སྤྲིན་གྱི་རྒྱ་མཚོ་བརྒལ་བའི་བརྩེ་དུང་ཞེས་པ་ལ་དཔྱད་པ།

20/427

སྙེ་ལྕེ་བཙན་ཕྲུག

 

 

 

སྤྲིན་གྱི་རྒྱ་མཚོ་བརྒལ་བའི་བརྩེ་དུང་ལ་དཔྱད་པ་ཞེས་པའི་དཔྱད་རྩོམ་འདིའི་ནང་དོན་གནད་བསྡུས་ནི། ཁག་གསུམ་ལ་དབྱེ་ནས་དཔྱད་པ་བྱེད་རྒྱུ་ཡིན།

 

 

ནང་དོན་གནད་བསྡུས།

དང་པོ།ནང་ཆོས་ཀྱི་ཉམས་ལེན་གཙོ་བོ་ཡན་ལག་བདུན་པ་ལ་ལོག་འདྲེན་ཉུང་ཤས་ཤོར་བ་དེ་དགག་པ་དང་།

གཉིས་པ།གཟུ་བོའི་བློ་ཡིས་དཔྱད་ནས་དཔེ་དེབ་དེ་ལས་བསྟན་པའི་ཕན་ཚུན་གྱི་མཛའ་ཞིང་བརྩེ་བའི་ཡོན་ཏན་དེ་རྣམས་བོད་ལྗོངས་འདིར་དར་ཆེད་དུ་དཔེ་དེབ་དེའི་དངོས་ཡོད་ཀྱི་བརྩེ་སྒྲུང་ཕྱོགས་ལ་བོད་པའི་ཁྱིམ་འཛིན་ན་གཞོན་ཚོས་སློབ་སྦྱོང་དགོས་པར་བསྐུལ་བ་དང་།

གསུམ་པ།དཔེ་དེབ་དེ་ལས་བསྟན་པའི། རྟགས་དང་། རྟེན་འབྲེལ་འདྲ་པོ་དེ་ཚོ་དཔེ་དེབ་དེར་བཀོད་པ་བཞིན་དུ་ཁྲོམ་བསྒྲགས་བྱས་པ་རྣམས། འཇིག་རྟེན་ཆོས་བརྒྱད་གྱི་དབང་དུ་འགྲོ་ཡོད་མེད་དང་། དོགས་པ་སློང་བ་སོགས་ཀྱི་རྒྱུ་མཚན་གནད་བསྡུས་གསུམ་གྱི་སྒོ་ནས་དཔྱད་རྒྱུ་ཡིན།

བརྡ་ཆད་གཙོ་བོ། ཡན་ལགས་བདུན་པའི་མིང་ཚིག སྤྲིན་གྱི་རྒྱ་མཚོ་བརྒལ་བའི་བརྩེ་དུང་། བརྩེ་བ་དང་། དུང་བ་དགོས་ཚུལ་སོགས་གླིང་བར་བྱེད་པའི་བརྡ་ཆད་རྣམས་ཡིན།

(Susan Sontag,1933—2004)

རྩོམ་པ་པོའི་འགན་འཁྲི་དང་པོ་ནི། ལྟ་ཚུལ་འདོན་པ་དེ་མིན་པར། དོན་དངོས་ཀྱི་བདེན་པ་བཤད་རྒྱུ་དེ་ཡིན། དེ་མིན་ད་དུང་རྫུན་དང་། ཤོབ་ཀྱི་ངན་རོགས་སུ་མི་འགྱུར་བ་དེ་ཡིན། རྩོམ་རིག་ནི་ཧེ་བག་ཕྲ་མོ་དང་། བསམ་འཆར་འདོན་སའི་ཁང་ཆུང་ཞིག་ཡིན་པ་ལས། སྟབས་བདེ་བར་བྱས་པའི་སྐད་སྒྲའི་སྤྱིལ་བུ་ཞིག་མིན་ཞེས་གསུངས་མཁན་ཨ་རིའི་རྩོམ་པ་པོ་དང་། སྒྱུ་རྩལ་དཔྱད་བརྗོད་པ། མཁས་པའི་དབང་པོ་སཱུ་ཟན་སོན་ཁྲག་གིས་འདི་ལྟར་གསུངས་པ་བཞིན་དུ་ཁོ་བོས་རྩོམ་རིགས་སྒྱུ་

རྩལ་གྱི་འགྲོ་སྟངས་སམ་འོས་འགན་དེ་དགའ་ཞིང་སྤྲོ་བའི་ངང་ནས་དང་ལེན་ཞུས་ཏེ།

ཐོག་མར་གང་བཤད་པར་བྱེད་པ་ལ།

༡ དང་པོ། སྤྲིན་གྱི་རྒྱ་མཚོ་བརྒལ་བའི་བརྩེ་དུང་ལ་དཔྱད་པ་ཞེས་པ་ནི།

སློབ་དཔོན་སྣ་ཚོགས་གཟུགས་ཅན་གྱིས་བརྩམས་པའི་བརྩེ་སྒྲུང་ཞིག་གི་དཔེ་དེབ་ཀྱི་མིང་ཡིན་པ་དང་། དེ་ལ་དཔྱད་པ་ཞེས་པ་ནི། ཁོ་བོས་དཔེ་དེབ་དེ་ཆ་ཚང་བཀླགས་པའམ་ཡོངས་རྫོགས་ལྟས་ཚར་བ་ལས། དཔེ་དེབ་དེའི་བརྗོད་བྱར་བླང་དོར་རམ་སྙིགས་དོར་བཅུད་ལེན་བྱས་ཅིང་། དེའི་འབྲས་རྟགས་སུ། དཔེ་དེབ་དེར་དཔྱད་པ་བཏང་པ་སྟེ། མངོན་སུམ་དང༌། རྗེས་དཔག་གམ་དངོས་སྟོབས་རྗེས་དཔག་ཡིད་ཆེས་རྗེས་དཔག་གམ་གྲགས་པའི་རྗེས་དཔག་སྟེ་རིགས་པ་གསུམ་གྱིས་དཔྱད་པས་ན། དེ་མ་ཐག་པའི་དཔྱད་པ་ཞེས་པའི་མིང་ཚིག་དེ་བཏགས་པ་ལ་ཟེར་བ་ཡིན་པས།

ད་ནི། གོང་ལ་བཀོད་པའི་ནང་དོན་གནད་བསྡུས་རྣམས་རེ་རེ་བཞིན་འབྲི་བར་བྱེད་པ་ལ་འཇུག་པ་བྱ་སྟེ།

དང་པོ། ནང་ཆོས་ཀྱི་ཉམས་ལེན་གཙོ་བོ་ཡན་ལག་བདུན་པ་ལ་ལོག་འདྲེན་ཉུང་ཤས་ཤོར་བ་དེ་དགག་པ་བྱེད་པ་ལ། དེ་ཡང་ཡན་ལགས་བདུན་པ་ཞེས་པ་ནི། 1༽ ཕྱག་འཚལ་བའི་ཡན་ལག་དང་། 2༽ མཆོད་པ་འབུལ་བའི་ཡན་ལག 3༽ སྡིག་པ་བཤགས་པའི་ཡན་ལག 4༽ དགེ་བ་ལ་རྗེས་སུ་ཡིད་རང་བའི་ཡན་ལག 5༽ ཆོས་འཁོར་བསྐོར་བར་བསྐུལ་བའི་ཡན་ལག 6༽ མྱ་ངན་ལས་མི་འདའ་བར་གསོལ་བ་འདེབས་པའི་ཡན་ལག 7༽ དགེ་བ་བསགས་པ་རྣམས་རྫོགས་པའི་བྱང་ཆུབ་ཏུ་བསྔོ་བའི་ཡན་ལག་བཅས་དེ་རྣམས་བདུན་ལ་ཡན་ལག་བདུན་པ་ཞེས་གསུངས་པ་རེད། འོ་ན། ཡན་ལག་བདུན་པ་ཞེས་པ་དེའི་དོན་ནམ་དེ་ནང་ཆོས་ཀྱི་གཞུང་སོགས་གང་ན་ཡོད་དམ་ཟེར་ན། དེའི་ལན་དུ། ཡན་ལག་བདུན་པ་ནི། རྒྱལ་བའི་བཀའ་འགྱུར་རིན་པོ་ཆེ་ནང་ལ་བཞུགས་པའི་མདོ་ཞིག་རེད། གོང་ལ་ཡན་ལག་བདུན་པ་ཞེས་པ་དེ་ནི། ཡན་ལག་བདུན་པ་སོ་སོའི་ཁ་བྱང་ངམ་ཡན་ལག་བདུན་པ་སོ་སོའི་མཚན་བདུན་པོ་དེ་རེད། མདོ་དེའི་མིང་ལ། འཕགས་པ་བཟང་པོ་སྤྱོད་པའི་སྨོན་ལམ་གྱི་རྒྱལ་པོ་ཞེས་དང་། དེའི་རྒྱ་གར་སྐད་དུ། ཨཱརྱ་བྷ་དྲ་ཙརྱ་པྲ་ཎི་དྷ་ན་རཱ་ཛ། བོད་ཀྱི་སྐད་དུ། །འཕགས་པ་བཟང་པོ་སྤྱོད་པའི་སྨོན་ལམ་གྱི་རྒྱལ་པོ་ཞེས་ཞུ་ཞིང་། འཕགས་པ་ཀུན་ཏུ་བཟང་པོས་གསུངས་པ་ཞིག་རེད། བཟང་སྤྱོད་སྨོན་ལམ་གྱི་དབུ་ལ་བཀོད་པའི་ཡན་ལག་བདུན་པ་ཞེས་པ་དེ་རེད། ཐེག་པ་ནི། ཐེག་པ་ཆེན་མོའི་མདོ་ཡིན་ཏེ། བུ་སྟོན་ཆོས་འབྱུང་ལས། བཟང་སྤྱོད་ལ་སོགས་པ་འདི་དག་ཐེག་ཆུང་བྲིས་པ་ནི་མི་རིགས་ཏེ། ཐེག་ཆེན་གྱི་མདོ་དང་གཟུངས་ལས་བྱུང་བ་ཡིན་པས་དེ་ཉིད་དུ་གཏོགས་ཤིང་དེ་ལས་ལོག་ཏུ་ཕྱེ་བ་མི་ཐད་དོ་ཞེས་གསུངས་པས་སོ། དེ་དང་མཐུན་པ་མདོ་དང་བསྟན་བཅོས་གང་ན་གོང་བཀོད་ཡན་ལག་རྣམས་ཡོད་ཚེ། དེ་རྣམས་ཕྱག་འཚལ་བའི་ཡན་ལག་སོགས་ཡིན་ཞིང་། བཟང་སྤྱོད་སྨོན་ལམ་གྱི་དབུ་ལ། ༼ འཕགས་པ་འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ།། ཇི་སྙེད་སུ་དག་ཕྱོགས་བཅུའི་འཇིག་རྟེན་ན།། དུས་གསུམ་གཤེགས་པ་མི་ཡི་སེངྒེ་ཀུན།། བདག་གིས་མ་ལུས་དེ་དག་ཐམས་ཅད་ལ།། ལུས་དང་ངག་ཡིད་དང་བས་ཕྱག་བགྱིའོ།། བཟང་པོ་སྤྱོད་པའི་སྨོན་ལམ་སྟོབས་དག་གིས།། རྒྱལ་བ་ཐམས་ཅད་ཡིད་ཀྱི་མངོན་སུམ་དུ།། ཞིང་གི་རྡུལ་སྙེད་ལུས་རབ་བཏུད་པ་ཡིས།། རྒྱལ་བ་ཀུན་ལ་རབ་ཏུ་ཕྱག་འཚལ་ལོ།། རྡུལ་གཅིག་སྟེང་ན་རྡུལ་སྙེད་སངས་རྒྱས་རྣམས།། སངས་རྒྱས་སྲས་ཀྱི་དབུས་ན་བཞུགས་པ་དག། དེ་ལྟར་ཆོས་ཀྱི་དབྱིངས་རྣམས་མ་ལུས་པ།། ཐམས་ཅད་རྒྱལ་བ་དག་གིས་གང་བར་མོས།། དེ་དག་བསྔགས་པ་མི་ཟད་རྒྱ་མཚོ་རྣམས།། དབྱངས་ཀྱི་ཡན་ལག་རྒྱ་མཚོའི་སྒྲ་ཀུན་གྱིས།། རྒྱལ་བ་ཀུན་གྱི་ཡོན་ཏན་རབ་བརྗོད་ཅིང༌།། བདེ་བར་གཤེགས་པ་ཐམས་ཅད་བདག་གིས་བསྟོད།། མེ་ཏོག་དམ་པ་ཕྲེང་བ་དམ་པ་དང༌།། སིལ་སྙན་རྣམས་དང་བྱུག་པ་གདུགས་མཆོག་དང༌།། མར་མེ་མཆོག་དང་བདུག་སྤོས་དམ་པ་ཡིས།། རྒྱལ་བ་དེ་དག་ལ་ནི་མཆོད་པར་བགྱི།། ན་བཟའ་དམ་པ་རྣམས་དང་དྲི་མཆོག་དང༌།། ཕྱེ་མ་ཕུར་མ་རི་རབ་མཉམ་པ་དང༌།།བཀོད་པ་ཁྱད་པར་འཕགས་པའི་མཆོག་ཀུན་གྱིས།། རྒྱལ་བ་དེ་དག་ལ་ནི་མཆོད་པར་བགྱི༌།།མཆོད་པ་གང་རྣམས་བླ་མེད་རྒྱ་ཆེ་པ།། དེ་དག་རྒྱལ་བ་ཐམས་ཅད་ལ་ཡང་མོས།། བཟང་པོ་སྤྱོད་ལ་དད་པའི་སྟོབས་དག་གིས།། རྒྱལ་བ་ཀུན་ལ་ཕྱག་འཚལ་མཆོད་པར་བགྱི།། འདོད་ཆགས་ཞེ་སྡང་གཏི་མུག་དབང་གིས་ནི།། ལུས་དང་ངག་དང་དེ་བཞིན་ཡིད་ཀྱིས་ཀྱང༌།། སྡིག་པ་བདག་གིས་བགྱིས་པ་ཅི་མཆིས་པ།། དེ་དག་ཐམས་ཅད་བདག་གིས་སོ་སོར་བཤགས།། ཕྱོགས་བཅུའི་རྒྱལ་བ་ཀུན་དང་སངས་རྒྱས་སྲས།། རང་རྒྱལ་རྣམས་དང་སློབ་དང་མི་སློབ་དང༌།། འགྲོ་བ་ཀུན་གྱི་བསོད་ནམས་གང་ལ་ཡང༌།། དེ་དག་ཀུན་གྱི་རྗེས་སུ་བདག་ཡི་རང༌།། གང་རྣམས་ཕྱོགས་བཅུའི་འཇིགས་རྟེན་སྒྲོན་མ་རྣམས།། བྱང་ཆུབ་རིམ་པར་སངས་རྒྱས་མ་ཆགས་བརྙེས།། མགོན་པོ་དེ་དག་བདག་གིས་ཐམས་ཅད་ལ།། འཁོར་ལོ་བླ་ན་མེད་པ་བསྐོར་བར་བསྐུལ།། མྱ་ངན་འདའ་སྟོན་གང་བཞེད་དེ་དག་ལ།། འགྲོ་བ་ཀུན་ལ་ཕན་ཞིང་བདེ་བའི་ཕྱིར།། བསྐལ་བ་ཞིང་གི་རྡུལ་སྙེད་བཞུགས་པར་ཡང༌།། བདག་གིས་ཐལ་མོ་རབ་སྦྱར་གསོལ་བར་བགྱི།། ཕྱག་འཚལ་བ་དང་མཆོད་ཅིང་བཤགས་པ་དང༌།། རྗེས་སུ་ཡི་རང་བསྐུལ་ཞིང་གསོལ་བ་ཡི།། དགེ་བ་ཅུང་ཟད་བདག་གི་ཇི་བསགས་པ།། ཐམས་ཅད་བདག་གིས་བྱང་ཆུབ་ཕྱིར་བསྔོའོ།། ༽ ཞེས་པ་དེ་རྣམས་རེད། དེ་རྣམས་ཉམས་ལེན་བྱེད་ཚུལ་གྱི་དམིགས་པའི་ཡུལ་གང་ཡིན་པ་ནི། སངས་རྒྱས་ཟིན་པའམ་རྫོགས་སྨིན་སྦྱངས་གསུམ་བྱས་པའི་གང་ཟག་གང་ཡང་རུང་བ་ཞིག་སྟེ། དཔེར་ན། བདག་ཅག་གི་སྟོན་པ་བཅོམ་ལྡན་འདས་ཁོང་ལ་དད་པ་དང་། དག་སྣང་ཡོད་མཁན་ནམ། ཁོང་གི་ཆེད་དུ་བྱ་བའི་འདུལ་བྱ་རྗེས་འཇུག་མཚན་ཉིད་ཚང་བ། མདོར་ན་ཁོང་ལ་དད་འདུན་ཡོད་མཁན་ཞིག་གིས་ཡན་ལག་བདུན་པ་ཉམས་སུ་ལེན་པའི་ཚེ་ན། དམིགས་ཡུལ་ལ་སངས་རྒྱས་ཀྱི་ཡོན་ཏན་རྣམས་རྗེས་སུ་དྲན་པའི་སྒོ་ནས། སངས་རྒྱས་ཀྱི་སྐུ་འདྲ་སོགས་ཀྱི་མདུན་དུ། ཕྱག་འཚལ་བ། སངས་རྒྱས་ཐམས་ཅད་ལ་ཡིད་ཀྱི་མཆོད་པ་སོགས་འབུལ་བ་དེ་ཡན་ལག་བདུན་པ་ཉམས་ལེན་བྱེད་ལུགས་དེ་འདྲ་དེ་དོན་དང་ལྡན་པ་ཞིག་རེད། དེ་འདྲ་དེ་ཡན་ལག་བདུན་པ་ཉམས་ལེན་བྱེད་སྟངས་ཀྱི་ཡུལ་དངོས་འཛིན་ཚུལ་མ་ནོར་བ་ཞིག་ཀྱང་རེད། དེ་དང་མཐུན་པ་ཡན་ལག་བདུན་པ་ཉམས་སུ་ལེན་དུས་ཕྱག་འཚལ་བ་སོགས་ཀྱི་ཡུལ་ལ་འཁོར་བ་ལས་ཐར་བའི་གང་ཟག་ཞིག་ངེས་པར་དུ་ཡིན་དགོས་ཏེ། ཡན་ལག་བདུན་པའི་ནང་ཚན་གྱི་ཡན་ལག་ལྔ་པ་ཆོས་འཁོར་བསྐོར་བར་བསྐུལ་བའི་ཡན་ལག་ལྟ་བུ་ཉམས་སུ་ལེན་པའི་ཚེ་ན། ཆོས་འཁོར་བསྐོར་བར་བསྐུལ་བའི་ཡན་ལག་གི་ཡུལ་དངོས་ཏེ། གོང་བཀོད་བཞིན་དུ། རང་ཉིད་ཀྱིས་ཆོས་འཁོར་བསྐོར་བར་བསྐུལ་བའི་ཡུལ་དེས་ཆོས་འཁོར་བསྐོར་བར་བྱེད་པ་ལ་སྒྲིབ་ཐོག་དང་བྲལ་བ། འདུལ་བྱའི་དབང་པོ་དང་འཚམས་པར་ཆོས་སྟོན་ཐུབ་མཁན། ཆོས་དེ་ཡང་ནོར་བ་དང་། འཁྲུལ་བ་སོགས་གང་ཡང་མེད་པར་ཡང་དག་པ་སྟོན་ཐུབ་པ་ཞིག་དགོས་པ་ནི། ཡན་ལག་ལྔ་པ་ལྟ་བུའི་ཉིང་དགོས་ཞིག་ཡིན་པའི་རྒྱུ་མཚན་གྱིས་ཕྱིར། དེས་ན། ཀློག་པོ་ལགས། ཡན་ལག་བདུན་པ་ཉམས་སུ་ལེན་སྟངས་དོན་ངོ་མ་ནི་གོང་ལ་བཀོད་པ་ནང་བཞིན་ཡིན་པ་ཁྱེད་ཀྱིས་མདོར་ཙམ་དངོས་སུ་ཤེས་པས་ན། དེའི་རྗེས་ཁྱེད་ཀྱིས་དོན་དེར་མངོན་སུམ་དུ། སྤྲིན་གྱི་རྒྱ་མཚོ་བརྒལ་བའི་བརྩེ་དུང་ལས་བསྟན་པའི་རང་ཉིད་ཀྱི་གཟའ་ཟླ་ཧ་ནེ་ལ། སྣ་ཚོགས་གཟུགས་ཅན་རང་ཉིད་ཀྱིས་ཡན་ལག་བདུན་པ་ཉམས་སུ་ལེན་གྱི་ཡོད་པ་མང་པོ་ཞིག་ཅི་ལྟར་སྙན་མོ་ག་ཚད་ཀྱིས་བཤད་ཀྱང་། དེ་རྣམས་འུར་གཏམ་ཙམ་བཤད་པ་ཡིན་པ་ང་ཚོས་ཤེས་ཐུབ་སྟེ། སྣ་ཚོགས་གཟུགས་ཅན་རང་ཉིད་ཀྱི་གཟའ་ཟླ་ཧ་ནེ་ནི། ཡན་ལག་ལྔ་པའི་ཉམས་ལེན། ཆོས་འཁོར་བསྐོར་བར་བསྐུལ་བའི་ཡུལ་ཡིན་པ་ལ་ཆོས་འཁོར་བསྐོར་བར་བྱེད་པ་ལ་སྒྲིབ་ཐོག་དང་བྲལ་བ་ཞིག་ཡིན་དགོས་པ་ལས། ཧ་ནེ་ཁོང་ནི་དེ་མ་ཡིན་པ་རྒྱུ་མཚན་གོང་བཀོད་དེ་རྣམས་ཀྱི་རྟགས་ལ་བརྟེན་ནས་དཔྱད་པས་ཤེས་སོ། །

གཞན་ཡང་། སྣ་ཚོགས་གཟུགས་ཅན་རང་ཉིད་ཀྱིས་དཔེ་དེབ་དེའི་ནང་དུ་འདི་ལྟར་བྲིས་འདུག སྤྱིར་ཡན་ལག་འདི་དག་སངས་རྒྱས་དང་བྱང་སེམས་རྣམས་ལ་དམིགས་ནས་ཉམས་ལེན་བྱེད་རྒྱུ་ཞིག་ཡིན་ན་ཡང་། བཟའ་ཚང་གཉིས་ཀྱི་བར་དུ་ཡང་ཡན་ལག་འདི་དག་དང་ཆ་འདྲ་ཞིང་། ཡན་ལག་བདུན་པོ་འདིའི་དོན་སྙིང་ཡོངས་སུ་ཚང་བའི་ཉམས་ལེན་བྱེད་ཚུལ་ཡོད་ཅིང་ཞེས་བྲིས་འདུག དེས་ན། ཡན་ལག་འདི་དག་སངས་རྒྱས་དང་བྱང་སེམས་རྣམས་ལ་དམིགས་ནས་ཉམས་ལེན་བྱེད་རྒྱུ་ཞིག་ཡིན་པ་ཤེས་བཞིན་དུ། འདི་ལྟར་ལོག་བཤད་མ་བྱེད་ཀ་མེད་གང་ཞིག་ལ་ཐུག་པ་ཡིན་ནམ།

བཟའ་ཚང་གཉིས་ཀྱི་བར་དུ་ཡང་། ཡན་ལག་བདུན་པོ་འདིའི་དོན་སྙིང་ཡོངས་སུ་ཚང་བའི་ཉམས་ལེན་བྱེད་ཚུལ་ཡོད་ཅེས་པ་དེ་ཡང་། ཁོང་གིས་རྫུན་གཡག་ལས་ཆེ་བ་ཞིག་བཤད་པ་ཡིན་ཏེ། ཧ་ནེ་ལྟ་བུ་ཆོས་འཁོར་བསྐོར་བར་བསྐུལ་བའི་ཡན་ལག་དང་། གསོལ་བ་འདེབས་པའི་ཡན་ལག མྱ་ངན་ལས་མི་འདའ་བའི་ཡན་ལག་གི་ཡུལ་མ་ཡིན་པའི་དོན་རྣམས་གོང་ལ་བྲིས་ཟིན་པ་དེས་སོ། ལྷག་ཏུ། ཆོས་སྤེལ་བ་ཚོས་མཁྱེན་དགོས་རྒྱུ་ཞིག་ལ། ཡན་ལག་བདུན་པ་སོགས་བོད་པའི་ནང་ཆོས་རྣམས་སྔར་གྱི་ལོ་ཙཱ་བ་ཚོས་རི་དང་། ཐང་ཆེན་ཞབས་ཀྱིས་རེ་རེ་བཞིན་རྫིས་ནས་བཀའ་ལས་དུ་མ་ཞིག་བརྒྱབ་སྟེ། མཐར་བོད་ལ་གདན་འདྲེན་ཞུས་པ་ཞིག་ཡིན་པ་དེ་ཡང་ཡང་བསམ་ནས་ཁྱེད་ཚོ་གནམ་གྲུའི་ནང་བསྡད་དེ། ཕར་འགྲོ་ཚུར་འོང་སྟབས་བདེ་པོ་དེ་ནང་བཞིན་མ་ཡིན་མཁྱེན་པར་གནང་རོགས་ལགས། །

༢ གཉིས་པ།

ཟུར་གནས་བློ་ཡིས་དཔྱད་ནས་དཔེ་དེབ་དེ་ལས་བསྟན་པའི་ཕན་ཚུན་གྱི་མཛའ་ཞིང་བརྩེ་བའི་ཡོན་ཏན་དེ། བོད་ལྗོངས་འདིར་དར་ཆེད་དུ། དཔེ་དེབ་དེའི་དངོས་ཡོད་བརྩེ་སྒྲུང་གི་ཕྱོགས་ལ་བོད་པ་ཚང་གི་ཁྱིམ་འཛིན་ན་གཞོན་ཚོས་སློབ་སྦྱོང་དགོས་པའི་བསྐུལ་མ་ཞུ་བར་བྱེད་པ་ལ།

དེ་ཡང་ཁོ་བོ་ནི་རིགས་པ་སྨྲ་བའི་གྲལ་མཐར་འབྱོར་བ་ཞིག་ཡིན་པའི་ཕྱིར། དཔྱད་རྩོམ་སོགས་འབྲི་དུས་དངོས་ཡོད་གང་ཡིན་ལ་གཙོ་བོར་བསྟུན་བཞིན་ཡོད་པས། དེ་ཡང་། སྤྲིན་གྱི་རྒྱ་མཚོ་བརྒལ་བའི་བརྩེ་དུང་ཞེས་པ་དེ་ནི་རི་བོང་ཞིག་དང་འདྲ་བས་སྤུ་འཇམ་སར་འཇམ་པོ་ཡོད་པ་དང་། ཁ་ཤོར་སར་ཤོར་ཡོད་ཕྱིར། ཁ་ཤོར་ས་དེར་གང་འདྲ་བྱས་ཏེ་ཤོར་བ་དེ་གླིང་ཟིན་པ་ཡིན་པས་ད་ནི་སྤུ་འཇམ་ས་དེ་ནས་གླིང་ན། སྤྲིན་གྱི་རྒྱ་མཚོ་བརྒལ་བའི་བརྩེ་དུང་ཞེས་པའི་དངོས་བྱུང་བརྩེ་སྒྲུང་རྩོམ་མཁན་སྣ་ཚོགས་གཟུགས་ཅན་ཞེས་པ་ཁོང་དང་། འབྲུག་པའི་བུད་མེད་ཆོས་སྐྱིད་དབང་མོ་གཉིས།

མཆན༽ /ཁོང་གཉིས་ལོ་རྒྱུས་སོགས་དཔེ་དེབ་དེར་བཀོད་འདུག་པས་འདིར་བྲིས་མེད། /

ཐོག་མར་ངོ་ཤེས་པ་ནས་མཐར་འཇུག་གི་མཉམ་འཛོམས་བར་དུ་ཕན་ཚུན་ལ་བརྩེ་བ་དང་། དུང་བ་གང་འདྲ་ཞིག་ཡོད་པ་རྣམས་ཅུང་ཟད་བཤད་ན། སྣ་ཚོགས་གཟུགས་ཅན་ཁོང་ནི། ཨ་རིར་བཞུགས་ཡོད་པ་དང་། འབྲུག་མོ་ཆོས་སྐྱིད་དབང་མོ་ནི། འབྲུག་ཡུལ་ལ་བཞུགས་ཡོད་པས་ཁོང་གཉིས་བཞུགས་ཡུལ་ཕན་ཚུན་རྒྱ་མཚོ་ཆེན་མོས་བར་དུ་ཆོད་ཡོད་ཀྱང་། ཕན་ཚུན་ཐོག་མར་ངོ་ཤེས་པ་ནས་ལྷད་མེད་པའི་བརྩེ་དུང་ཞིག་འཁྲུངས་པ་དེས་སྲོག་ཤིང་བྱས་ཏེ། སྤྲིན་གྱི་རྒྱ་མཚོ་ལན་བདུན་ལ་བརྒལ་བ་སོགས་ཀྱི་མཉམ་འཛོམས་ཐེངས་ཁ་ཤས་ཤིག་བྱུང་འདུག མཉམ་འཛོམ་བྱུང་བ་དེ་ཡང་། འགྲོན་པོའམ་ཡུལ་སྐོར་བ་ནང་བཞིན་གྱི་ཡུལ་ཐུང་ངུ་ཤ་ཏག་རེད། མཉམ་འཛོམས་བྱུང་བ་དེ་ཡང་ཉུང་ངུ་ཞིག་རེད། དེ་འདྲའི་རྐྱེན་ངན་སྣ་ཚོགས་ཁོང་གཉིས་ལ་བྱུང་ན་ཡང་། དེའི་རིང་ལ་གཅིག་གྲོགས་གཅིག་ཕན་ཞེས་པ་བཞིན་དུ། ཕན་ཚུན་གཅིག་གིས་གཅིག་ལ་ཡིད་ཆེས་གཏིང་ཟབ་ཡོད་པ། ལོ་ངོ་དུ་མང་པོ་དེའི་རིང་ལ། བཟའ་ཚང་ཕན་ཚུན་བར་ལ། ཚིག་ངན་ཙམ་ཡང་བཤོད་རེས་མེད་པཱ། ཕན་ཚུན་བར་ལ་མིག་གིས་ལྟ་སྟངས་ངན་པ་ཞིག་ཀྱང་ལྟ་མྱོང་མེད་པ། ཕན་ཚུན་གཉིས་ཀྱིས་ཆེས་རིན་ཐང་ཆེ་བའི་མཛའ་བརྩེ་ལ་སྣང་ཆེན་དང་། གཅེས་སྐྱོངས་ཚད་མཐོ་པོའི་སྤུས་ཚད་ཡོད་པ་སོགས་ཀྱིས་མི་ཡུལ་བཟའ་ཚང་གི་བདེ་སྐྱིད་དོན་དང་ལྡན་པ་ཞིག་ཡོད་ན་དེ་ནི་ཁོང་གཉིས་ལ་ཆ་ཚང་ཚང་འདུག་པས། དེ་ལ་བོད་པ་ཚང་གི་ཁྱིམ་འཛིན་ཕོ་གཞོན་མོ་གཞོན་ཚོས་ཡིན་ཅིག་གིས་སློབ་སྦྱོང་ངམ་མིག་དཔེར་ལྟ་ཐུབ་ན། ངེད་ཅག་བོད་ལྗོངས་ལ་ཕན་པ་རླབས་པོ་ཆེ་ཡོད་པ་དེ་ཡང་ལོས་ཆོག་ཅིང་། དེའི་སྐོར་ལ་ཞིབ་ཕྲ་ཤེས་འདོད་ཚེ་དཔེ་དེབ་དེ་ཉིད་ལ་ལེགས་པར་འཇུག་པས་ན་ཧ་གུས་ནུས་སོ། །

གཞན་ཡང་། དོན་དེ་རྣམས་ལ་ཕྱོགས་གཞན་ཞིག་གི་ངོས་ནས་འགྲེལ་ན།

གོང་ལ་བཀོད་པའི་བཟའ་ཚང་ཁོང་གཉིས་ཀྱི་འཆམ་མཐུན་དང་། ཕན་ཚུན་གྱི་བརྩེ་དུང་གི་སྤུད་ཚད་ནང་བཞིན་ནི། བོད་ཀྱི་ཞིང་འབྲོག་གཙོ་བོར་གྱུར་པའི་ན་གཞོན་བཟའ་ཚང་ཕན་ཚུན་བར་ལ་སྤུས་དག་པོ་དེ་ཙམ་ཞིག་མེད་ཅིང་། ཕན་ཚུན་ལ་བརྩེ་དུང་ཡོད་ཀྱང་། རང་གཞན་གཉིས་ཀྱི་བརྩེ་དུང་གང་དེར་རིན་ཐང་དེ་ཙམ་མ་ཤེས་པར། རང་རང་གི་བརྩེ་དུང་ལ་རྐྱེན་ངན་སྣ་ཚོགས་ཕྲད་པ་དེའི་གཞན་དབང་དུ་བཏང་ནས་བརྩེ་དུང་ལ་གཅེས་སྤྲས་ཡུན་རིང་མི་ཐུབ་པ་ནི་ཉུང་ཉུང་ཞིག་ག་ལ་ཡིན། དེ་ལྟར་མ་ཐུབ་པས། གཟའ་ཚང་ཁ་ཐོར་ཤོར་ཏེ། བུ་ཕྲུག་མང་པོ་ཞིག་ཕ་མ་ཕན་ཚུན་དང་། ཁ་བྲལ་ཕྱིན་པ་ཡང་ཉུང་ངུ་ཞིག་མིན། དེ་འདྲ་ཕྱིན་པའི་གྱོང་གུན་དེའི་སྐྱོན་གྱིས་བོད་མི་རིགས་ཀྱི་གྲངས་འབོར་ཕེལ་རྒྱས་ལ་གནོད། གཟའ་ཚང་ཕན་ཚུན་གྱི་ལུས་སེམས་མི་བདེ་བར་བཟོས། ཕན་ཚུན་གྱི་འཚོ་བའི་ཆ་རྐྱེན་སོགས་ལ་ཉམས་རྒུད་ཤོར། མཐའ་མ་ཕན་ཚུན་རང་ཤི་བརྒྱབ་སྟེ། མི་ལུས་རིན་ཆེན་གསེར་གྱི་བུམ་པ་མང་པོ་ས་ལ་ཟག་པའི་འཇུག་འབྲས་ངན་པ་ཞིག་བྱུང་བ་དང་། འབྱུང་བཞིན་པ། འབྱུར་འགྱུར་དེ་ཚོ་ཚང་མ་ནི། བཟའ་ཟང་ཕན་ཚུན་བར་ལ་ལྷད་མེད་པའི་རྩེ་དུང་གི་མ་འདངས་པའི་རྐྱེན་གྱིས་རེད།

སྟབས་བདེ་པོའི་ཐོག་ནས་ཞུས་ན།

རང་གཞན་གཉིས་ཀྱི་བརྩེ་དུང་གང་དེའི་རིན་ཐང་དེར་སློབ་སྦྱོང་བྱས་ནས་ཤེས་དགོས། རང་གཞན་གྱི་བརྩེ་དུང་ལ་རྐྱེན་ངན་སྣ་ཚོགས་ཕྲད་པ་དེའི་གཞན་དབང་དུ་མི་གཏོང་བར་བརྩེ་དུང་ལ་གཅེས་སྤྲས་བྱེད་ཤེས་ན། དགོས་པ་འདི་ལྟར་ཡོད་དེ། གཟའ་ཚང་ཁ་ཐོར་མི་འགྲོ་བ། བུ་ཕྲུག་ཡང་། ཕ་མ་ཕན་ཚུན་དང་ཁ་བྲལ་མི་ཤོར་བ། དེ་འདྲ་མ་ཕྱིན་པའི་ཡོན་ཏན་རིན་པོ་ཆེ་དེས་ཕྱོགས་ཀུན་ནས་བོད་མི་རིགས་ཀྱི་གྲངས་འབོར་ཕེལ་རྒྱས་ལ་ཡང་ཕན་པ། བརྩེ་དུང་ལ་བདག་གཅེས་ལག་ལེན་གྱིས་བྱེད་ཤེས་པས་གཟའ་ཚང་ཕན་ཚུན་གྱི་ལུས་སེམས་བདེ་བར་གནས་པ། ལུས་སེམས་བདེ་བར་གནས་པའི་རྒྱུ་ཡིས། ཆོས་དང་འཇིག་རྟེན་གཉིས་ཀ་ལ་བརྩོན་ན་ཡང་། འབྲས་བུ་གྱ་ནོམ་པ་ཞིག་གིས་ནམ་ཡང་མི་སླུ་བ་ཡིན་པས། དེའི་ཕྱིར་ན། བཟའ་ཚང་བར་ལ་གུས་ཞབས་ཚད་ལྡན་ཡོད་པའི་རྟགས་ཀྱིས་ཕན་ཚུན་གྱི་འཚོ་བའི་ཆ་རྐྱེན་སོགས་ལ་ཉམས་རྒུད་མི་ཤོར་བ་དང་། མཐའ་མ་ཕན་ཚུན་གཉིས་ཀར་ཐུན་མོང་གིས་བསྐྲུན་པའི་དྲོ་སྐྱིད་ལྡན་པའི་ཁྱིམ་ཚང་ཞེས་པ་དེ། དོན་དང་ལྡན་པའི་གནས་ལུགས་ཀྱི་དབུས་ནས་ཡུན་རིང་འཚོ་གནས་ཐུབ་བོ། །

མདོར་ན།འཛམ་བུའི་གླིང་འདིར། བཟའ་ཚང་ནས་ཟུང་ཏེ། ཕན་ཚུན་བར་ལ་བརྩེ་བ་དང་། དུང་བ་མེད་ན་ཡུན་རིང་འཚོ་གནས་མི་ཐུབ་ལ། བཟའ་ཚང་ནས་ཟུང་ཏེ། ཕན་ཚུན་བར་ལ་བརྩེ་བ་དང་། དུང་བ་ཡོད་ན། རྒྱུ་དེ་ཡིས་ཡུལ་རིང་ཕན་ཚུན་བར་ལ་བདེ་བར་གནས་ཐུབ་བོ། ། ལྷག་ཏུ་ཁོང་གཉིས་ཀྱིས་མི་ཚེ་འདིར་འཆམ་མཐུན་མཛའ་བརྩེ་ལེགས་པར་མཐར་ཕྱིན་ནས་བོད་ཀྱི་ཁྱིམ་འཛིན་པ་ཚོས་ཀྱང་། ཁོང་གཉིས་ནང་བཞིན་གྱི་འཆམ་མཐུན་མཛའ་བརྩེའི་དཔལ་ཡོན་ལ། ལོངས་སུ་སྤྱོད་ཐུབ་པའི་བཀྲ་ཤིས་སྨོན་ལམ་ཞུའོ། །

༣གསུམ་པ།

དཔེ་དེབ་དེ་ལས་བསྟན་པའི། རྟགས་དང་། རྟེན་འབྲེལ་འདྲ་པོ་དེ་ཚོ་དཔེ་དེབ་དེར་བཀོད་པ་ནང་བཞིན་དུ་ཁྲོམ་བསྒྲགས་བྱས་པ་རྣམས། འཇིག་རྟེན་ཆོས་བརྒྱད་ཀྱི་དབང་དུ་འགྲོ་མིན་ལ་དཔྱད་ནས། དོགས་པ་སློང་བ་སོགས་བྱེད་པ་ལ།

1༽

ལེའུ་དང་པོ་ཟླ་བ་རྙེད་པ་ཞེས་པ་དེ་ལས། ཁྱེད་ཀྱིས་འདི་ལྟར་བྲིས་པ་སྟེ། དེ་ཡང་ཕྱི་ལོ། 2010 ཟླ་ 6པའི་ཚེས་21ཉིན་གྱི་ཐོ་རངས་ལ། སློབ་དཔོན་ཆེན་མོ་པདྨ་འབྱུང་གནས་ཡིན་ཟེར་བའི་རྣལ་འབྱོར་བ། བོད་ལུགས་ཀྱི་སྔགས་ཆས་ཅན་ཞིག་སླེབས་ནས་ངའི་ལག་པ་གཉིས་ཀྱི་ནང་དུ་ཟླ་བ་ཆུང་ཆུང་འོད་འཚེར་བ་ཞིག་བཞག་པ་རྨིས་ཤིང་། ཞེས་སོགས་བྲིས་འདུག དེས་མཚོན་པའི་རྟགས་དང་རྟེན་འབྲེལ་འདྲ་པོ་དེ་འདྲ་མང་པོ་ཞིག་ཁྱེད་ཀྱིས་དཔེ་དེབ་ཀྱི་སྟོད་སྨད་བར་གསུམ་དུ་བྲིས་འདུག དེ་ཚོ་རྨི་ལམ་སོགས་ཡིན་ཀྱང་། སྐད་ཆ་དེ་ཚོ་ཁྲོམ་བསྒྲགས་བྱས་པ་དེ་ཡིས་དེ་ལ། ལོག་འཚོ་ལྔ་ཡི་སྐྱོན་དང་ཆ་འདྲ་བ་འབྱུང་གི་མ་རེད་དམ།

2༽

ཁྱེད་ཀྱི་འབྲུག་མོ་ཁོང་ལ་དེ་འདྲ་ཡི་དགའ་བའི་བརྒྱུད་རིམ་ནང་ངམ། འོ་ན། བོད་བརྒྱུད་སྔགས་པའི་རིག་གཞུང་གི་དབང་དུ་བྱས་ན། སྔགས་པ་རྣམས་ནི་བུད་མེད་དང་། ཕྲུ་གུ་སོགས་ཡོད་པའི་ཁྱིམ་ཚང་ཞིག་ཡིན། དེ་བཞིན་དུ། ཆོས་པ་གསང་ཡུམ་ཡོད་མཁན་རྣམས་ནི་བུད་མེད་དང་། ཕྲུ་གུ་ཡོད་པ་ཤ་ཏག་ཡིན་པས། བུད་མེད་ལ་སོགས་པ་ལ་འགྲོ་སོང་དང་། བུ་ཕྲུག་གི་འཚོ་གནས་སོགས་ཚང་མ་བརྒྱ་ཆ་དགུ་ཅུ་ནི། དགེ་འདུན་པའི་སྡེ་ཡི་དཀོར་ཟས་ཅེས་པའི་འཇིགས་སུ་རུང་བ་དེ་ཡིན་པས། བུད་མེད་དང་། བུ་ཕྲུག་ཁོང་ཚོ་ལ་དཀོར་ཟས་བཟས་པའི་རྣམ་སྨིན་འབྱུང་གི་རེད་དམ།

3༽

ད་དུང་། འཇམ་མགོན་བླ་མ་མི་ཕམ་པས། རྙིང་མ་བའི་བསྟན་པ་འདི་འདོད་ཆགས་ཀྱིས་མཐར་མ་འཇིག་འགྲོ་ཡི་རེད་གསུངས་པའི་མ་འོང་ལུང་བསྟན་ནམ་དེ་འདྲའི་གསུང་དེ་ལ་རྙིང་མའི་བའི་སྔགས་ཆང་རྣམས་ཀྱིས་ལྟ་ཚུལ་ཇི་ལྟར་ཡོད་དམ།

4༽

བོད་བརྒྱུད་སྔགས་པའི་རིག་གཞུང་འཛིན་པ་ཁྱེད་ལྟ་བུས་གནས་དོན་དེ་ལ་ཐུགས་བསམ་གང་འདྲ་ཞིག་བཞེད་བཞིན་ཡོད་དམ།

5༽

གལ་སྟེ་དྲི་བའམ་ངའི་དོགས་པ་འདི་དག་སློབ་དཔོན་སྣ་ཚོགས་གཟུགས་ཅན་གྱིས་གཟིགས་ཡོད་ཚེ་ཁོ་བོར་ལན་ཞིག་གནང་བའི་རེ་བ་ཤིན་ཏུ་ནས་ཆེའོ། །