་བྱ་དགོས་པས་འདི་ནས་བྲིས་མཚམས་བཞག

༢༠༡༩བོད་ཟླ་༡ཚེས་༢༢དགོང་མོར་བྲིས།