ཕ་ཡུལ་གྱི་རིག་གནས་འདུ་འགོད་གླེང་བ། ཁམས་པ་རབ་དབྱངས།

18/427

དེང་སྐབས་ནི་ཚན་རིག་དང་དཔལ་འབྱོར་རིག་གནས་ཤེས་བྱའི་བྱ་ངོས་དག་འདུ་འགོད་སྐྱེན་པའི་ཁར། འཛམ་གླིང་འདིའི་ཐོག་ནས་མི་རིགས་དང་རྒྱལ་ཁབ་ཚང་མ་ཡར་ཡར་དུ་འགྲོ་བཞིན་པའི་དུས་རབས་ཤིག་ལ་འཁེལ་བས། རྒྱལ་ཁབ་དང་མི་རིགས་གང་ཡིན་ཡང་ཕྱིའི་སྣོ་བཅུད་འཇིག་རྟེན་དང་ནང་བཅུད་ཀྱི་སེམས་ཅན་སོགས་ལ་གནམ་ས་བླ་འོག་བརྗེས་འདྲའི་འགྱུར་ལྡོག་བྱུང་དང་འབྱུང་གི་གི་ཡོད་པ་རེད། འདི་དང་འདི་ལྟ་བུ་འགྱུར་ལྡོག་མི་འདྲ་བ་ཐོན་པའི་བཞིན་པའི་དེང་གི་སྤྱི་ཚོགས་འདི་དག་བསམ་གཞིག་བྱས་པ་དང་། དེ་དང་དེ་བཞིན་དུ། ང་ཚོའི་ཕ་ཡུལ་ཕྱོགས་ལ་བསམ་པ་ཕྱིར་རུ་བཏོན་ནས། ལག་པ་བྲང་ལ་སྦྱར་ནས་ཕ་ཡུལ་གྱི་གནས་བབ་དང་དར་རྒུད་འདི་དག་ལ་སྔོག་འདོན་དང་ཞིབ་འཇུག་རག་ཙམ་བྱེད་ན་འདོད་སོང་། དམིགས་གསལ་དུ་ད་ལོ་ཕ་ཡུལ་ཕྱོགས་ཀྱི་ཤེས་བྱའི་འགྲན་བསྡུར་དང་། སྐད་དང་ཡི་གེ་འདི་དག་གི་མཁའ་དབུགས་འདི་དག་གི་སྣང་ཚོར་ཁ་ཤས་མཐོང་དུས། དགའ་ན་དགའ་དགོས་པའི་གནས་ཚུལ་ཞིག་མཐོང་སོང་། གླེང་ན་གླེང་དགོས་པའི་གཏམ་ཞིག་དྲན་སོང་།

འདི་དག་ནི་སྤྱིར་ན་མི་རིགས་འདིའི་ཚེ་སྲོག་གི་མཁའ་དབུགས་ཤིག་ཡིན་སྲིད་ལ། བྱེ་བྲག་ཏུ་ཕ་ཡུལ་ཕྱོགས་ཀྱི་གཞོན་སྐྱེས་རྣམས་ཀྱིས་དམིགས་འདུན་དང་ལམ་ཁ་ཡང་ཡིན་སྲིད། འདི་དག་ནི་རང་མི་རིགས་ཀྱི་སྟོབས་ཤུགས་ཀྱང་ཡིན། ལྷག་དོན་ཕ་ཡུལ་ཕྱོགས་ཀྱི་གཞོན་སྐྱེས་རྣམས་ཀྱི་སྟོབས་ཤུགས་ཡིན། དེ་ལྟ་བུ། སྐད་ཡིག་དང་རིག་གནས་ཀྱི་འགྲན་བསྡུར་དེ་དག་མེད་པར་གྱུར་ཚེ། བོད་མི་རིགས་ཀྱི་སྟོབས་ཤུགས་དེ་ཉམས་འགྲོ་བ་ཆོས་ཉིད་རེད། གང་ལྟར། སྤྱི་ཚོགས་ཡིན་ན་འདྲ།དེ་དག་གིས་ཁྱབ་ཁོངས་སུ་རྩོམ་པ་པོ་དང་སློབ་སྦྱོང་པ་དེ་དག་གི་ནི། ཆེ་ས་བཤད་ན་མི་རིགས་དེའི་སློབ་དཔོན་ཡིན་ལ། ཆུང་ས་བཤད་ན་སྤྱི་ཚོགས་དེའི་བློ་འདྲི་བྱེད་ས་རེད། འདི་ལྟ་བུ་ལས་རིགས་ཅན་དག་གྲངས་ཀ་མང་དུ་ཕྱིན་པ་དང་། དར་ཁྱབ་རིམ་གྱིས་ཕྱིན་ན། ང་ཚོ་བོད་ལ་རེ་བའི་མིག་རྒྱང་ཡོད་པ་རེད། དེའི་ཕྱིར་ད་ལྟ་ང་ཚོའི་ཕ་ཡུལ་གྱི་དགོན་སྡེའི་ཁྲོད་ཀྱི་གྲྭ་བཙུན་སློབ་གཉེར་པ་དང་གཞོན་སྐྱེས་སློབ་གཉེར་པ་དག་ནི་ང་ཚོའི་ཕ་ཡུལ་གྱི་མང་ཚོགས་དག་གིས་ལམ་སྟོན་པ་ཡང་ཡིན། མིག་དཔེ་བྱེད་ས་ཡང་ཡིན། དེའི་ཕྱིར། ད་ལྟ་ཡོད་པར་འགྱུར་བའི་གཞོན་སྐྱེས་དག་གིས་འདི་ལྟ་བུ་གནས་ཚུལ་འདི་དག་བསམ་གཞིག་བྱེད་རོགས་གནང་། མ་འོངས་པར་ཡོང་བར་འགྱུར་བའི་གཞོན་སྐྱེས་དག་གི་གནས་ཚུལ་འདི་དག་གླེང་གཞི་གྱུར་པའི་གནས་བབ་ཞིག་ལ་ཐོན་དགོས་པ་ཞིག་རེེད།

དེའི་ཕྱིར། ད་ལོ་ཕ་ཡུལ་གྱི་ལོ་དེབ་དང་འབྲེལ་བའི་སྒོ་ནས་སྐད་ཆ་ཅུང་ཙམ་དང་། བསམ་ཚུལ་ཅུངཙམ་རེ་་ཞུ་འདོད་སྐྱེ་སོང་། གནས་ཚུལ་དང་དུས་ཚིགས་དེ་དག་ནི་རང་རེའི་ལོ་རྒྱུས་ལ་ཡོང་མ་མྱོང་བ་ཞིག་དང་། ཡོང་བ་འདི་དག་ནི་ཕ་ཡུལ་ཕྱོགས་ཀྱི་མ་འོངས་པའི་མི་རབས་དག་གིས་གླེང་ན་གླེང་གཞིར་གྱུར་པའི་གནས་ཚུལ་ཞིག་རེད། སྤྱིར་བཏང་མི་རིགས་ཤིག་གི་རྩོམ་པ་པོ་ནི་མི་རིགས་དེའི་སྐྱིད་སྡུག་དང་ལས་དབང་དག་ལ་བསམ་གཞིག་གཏོང་མི་ཞིག་དང་། མིི་རིགས་དེའི་ཁོར་ཡུག་དང་་ཚེ་སྲོག་ལ་ཆགས་འཇིགས་སོགས་གང་ཕྱིན་པ་ཡིན་ན་ཡང་། མི་རིགས་དེའི་རྩོམ་པ་པོ་དེ་ནི། མི་རིགས་དེའི་ཚེ་སྲོག་དང་ཁོར་ཡུག་སོགས་བཞེངས་བསྐྲུན་བྱེད་མི་ཞིག་དང་གསང་རྣམ་ཡི་གེར་འགོད་མཁན་ཞིག་རེད། དམིགས་གསལ་དུ། བོད་ནང་ལ་མཚོན་ན། མི་རིགས་རང་གི་སྲོལ་རྒྱུན་གྱི་བག་ཆགས་དང་། མི་རིགས་རང་གི་སྐད་ཡིག་གི་དར་ཁྱབ། མི་རིགས་རང་གི་གོམ་གཤིས་དང་། མི་རིགས་རང་གི་བསམ་བློའི་འདུ་ཤེས། དག་ཆ་ཚད་དག་འགྱུར་ལ་ཉེ་བའི་མཚམས་ཤིག་དང་། མེད་ལ་ཉེ་བའི་དུས་རབས་ཤིག་གི་གནས་བབ་ཞིག་ལ་ཐོན་པ་ཡོད་པ་རེད། དེའི་ཕྱིར། ང་ཚོའི་ཕ་ཡུལ་དུ་འདི་ལྟ་བུ་ཡིག་འབྲི་པ་མང་དུ་ཕྱིན་པ་དང་། བོད་རང་གི་སྐད་དང་ཡི་གེ་དག་བཀོལ་སྤྱོད་གཏོང་མི་མང་དུ་ཡོད་པ་འདི་དག་ནི། རང་ཉིད་ཀྱི་ཕ་ཡུལ་གྱི་ཁོར་ཡུག་ཆུང་ཆུང་འདི་ལ་བསམ་བློ་བཏོན་ན། ཆེས་དགའ་དགོས་པའི་གནས་བབ་དང་། ཆེས་ཡུན་རིང་བྱེད་དགོས་པའི་དུས་ཚོད་ཅིག་ལ་ཐོན་འདུག

རང་རེའི་བོད་ཀྱི་རྩོམ་རིག་གི་ལོ་རྒྱུས་ནི་ཡར་ཀླུང་གཙང་པོ་བཞིན་རྒྱུན་རིང་ཞིང་མ་ཕམ་གཡུ་མཚོ་བཞིན་སྟེང་ཟབ་ཆེ་བས། མི་ལོ་སྟོང་ཕྲག་མང་པོའི་རིང་ཡབ་མེས་གོང་མ་རྣམས་ཀྱིས་བཀའ་བསྟན་གྱི་གླེག་བམ་དང་ལོ་རྒྱུས་ཀྱི་ཕྱིར་རྟོག་རྩོམ་རིག་སྒྱུ་རྩལ་སོགས་བསམ་བློ་ཡི་མདུན་ལྗོངས་རི་བོ་བཞིན་བརྩིགས་ཡོད། དེ་འདྲ་བའི་ཡུལ་ལུང་འདི་དག་ནས། ཆེ་ས་ནས་བཤད་ན་ནང་བསྟན་རིག་གཞུང་གི་སྙིང་བཅུད་དམ་གཙུག་ལག་གི་གླེག་བམ་ཡོད་སའི་དག་ཞིང་ཞིག་དང་། ཆུང་ས་ནས་བཤད་ན་རྩོམ་རིག་དང་ལོ་རྒྱུས་བརྡ་སྤྲོད་རྩིས་རིག་སོགས་ཀྱི་ས་བོན་ཡོད་པའི་མི་རིགས་ཤིག་རེད། ཡོད་པ་དེ་བཞིན་དུ། ལོ་འདི་དག་ནས་བཟུང་དེ་དག་ལ་སྦྱོང་པ་དང་ཐོས་པ་བྱས་ནས། རྩོམ་རིག་གི་མཁའ་དབུགས་དང་ལོ་རྒྱུས་ཀྱི་མིག་རྒྱང་སོགས་ལ་མདུན་སྐྱོད་ཀྱི་གཤོལ་རྩལ་རེ་རྐྱོང་ནས་ཤེས་རིག་གི་མཁའ་དབུགས་རེ་བསྐྲུན་ནས། ཕ་ཡུལ་ཕྱོགས་ཀྱི་ཡིག་འབྲི་པ་དག་གིས་དཀའ་ཁག་དང་སྡུག་རུས་ཀྱི་ཀློང་ནས་ད་ལོ་ཕ་ཡུལ་ལ་ཁ་བ་གངས་ཅན་པའི་གངས་རྒྱལ་ཞིག་འཁྲུངས་ཡོད། གངས་རྒྱལ་དེའི་ནང་ལ་ཁ་བ་གངས་ཅན་པའི་བསམ་བློའི་དབྱེ་འབྱེད་དང་དགག་སྒྲུབ་ཀྱི་རྨི་ལམ་རེ་ཡོད་ལ་གཞོན་སྐྱེས་དག་གིས་ཕ་ཡུལ་ལ་བཅང་བའི་བསམ་བློ་དང་། མི་རིགས་ལ་བསམ་པའི་འདུ་ཤེས། གཞན་དག་འུར་འུར་ཟིང་ཟིང་གི་ཁོར་ཡུག་འདི་ག་ནས་མིག་མཐོང་ལག་ཟིན་གྱུར་པའི་སྤྱི་ཚོགས་གནས་བབ་དང་དགོན་སྡེའི་གནས་བབ་སོགས་སྣེ་མང་བའི་སྤྱི་ཚོགས་ལ་སྣེ་མང་བའི་ཡིག་འབྲི་པ་དང་བསམ་བློ་པ་མང་དག་ཅིག་གི་འཚེར་སྐད་ཡོད་ལ་ཟིན་ཐོ་ཡོད།

༢༠༡༩•༡•༡༡ཉིན་རྨ་རྫ་འབྲི་གསུམ་གྱི་ནང་ཚན་བོད་ཀྱི་ཆུ་ཆེན་རྫ་ཆུ་སྔོན་མོའི་རླབས་རྒྱུན་རིང་བའི་ཕ་ཡུལ་རྫ་གཞུང་དེ་ནས་བྲིས།