མཁས་མཆོག་དབྱིག་གཉེན་དང་ཁོང་གི་སུམ་ཅུ་པ། ལྷ་རམས་པ་ཏྲེ་ཧོར་ཟླ་བ་ཚེ་རིང་།

60/470

ལྷ་རམས་པ་ཏྲེ་ཧོར་ཟླ་བ་ཚེ་རིང་གི་སུམ་ཅུ་པའི་འཆད་ཁྲིད་ཀྱི་སྔོན་འགྲོའི་གསུང་བཤད།

བྲག་སྲིན་མོས་སྒྲར་ཕབ་བྱས།

 

དེ་རིང་ནས་དབུ་བཙུགས་ཀྱིས་ཉིན་ཤས་རིང་སུམ་ཅུ་པའི་འཆད་ཁྲིད་ཅུང་རྒྱས་ཙམ་བྱེད་དགོས་སྙམ། རེ་འདུན་ཞུ་མཁན་གཙོ་བོ་ལྷོ་ཀོ་རི་ཡ་ནས་ཕེབས་པའི་ཆོས་གྲོགས་ཚོ་རེད། ཀོ་རི་ཡར་སེམས་ཙམ་པའི་གཞུང་ལུགས་ལ་ཐོས་བསམ་སློབ་གཉེར་དམིགས་བསལ་གྱིས་ཞིབ་ཚགས་བྱེད་སྲོལ་ད་བར་མ་ཉམས་པར་ཡོད།དེ་འདྲ་སོང་ཙང་སུམ་ཅུ་པ་འདི་སེམས་ཙམ་པའི་གཞི་ལམ་འབྲས་བུའི་རྣམ་གཞག་བསྟན་པའི་ལེགས་བཤད་རྨད་དུ་བྱུང་བ་ཞིག་ཡིན་པས། གཞུང་འདི་འཆད་ཁྲིད་བྱ་རྒྱུའི་རེ་འདུན་བྱས་པ་ཧ་ཅང་ཡག་པོ་བྱུང་ཡོད། ངས་ཀྱང་གང་ཤེས་ཞུ་དགོས་སྙམ་པའི་སྤྲོ་བ་དང་འདུན་པ་ཡོད།

 

 

སྐབས་བབ་ཀྱི་འཆད་ཁྲིད་བྱ་རྒྱུའི་སུམ་ཅུ་པ་ཞེས་རྨད་དུ་བྱུང་བའི་ལེགས་བཤད་འདི་མཛད་མཁན་སློབ་དཔོན་མཁས་མཆོག་དབྱིག་གཉེན་རེད། སྤྱིར་སློབ་དཔོན་འདིས་བརྩམས་པའི་ལེགས་བཤད་དེ་ལ་ཆོས་ཚན་མི་འདྲ་བ་ལྔ་བཅུ་ང་བརྒྱད་ཙམ་ཡོད་ཅིང་། དེ་དག་ཕལ་མོ་ཆེ་ད་ལྟར་བཞུགས་པའི་བསྟན་འགྱུར་སོགས་ན་མཇལ་རྒྱུ་ཡོད་ཅིང་འགའ་ཞིག་ནི་མཚན་བྱང་ཙམ་ལས་ལྷག་མེད། བོད་པའི་ཆོས་འབྱུང་དང་ལོ་རྒྱུས། བསྟན་འགྱུར་དཀར་ཆག་སོགས་ན་མི་གསལ་ཞིང་། རྒྱ་ནག་གི་སྐད་ཡིག་ཁོ་ནར་བཞུགས་པའི་དམ་ཆོས་པད་དཀར་གྱི་མན་ངག བདེ་བ་ཅན་གྱི་ཞིང་བཀོད་མདོའི་མན་ངག ཞི་ལྷག་སྒོའི་ཚིགས་སུ་བཅད་པ་སོགས་མང་པོ་ཡོད།

 

 

དེ་དག་ལས་ཁོང་གིས་བརྩམས་པའི་དཔེ་ཆ་སྐད་གྲགས་ཆེ་ཤོས་བརྒྱད་ཡོད། དེ་ལ་མིང་པྲ་ཀ་ར་ཎ་སྡེ་བརྒྱད་ཟེར། པྲ་ཀ་ར་ཎ་སྡེ་བརྒྱད་ཟེར་དུས་བྱམས་ཆོས་ཆོས་ཚན་དང་འབྲེལ་བའི་རབ་ཏུ་བྱེད་པ་བརྒྱད་དུ་གྲགས། སྐབས་བབ་ཀྱི་འཆད་ཁྲིད་བྱ་རྒྱུའི་སུམ་ཅུ་པ་འདི་དེའི་ནང་གི་གལ་ཆེའི་དཔེ་ཆ་གཅིག་རེད། པྲ་ཀ་ར་ཎ་སྡེ་བརྒྱད་བགྲང་སྟངས་མི་འདྲ་བ་མང་པོ་ཡོད། དཔེར་ན། སློབ་དཔོན་དབྱིག་གཉེན་གྱིས་བརྩམས་པའི་མདོ་སྡེ་རྒྱན་གྱི་འགྲེལ་པ། དབུས་མཐའ་རྣམ་འབྱེད་དང་། ཆོས་ཉིད་རྣམ་འབྱེད་ཀྱི་འགྲེལ་པ། སུམ་ཅུ་པ། ཉི་ཤུ་པ། རྣམ་བཤད་རིག་པ། ལས་གྲུབ་པའི་རབ་བྱེད། ཕུང་པོ་ལྔ་ཡི་རབ་བྱེད་དེ། བརྒྱད་པོ་དེ་ལ་པྲ་ཀ་ར་ཎ་སྡེ་བརྒྱད་ཟེར་གྱི་ཡོད།

 

 

འཆད་ཁྲིད་བྱ་རྒྱུའི་གཞུང་སུམ་ཅུ་པ་མཛད་མཁན་མཁས་མཆོག་དབྱིག་གཉེན་ཞེས་པ་སུ་ཞིག་ཡིན་ཞེ་ན། རྒྱ་བོད་མཁས་པ་འགའ་ཞིག་གིས་གསུང་སྟངས་བྱས་ན། སེམས་ཙམ་པའི་གྲུབ་མཐའི་སྲོལ་འབྱེད་སློབ་དཔོན་ཐོགས་མེད་དང་ཆོས་ཀྱི་སྤུན་མཆེད་ཆགས་པ་མ་གཏོགས་ཤ་ཁྲག་འབྲེལ་བའི་སྤུན་མཆེད་དངོས་གནས་མ་རེད་གསུང་མཁན་དང་། ཡང་བོད་པའི་མཁས་པ་འགའ་ཞིག་གིས་སྤུན་མཆེད་དངོས་ཡིན་པ་མ་ཟད་མཚེ་མ་རེད་གསུང་མཁན་དང་། རྒྱ་བོད་ཀྱི་སློབ་དཔོན་དབྱིག་གཉེན་གྱི་ལོ་རྒྱུས་ཁུངས་ཐུབ་དེ་ཚོའི་ནང་དུ་སེམས་ཙམ་པའི་གྲུབ་མཐའི་སྲོལ་འབྱེད་སློབ་དཔོན་ཐོགས་མེད་དང་སློབ་དཔོན་དབྱིག་གཉེན་གཉིས་པོ་སྤུན་མཆེད་རྒན་གཞོན་ཡིན་ཞིང་། ཁོང་གཉིས་ཀྱི་མ་བྲམ་ཟེ་མོ་གསལ་བའི་ཚུལ་ཁྲིམས་ཞེས་པ་དེ་ཡིན་པས་མ་གཅིག་པ་ཡིན་ཡང་། གཅེན་ཐོགས་མེད་ཀྱི་ཕ་རྒྱལ་རིགས་དང་གཅུང་དབྱིག་གཉེན་གྱི་ཕ་བྲམ་ཟེའི་རིགས་ཡིན་པས་ཕ་མི་གཅིག་པར་གསུངས་པ་འདི་ཁུངས་དག་ཅིང་བཙན་པས་འདོད་ཚུལ་རྗེས་མ་འདི་ང་ཚོས་འཐད་ཕྱོགས་བཟུང་ནས་སེམས་ན་ཉར་ཆོག

 

 

སྤྱིར་ཐོགས་མེད་དང་དབྱིག་གཉེན་གཉིས་ཀ་ལོ་ཚིགས་གཅིག་པར་རྩིས་པ་ཡིན་ན་ཕྱི་ལོ་བརྒྱ་ཕྲག་བཞི་པའི་ནང་ཕེབས་པ་རེད། ཁོང་གཉིས་ཀྱི་བར་ལ་དགུང་ལོའི་ཆ་ནས་ཉི་ཤུ་ལྷག་མ་གཏོགས་ཁྱད་པར་ཡོད་མ་རེད། ཐོགས་མེད་རབ་ཏུ་བྱུང་བའི་ཉིན་མོ་དེ་ལ་སློབ་དཔོན་དབྱིག་གཉེན་འཁྲུངས་པའི་ལོ་རྒྱུས་ཡོད། དེང་སང་ལོ་རྒྱུས་ཉམས་ཞིབ་དང་ས་གཤིས་དང་གནའ་རྫས་རྟོག་ཞིབ་པ་ཚོས་སློབ་དཔོན་ཐོགས་མེད་དང་དབྱིག་གཉེན་གཉིས་ཀ་འཁྲུངས་སའི་ལུང་པ་དེ་དེང་པཱ་ཀི་སྟཱན་གྱི་རྒྱལ་ཁབ་ཀྱི་ས་ཆ་(པེཤཱཝར་)ཟེར་བའི་ས་ཆ་དེ་ལ་འཁྲུངས་པ་ངེས་ཤེས་རྙེད་ཡོད། དུས་ཕྱིས་ཁོང་ནཱ་ལེནྡྲ་ལ་རབ་ཏུ་བྱུང་ནས་སྡེ་སྣོད་གསུམ་ལ་མཁས་པར་སྦྱངས་རྗེས་ཁོང་སྔོན་མ་འཁྲུངས་སའི་ཁ་ཆེའི་ཡུལ་ལ་ཕར་ཕེབས་ཏེ་ཁ་ཆེ་སློབ་དཔོན་དགེ་འདུན་བཟང་པོའམ་སློབ་དཔོན་འདུན་བཟང་བླ་མར་བསྟེན་ནས་བསྐྱར་དུ་བྱེ་བྲག་སྨྲ་བའི་གཞི་ལམ་འབྲས་གསུམ་གྱི་རྣམ་གཞག་དང་ལྟ་གྲུབ་ཀྱི་ཁྱད་པར་དང་། དེ་བཞིན་མངོན་པའི་གཞུང་ལ་ཧ་ཅང་མཁས་པར་སྦྱངས། མངོན་པ་འོག་མའི་སྡེ་སྣོད་ལ་མཁས་པར་སྦྱངས་ཏེ་ཁོང་རྒྱ་གར་དབུས་ལ་ཚུར་ཕེབས་དུས་རང་གི་གཅེན་སློབ་དཔོན་ཐོགས་མེད་ཀྱིས་རྗེ་བཙུན་བྱམས་པ་མགོན་པོ་ལོ་བཅུ་གཉིས་བར་དུ་བསྒྲུབས་ཏེ། བྱམས་པའི་མན་ངག་ལ་བརྟེན་ནས་ས་སྡེ་ལྔ་དང་སྡོམ་རྣམ་གཉིས་ལ་སོགས་པ་མཛད་ཟིན་པ་རེད། དེར་བརྟེན་དབྱིན་གཉེན་གྱིས་རང་གི་གྲུབ་མཐའི་ཞེན་པ་དྲག་པོས་གཅེན་གྱིས་བྲིས་བཞག་པའི་བཀའ་ཡི་དགོངས་འགྲེལ་དེ་དག་ལ་ཧ་ཅང་གིས་མི་འདོད་པ་ཆེན་པོར་སྐྱེས་ཏེ་ཐེག་ཆེན་སངས་རྒྱས་ཀྱི་བཀའ་མ་ཡིན་པ་དང་། དེ་དག་བཀའི་དགོངས་པ་མ་ཡིན་པ་དང་དགོངས་འགྲེལ་ཚད་ཐུབ་མ་ཡིན་པའི་སྐུར་འདེབས་ཆེན་པོ་བྱས་ཏེ་དགག་མཛད་པ་རེད།

 

 

དུས་ཚོད་དེ་འདྲ་གཅིག་ལ་གཅེན་ཐོགས་མེད་ཀྱིས་རང་གི་གཅུང་དབྱིན་གཉེན་ཐེག་པ་ཆེན་པོའི་གྲུབ་མཐའ་ལ་འཛུགས་པའི་དུས་ལ་བབ་པ་དགོངས་ཏེ་ཁོང་གི་སློབ་མ་ལ་ས་བཅུ་པའི་མདོ་སྐྱོར་རྒྱུ་ཡོད་པའི་སློབ་མ་གཅིག་དང་། བློ་གྲོས་མི་ཟད་པ་བསྟན་པའི་མདོ་སྐྱོར་རྒྱུ་ཡོད་པའི་སློབ་མ་གཉིས་སློབ་དཔོན་དབྱིག་གཉེན་བཞུགས་སའི་སྒྲུབ་ཁང་གི་ཉེ་སར་བཏང་སྟེ་གཅིག་གིས་དགོང་མོར་ས་བཅུ་པའི་མདོ་སྐད་ཆེན་པོ་བྱས་ནས་སྐྱོར་དུ་བཅུག་པའི་ཚིག་དོན་སློབ་དཔོན་དབྱིག་གཉེན་གྱིས་གསན་པས་ཐེག་ཆེན་འདི་རྒྱུ་བཟང་ཡང་འབྲས་བུ་དམན་པ་རེད་སྙམ། ཕྱི་ཉིན་ཐོ་རངས་སུ་བློ་གྲོས་མི་ཟད་པར་བསྟན་པའི་མདོ་སྐྱོར་བཅུག་པས་རྒྱུ་འབྲས་གཉིས་ཀ་བཟང་བ་གོ་བས་ཡིད་ཆེས་འཁྲུལ་མེད་རྙེད།

 

 

དེའི་རྒྱུ་མཚན་ཅི་ཡིན་སྙམ་ན། ས་བཅུ་པའི་མདོ་ལས་ཐེག་ཆེན་གྱི་རྒྱུ་ལམ་གྱི་རྣམ་གཞག་རྒྱས་ཤིང་རྒྱས་པ་གསུངས་ཤིང་། བློ་གྲོས་མི་ཟད་པར་བསྟན་པའི་མདོ་ལས་ནི། ཐེག་པ་ཆེན་པོའི་འབྲས་བུའི་རྣམ་གཞག་རྒྱས་ཤིང་རྒྱས་པ་གསུང་ཡོང་དུས། སྤྱིར་སློབ་དཔོན་དབྱིག་གཉེན་རིག་སྟོབས་ཆེན་པོ་དང་། ཚེ་རབས་སྔ་མའི་ཐེག་པ་ཆེན་པོའི་ཆོས་ལ་གོམས་པའི་བག་ཆགས་ཡོད་མཁན་ཡིན་ཙང་། མདོ་ཡི་འགྲེལ་པ་ལ་བརྟེན་མི་དགོས་པར་ཚིག་དག་པོའི་ཐོག་ནས་མདོ་སྐྱོར་ཡོང་དུས་ཚིག་དོན་མཐའ་དག་ལ་ངེས་ཤེས་ཐུབ་པས་རེད། རྐྱེན་དེ་དག་གིས་རང་གིས་སྔོན་ཆད་ཐེག་པ་ཆེན་པོའི་ལམ་གྱི་རྣམ་གཞག་དང་འབྲས་བུའི་རྣམ་གཞག་ལ་སྐུར་འདེབས་ཆེན་པོར་བྱས་པར་སེམས་གཏིང་ནས་འགྱོད་པ་དྲག་པོ་སྐྱེས། ཐེག་པ་ཆེན་པོའི་ཆོས་ལ་སྐུར་བ་ཤུགས་ཆེན་བཏབ་པའི་འགྱོད་སེམས་ཀྱིས་རང་གི་ལྕེ་སྤུ་གྲིས་གཅད་དགོས་དགོངས་པའི་སྐབས་དེར་མདོ་སྐྱོར་བའི་ཐོགས་མེད་ཀྱི་སློབ་མ་གཉིས་པོས་ཁྱེད་ལ་འགྱོད་སེམས་དྲག་པོ་དེ་འདྲ་ཡོད་ན། ལྕེ་བཏུབས་ནས་སྨྲ་བ་མེད་པ་བཟོ་མི་དགོས། དེ་ནི་བླུན་པོའི་ལས་རེད། ཁྱོད་ཀྱི་སྡིག་པ་དག་པའི་ཐབས་གཅེན་པོ་སློབ་དཔོན་ཐོགས་མེད་ལ་ཡོད་རེད་ཟེར་བས་དེར་འགྲོ་དགོས་གསུངས་ཏེ་སློབ་དཔོན་ཐོགས་མེད་ཀྱི་མདུན་དུ་ཁྲིད། གཅེན་ལ་འགྱོད་བཤགས་ཀྱི་ཚུལ་དུ། ང་ཡི་ཕུ་བོ་ཀླུ་དང་འདྲ།། ང་ནི་ཆར་སྡོད་བྱ་དང་འདྲ།། ཀླུ་ཡི་རྒྱལ་པོས་ཆར་ཕབ་ཀྱང་།། བྱ་ཡི་གྲེ་བར་སོང་བ་མེད།། ཅེས་དད་སེམས་ཀྱི་གཏམ་མང་དུ་ཕུལ།

 

 

སློབ་དཔོན་ཐོགས་མེད་ཀྱིས་རྗེ་བཙུན་བྱམས་པ་མགོན་པོ་ཞལ་གཟིགས་བྱུང་ཟིན་པ་ཡིན་ཙང་ཁོང་གིས་རྗེ་བཙུན་བྱམས་མགོན་ལ། སློབ་དཔོན་དབྱིག་གཉེན་གྱིས་ཐེག་པ་ཆེན་པོའི་ཆོས་ལ་སྐུར་བ་ཧ་ཅང་གི་ཤུགས་ཆེན་པོ་བཏབ་པས་སྡིག་པ་དེ་དག་པའི་ཐབས་ཅི་ཡོད་ཅེས་ཞུས་དུས། རྗེ་བཙུན་བྱམས་པ་མགོན་པོས། ཐེག་པ་ཆེན་པོའི་མདོ་སྡེ་མང་པོ་ཐུགས་ལ་འཛིན་ཅིང་སྐྱོར་སྦྱོང་དང་། ཐེག་ཆེན་གྱི་མདོ་བསྟན་བཅོས་མང་པོའི་དགོངས་འགྲེལ་མཛད་དགོས། རྣམ་རྒྱལ་མའི་གཟུངས་སྟོང་ཕྲག་མང་པོ་བཟླས་ན་སྔར་ཐེག་པ་ཆེན་པོའི་ཆོས་ལ་སྐུར་འདེབས་བྱས་པའི་སྡིག་པ་དག་ཐུབ་ཅེས་བཀའ་ལན་བསྩལ་བ་རེད།

 

 

དེ་ནས་ཁོང་གིས་གཅེན་དང་བྱམས་མགོན་གྱི་ཞལ་ཏ་བཞིན་སངས་རྒྱས་བཅོམ་ལྡན་འདས་ཀྱི་མདོའི་ནང་ནས། མདོ་སྡེ་དཀོན་མཆོག་བརྩེགས་པའི་གཞུང་ཡོངས་རྫོགས། མདོ་ཕལ་ཆེན་གྱི་ཆོས་ཚན་ཡོངས་རྫོགས། བསྡུས་པ་རིན་པོ་ཆེ་མདོ་ཡོངས་རྫོགས། ཤེར་ཕྱིན་གྱི་མདོ་རྒྱས་འབྲིང་བསྡུས་གསུམ་གྱི་མཚོན་པའི་ཤེར་ཕྱིན་གྱི་གཞུང་ཡོངས་རྫོགས་བསྡོམས་པའི་གླེགས་བམ་ལྔ་བརྒྱ་ཙམ་གྱི་ཚིག་དོན་མཐའ་དག་ཐུགས་ལ་གཟུང་ནས་ལོ་རེ་རེ་བཞིན་དུ་ཐེངས་རེ་རེ་སྐྱོར་གྱི་ཡོད་རེད་ཟེར་གྱི་ཡོད། དེ་འདྲ་གནང་དྲགས་པས་སྐུ་གཟུགས་ཆེས་སྐྱོ་བོར་ཆགས་ནས་མདོ་སྡེ་རྣམས་སྐྱོར་གནང་མ་ཐུབ་པའི་གནས་སྐབས་ལ་ལྕགས་སྣོད་ཆེན་པོ་ཏིལ་མར་གྱིས་གང་བའི་ནང་འཛུལ་ཏེ་ཁོང་གི་ཐུགས་ལ་འཛིན་བཞག་པའི་མདོ་སྡེ་དེ་དག་ཉིན་མཚན་བཅོ་ལྔར་ཐེངས་རེ་སྐྱོར་ཐུབ་ཀྱི་ཡོད་ཅིང་། རྒྱས་འབྲིང་བསྡུས་གསུམ་གྱི་ནང་ནས་བརྒྱད་སྟོང་པ་ནི་ཉིན་རེ་བཞིན་མ་ཆད་པར་ཁ་འདོན་བྱེད་ཀྱི་ཡོད

 

 

གཉིས་པ། ཁོང་གི་ཐེག་པ་ཆེན་པོའི་མདོ་དང་བསྟན་བཅོས་ཀྱི་དགོངས་འགྲེལ་ཧ་ཅང་གི་མང་པོ་ཡོད། དཔེར་ན། བློ་གྲོས་མི་ཟད་པ་བསྟན་པའི་མདོའི་འགྲེལ་བ། ས་བཅུ་པའི་མདོའི་འགྲེལ་བ། དཀོན་མཆོག་རྗེས་དྲན་གྱི་མདོའི་འགྲེལ་བ། ཕྱག་བརྒྱ་ལྔའི་མདོའི་འགྲེལ་པ། རྟེན་འབྲེལ་མདོའི་འགྲེལ་བ། མདོ་སྡེ་རྒྱན་གྱི་འགྲེལ་པ། འབྱེད་རྣམ་གཉིས་ཀྱི་འགྲེལ་བ། དེ་འདྲའི་ཐེག་པོ་ཆེན་པོའི་མདོ་བསྟན་འབའ་ཞིག་གི་དགོངས་པ་འགྲེལ་བའི་དགོངས་འགྲེལ་གྱི་གཞུང་དང་བསྟན་བཅོས་རང་རྐང་དུ་མཛད་པའི་གཞུང་ཡང་སུམ་ཅུ་པ་སོགས་མང་དུ་ཡོད། བསྟན་བཅོས་རང་རྐང་དུ་མཛད་པ། ཞེས་པ་ནི་གཞུང་གཞན་གྱི་དགོངས་འགྲེལ་དུ་མཛད་པ་དེ་འདྲ་མ་ཡིན་པ། དཔེར་ན། སུམ་ཅུ་པ་དང་། ཉི་ཤུ་པ། ཕུང་པོ་ལྔ་ཡི་རབ་བྱེད། ལས་སྒྲུབ་པའི་རབ་བྱེད་ལ་སོགས་པ་ཐེག་པ་ཆེན་པོའི་གཞི་ལམ་འབྲས་གསུམ་གྱི་རྣམ་གཞག་བསྟན་པའི་གཞུང་ལུགས་ལྟ་བུ་ཞིག་ལ་ཟེར་བ་རེད།

 

 

ད་ལྟར་ངས་གལ་ཆེར་རྩིས་ནས་ཞུ་དགོས་དོན། ཆོས་ཁུངས་བཙན་པ་བསྟན་པའི་ཆེད་མཛད་པ་པོའི་ཆེ་བ། ཞེས་ལམ་རིམ་སོགས་ཀྱི་མགོ་ན་ཡོད་པ་བཞིན། གཞུང་འགྲེལ་བཤད་དང་འཆད་ཁྲིད་བྱེད་སྐབས་སུ་གཞུང་མཛད་པ་པོའི་ལོ་རྒྱུས་བསྡུས་ཤིག་ངོ་སྤྲོད་བྱེད་པའི་ལུགས་སྲོལ་ཡང་འདུག་པས། སྐབས་བབ་ཉིན་ཤས་རིང་འཆད་ཁྲིད་བྱ་རྒྱུའི་སེམས་ཙམ་པའི་གཞུང་སུམ་ཅུ་པའི་རྩ་བ་རྩོམ་པ་པོ་མཁས་མཆོག་དབྱིག་གཉེན་ཁོང་སྐྱེས་བུ་དམ་པ་དང་མཁས་པ་ཅི་འདྲ་ཞིག་ཡིན་པ་དང་། འཇིག་རྟེན་འདིར་མཛད་རྗེས་ཅི་འདྲ་བཞག་ཡོད་པ་ཤེས་པའི་ཆེད་དུ་མདོ་ཙམ་ཞུས་པ་ཡིན།

 

 

གཅེན་ཐོགས་མེད་དགོངས་པ་མྱ་ངན་ལས་འདས་པའི་རྗེས་སུ་ཁོང་ནཱ་ལེནྡྲའི་མཁན་པོར་ཕེབས་ནས་ཐེག་པ་ཆེན་པོའི་ཆོས་ལ་འཆད་ཉན་དཔག་ཏུ་མེད་པ་མཛད། ཇོ་ནང་ཏཱ་ར་ནཱ་ཐའི་ཆོས་འབྱུང་ལྟར་བྱས་པ་ཡིན་ན་དགུང་ལོ་བརྒྱ་ལ་ཉེ་བར་བཞུགས་པ་རེད་གསུངས་ཡོད། མཐར་བལ་ཡུལ་ལ་དགོངས་པ་མྱ་ངན་ལས་འདས་ཡོད་པ་རེད། དེའི་རྐྱེན་གཅིག་ནི་སངས་རྒྱས་པའི་ཆོས་གོས་རྣམ་གསུམ་གྱོན་མཁན་གྱི་རབ་བྱུང་འགས་ཞིང་ལ་རྨོ་རྒྱག་པ་སོགས་ཁྱིམ་པ་སུན་འབྱིན་གྱི་ལས་སྣ་ཚོགས་བྱས། གནས་ཚུལ་དེ་འདྲ་གཟིགས་པས་ཐུགས་ཚད་མེད་སྐྱོ་སྟེ་མྱ་ངན་ལས་འདས་པའི་ལོ་རྒྱུས་ཡོད་རེད། མཁས་མཆོག་དབྱིག་གཉེན་གྱི་ལོ་རྒྱུས་རྒྱས་པོར་ཞུ་ན་ཧ་ཅང་གི་སེམས་ལ་ཕན་པོ་དང་། ཡིད་འཕྲོག་པོ་དང་རྒྱ་ཆེ་གཏིང་ཟབ་མོ་དེ་འདྲ་ཞུ་རྒྱུ་ཡོད་ཀྱང་གནས་སྐབས་འདི་ཙམ་གྱིས་མཚོན་པར་བྱས་སོ།།

 

 

མཁས་མཆོག་དབྱིག་གཉེན་གྱི་གཅེན་པོ་སློབ་དཔོན་ཐོགས་མེད་ནི། སེམས་ཙམ་པའི་གྲུབ་མཐའི་སྲོལ་འབྱེད་རེད། ཡིན་ན་ཡང་། སློབ་དཔོན་ཐོགས་མེད་ཁོང་རང་ཉིད་ཀྱི་ལྟ་གྲུབ་སེམས་ཙམ་པར་གནས་སམ། ཡང་ན་དབུ་མ་པར་གནས་ཞེས་དྲིས་ན། དེ་ལ་མཁས་པས་འདོད་ཚུལ་མི་འདྲ་བ་མང་པོ་ཡོད། རྗེ་བདག་ཉིད་ཆེན་མོ་དང་། རྒྱལ་ཚབ་རིན་པོ་ཆེ། མཁས་གྲུབ་རིན་པོ་ཆེས་གཙོས་པའི་རི་བོ་དགེ་ལྡན་པའི་མཁས་པ་རྣམས་ཀྱིས་སློབ་དཔོན་ཐོགས་མེད་སེམས་ཙམ་པའི་གྲུབ་མཐའི་སྲོལ་འབྱེད་ཡིན་པ་མ་གཏོགས་ཁོང་རང་གི་ལྟ་བ་དེ་དབུ་མ་ཐལ་འགྱུར་བའི་ལྟ་བ་ལ་གནས་ཡོད་པར་བཞེད་ཅིང་། སློབ་དཔོན་ཐོགས་མེད་ཀྱིས་མཛད་པའི་རྒྱུད་བླ་མའི་ཐོགས་འགྲེལ་དུ་ཆོས་ཐམས་ཅད་རང་བཞིན་གྱིས་གྲུབ་པ་བཀག་ཅིང་། གཙོ་བོར་རང་བཞིན་གནས་རིགས་སམ་སེམས་བདེན་མེད་བསྒྲུབས་པའི་སྒོ་ནས་ཐེག་པ་གསུམ་གྱི་རྣམ་གཞག་རྩལ་འདོན་བྱས་ཡོད་པས་གཙོ་བོར་དེའི་ཐོག་ནས་བསྒྲུབས་ཡོད། ཡིན་ན་ཡང་། སློབ་དཔོན་དབྱིག་གཉེན་དེ་འདྲ་མ་རེད། སེམས་ཙམ་པ་ཡིན་པ་རྩོད་མེད་ཡོངས་གྲགས་རེད།

 

 

ཁོང་གི་གཞུང་བཤད། དཔེར་ན། མཛོད་རྩ་འགྲེལ་གྱིས་བྱེ་མདོ་གཉིས་ཀྱི་གྲུབ་མཐའ་གཙོ་འདོན་གྱིས་བཀྲལ་བའི་གཞུང་འགའ་ཤས་མ་གཏོགས་ཁོང་གི་གཞུང་ཕལ་མོ་ཆེས་སེམས་ཙམ་པའི་ལུགས་རང་ལུགས་སུ་བཀྲལ་ཡོད། དབྱིག་གཉེན་རང་ཉིད་ཀྱང་སེམས་ཙམ་པ་ཡིན་པ་རྒྱ་གར་གྱི་སློབ་དཔོན་ཟླ་བ་གྲགས་པའི་འཇུག་པ་རང་འགྲེལ་དང་། ཛ་ཡ་ཨ་ནན་ཏའི་འཇུག་པའི་འགྲེལ་བཤད། སློབ་དཔོན་སེང་བཟང་གི་འགྲེལ་པ་དོན་གསལ། བོད་འགྲེལ་གྱི་དབང་དུ་བྱས་ན། རྗེ་ཙོང་ཁ་པའི་ལེགས་བཤད་གསེར་གྱི་ཕྲེང་བ་དང་། དབུ་མ་དགོངས་པ་རབ་གསལ་སོགས་སུ་རྩོད་མེད་ཡོངས་གྲགས་ཀྱིས་གསུངས་ཡོད། དེ་ཡིན་དུས་ད་རེས་ང་ཚོས་གང་འཆད་པར་འགྱུར་བའི་སུམ་ཅུ་པ་འདི་སློབ་དཔོན་དབྱིག་གཉེན་གྱིས་མཛད་པའི་སེམས་ཙམ་པའི་གཞི་ལམ་འབྲས་གསུམ་གྱི་རྣམ་གཞག་བསྟན་པའི་གཞུང་གནད་འགག་ཅན་གཙོ་བོ་གཅིག་རེད།

 

 

སུམ་ཅུ་པའི་གཞུང་འདིའི་སྐོར་ཅུང་ཟད་ཞུ་ན། སུམ་ཅུ་པའི་གཞུང་འདི་ལ་བསྟན་འགྱུར་ནང་དུ་སློབ་དཔོན་བློ་བརྟན་གྱིས་མཛད་པའི་སུམ་ཅུ་པའི་འགྲེལ་བ་གཅིག་དང་སློབ་དཔོན་ཟླ་བ་ལྷ་ཡིས་མཛད་པའི་སུམ་ཅུ་པའི་འགྲེལ་བཤད་གཅིག་མ་གཏོགས་རྩ་ནས་ཡོད་མ་རེད། རི་བོ་དགེ་ལྡན་པའི་མཁས་པའི་ཁྲོད་ལ་ལྟ་དུས། རྗེ་བདག་ཉིད་ཆེན་པོའི་ཡབ་སྲས་ཀྱི་གསུང་ནང་སུམ་ཅུ་པའི་འགྲེལ་པ་རྩ་ནས་མཇལ་རྒྱུ་ཡོད་མ་རེད། དེང་སང་ཡོངས་སུ་གྲགས་པའི་དགེ་ལྡན་པའི་མཁས་པའི་ནང་དུ་སེ་ར། འབྲས་སྤུངས། དགའ་ལྡན་གྱི་ཡིག་ཆ་རྩོམ་པ་པོ་དེ་དག་གི་གཞུང་ནའང་སུམ་ཅུ་པའི་འགྲེལ་པ་དེ་འདྲ་ཡོད་མ་རེད། རྗེ་རིན་པོ་ཆེའི་དྲང་ངེས་ལེགས་བཤད་སྙིང་པོ་དང་། རྗེ་རིན་པོ་ཆེའི་ཀུན་གཞི་དཀའ་འགྲེལ་ལ་སོགས་པ་དང་། མཁས་གྲུབ་རིན་པོ་ཆེའི་དབུ་མའི་སྟོང་ཐུན་གྱིས་མཚོན་པའི་རྗེ་ཡབ་སྲས་ཀྱི་གཞུང་མང་པོའི་ནང་དུ་གཞུང་འདིའི་གནད་འགག་ཡོད་སའི་ཚིག་མང་པོ་བཏོན་ནས་དགོངས་འགྲེལ་བྱས་པ་དེ་འདྲ་ཙམ་ཡོད། ས་རྙིང་བཀའ་གསུམ་གྱི་མཁས་པའི་ལེགས་བཤད་རྣམས་སུའང་འདིའི་འགྲེལ་པ་ཤིན་ཏུ་དཀོན་པོ་རེད།

 

 

དབྱིག་གཉེན་གྱི་སུམ་ཅུ་པ་དངོས་གཞི་དང་ཉི་ཤུ་པ་དེའི་ལྷན་ཐབས་སུ་བྱས་ཏེ་གཟིགས་ན་ཡག་པོ་ཡོད། སློབ་དཔོན་དབྱིག་གཉེན་གྱི་སུམ་ཅུ་པ་ནི་སེམས་ཙམ་པའི་ལུགས་ཀྱི་གཞི་ལམ་འབྲས་གསུམ་ཆ་ཚང་བ་བསྟན་པའི་གཞུང་གལ་ཆེ་ཞིག་ཡིན་ཞིང་། གཞི་ལམ་འབྲས་གསུམ་གྱི་ནང་ནས་ཀྱང་གཞིའི་རྣམ་གཞག་རྒྱས་ཤིང་རྒྱས་པ་གསུངས་ནས་ལམ་དང་འབྲས་བུའི་རྣམ་གཞག་ཅུང་ཟད་བསྡུས་ནས་གསུངས་ཡོད། གཞིའི་རྣམ་གཞག་ལ་ཡུལ་དང་ཡུལ་ཅན་གཉིས་ལས། གཙོ་བོར་ཡུལ་ཅན་གྱི་རྣམ་གཞག་དེ་ཐོག་མར་རྒྱས་ཤིང་རྒྱས་པ་གསུངས་ནས་དེའི་རྗེས་ཀུན་བཏགས། གཞན་དབང་། ཡོངས་གྲུབ་གསུམ་གྱིས་མཚོན་པའི་ཡུལ་གྱི་རྣམ་གཞག་རྒྱས་པོ་གསུངས་ཡོད།

 

 

བསྟན་བཅོས་འདིའི་མཚན་ལ་སུམ་ཅུ་པ་གསུང་གི་ཡོད། དེའི་རྒྱུ་མཚན་ནི། འབུམ་དང་། ཉི་ཁྲི། བརྒྱད་སྟོང་པ་ལྟ་བུ། གཞུང་ཚད་ཀྱི་མིང་དེ་གཞུང་ལ་བཏགས་པ་ཞིག་ཡིན་པས། གཞུང་དངོས་གཞི་དེ་ལ་ཤོ་ལོ་ཀ་སུམ་ཅུ་ཐམ་པ་ཏག་ཏག་ཡོད། ཤོ་ལོ་ཀ་སུམ་ཅུ་ཡོད་པའི་ཆ་ནས་གཞུང་གི་མཚན་ལ་ཡང་སུམ་ཅུ་པ་བཏགས་པ་རེད། ཉི་ཤུ་པ་ལྟ་བུ་ནི། ཤློ་ཀའི་གྲངས་ཆ་ནས་བཏགས་ཀྱང་ཤླཽ་ཀ་ཉི་ཤུ་རྩ་གཉིས་ཡོད་པས་ཉི་ཤུ་ཏག་ཏག་མེད། འོན་ཀྱང་ཉི་ཤུ་རྩ་གཅིག་ནས་ཉི་ཤུ་རྩ་དགུ་བར་ཉི་ཤུའི་ཁོངས་སུ་གཏོགས་པ་ཡིན་ཙང་ཐ་སྙད་རགས་པའི་དབང་དུ་བྱས་ནས་་ཉི་ཤུ་པ་བཏགས་པ་རེད་ཅེས་མཁས་པ་འགས་གསུངས། ཉི་ཤུ་པ་དང་སུམ་ཅུ་པ་གཉིས་ཀ་ལ་མཆོད་བརྗོད་ཡོད་མ་རེད། གཞུང་འདི་བོད་སྐད་དུ་བསྟན་པ་སྔ་དར་གྱི་གནས་སྐབས་སུ་བསྒྱུར་བ་ཞིག་ཡིན། བསྟན་པ་སྔ་དར་དང་ཕྱི་དར་ཟེར་དུས། གླང་དར་མས་བོད་ཀྱི་བསྟན་པ་མ་བསྣུབས་པ་ཡན་ཆད་དེ་ལ་བསྟན་པ་སྔ་དར་བརྩི་གི་ཡོད་རེད།

 

 

གླང་དར་མས་བསྟན་པ་བསྣུབས་ནས་བོད་མུན་ནག་བཞིན་དུ་ཆགས་པ་རེད། གླང་དར་དཀྲོགས་པའི་རྗེས་ཡང་བསྐྱར་མཉམ་མེད་ཇོ་བོ་རྗེ་བོད་ལ་ཕེབས་པ་དང་བོད་ཀྱི་མཁས་པ་མི་གསུམ་སོགས་ཀྱིས་བསྟན་པའི་མེ་རོ་བསྐྱར་གསོ་བྱས་པ་དེ་ནས་བསྟན་པ་ཕྱི་དར་ཟེར་གྱི་ཡོད། དེ་ནི་བོད་པའི་ཆོས་འབྱུང་དང་རྒྱལ་རབས་ཀྱི་སྐད་ཆ་རེད། གཞུང་འདི་སཾསྐྲྀཏ་སྐད་ནས་བོད་པའི་སྐད་དུ་ཚུར་སྒྱུར་མཁན་རྒྱ་གར་གྱི་སློབ་དཔོན་ཛིན་མིཏྲ་དང་ཤྲ྄་ལེན་དྲ་བོ་ངྷི་དང་།བོད་ཀྱི་ལོ་ཙཱ་བ་ཞང་བན་དེ་ཡེ་ཤེས་སྡེ་རེད། ཁོང་གཉིས་བསྟན་པ་སྔར་དར་དུས་ཕེབས་པའི་མཁས་པ་དང་ལོ་ཙཱ་བ་རེད།

 

 

བསྟན་བཅོས་ཀྱི་མཚན་དོན་ལ། རྒྱ་གར་སྐད་དུ་ཏྲིང་ཤི་ཀ་ཀཱ་རི་ཀཱ ཞེས་བྱུང་། དོན་ནི། རྒྱ་གར་ན་ཡོངས་གྲགས་ཀྱི་སྐད་རིགས་ཆེན་པོ་བཞི་ཡོད་པས་ལེགས་སྦྱར་ལྷའི་སྐད་དུ་བསྟན་བཅོས་ཀྱི་མཚན་ལ་ཏྲིང་ཤི་ཀ་ནི་སུམ་ཅུ་དང་ཀཱ་རི་ཀཱ་ནི་ཚིག་ལེའུ་ཞེས་པའི་དོན་ཡིན།

 

 

འཕགས་པ་འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ།། ཞེས་པའི་འགྱུར་ཕྱག་ནི་མཁས་མཆོག་དབྱིག་གཉེན་གསུང་མ་རེད། སུམ་ཅུ་པ་བོད་སྐད་ལ་ཚུར་སྒྱུར་མཁན་ལོ་ཙཱ་བ་ཞང་བན་དེ་ཡེ་ཤེས་སྡེའི་རང་གི་འགྱུར་ཕྱག་ཡིན་པས་ལོ་ཙཱ་བས་གསུངས་པ་རེད། སྐད་གཉིས་ཤན་སྦྱར་ལུགས་སྲོལ་དང་འགྱུར་ཕྱག་གི་བཀས་བཅད་དུས་གང་ཞིག་བྱུང་བ་ཡིན་སྙམ་ན། སྐད་གཉིས་ཤན་སྦྱར་ལུགས་སྲོལ་བཀས་བཅད་དང་པོའི་གནས་སྐབས་དང་འགྱུར་ཕྱག་དེ་བཀས་བཅད་གཉིས་པའི་གནས་སྐབས་བྱུང་བ་ཡིན།

 

 

བཀས་བཅད་ཟེར་དུས་ལོ་ཙཱ་བ་རྣམས་ལྷན་གཅིག་ཏུ་ཚོགས་ནས། ལོ་ཙཱ་བ་རྣམས་ཀྱིས་རྒྱ་གར་གྱི་གཞུང་བོད་སྐད་དུ་ཚུར་བསྒྱུར་ཡོང་དུས་འགྱུར་གཅིག་གྱུར་འོང་ཆེད་གཅིག་གྱུར་གྱིས་ཁྲིམས་གཅིག་བཟོས་ཏེ་མཐར་ཆོས་རྒྱལ་ངོ་མས་བཀས་ཐག་ཆོད་གཏན་འབེབས་བྱས་པ་ཞིག་ལ་ཟེར་ཞིང་། ང་ཚོས་དང་པོ་རྒྱ་གར་གྱི་གཞུང་གཅིག་བོད་སྐད་ལ་བསྒྱུར་བ་ཡིན་ན་མཚན་དེ་སྐད་གཉིས་ཤན་སྦྱར་བྱེད་དགོས། སྐད་གཉིས་ཤན་སྦྱར་ཟེར་ན་རྒྱ་གར་ལེགས་སྦྱར་གྱི་སྐད་དང་བོད་སྐད་འགྱུར་མ་གཉིས་ལྷན་ཐབས་སུ་སྦྱར་བ་ལ་ཟེར། དེའི་དགོས་པ། གཞུང་ཁ་ཕྱེ་ཡོང་དུས་ནས་རྒྱ་གར་ནས་ཚུར་བསྒྱུར་བ་ཞིག་རེད་འདུག་སྙམ་དུ་བདེ་བླག་ཏུ་ཤེས་ཐུབ་པ་དང་ཁུངས་དག་པར་ཡིད་ཆེས་པའི་ཆེད་དུ་ཡིན། དཔེར་ན། འདིའི་ནང་ཏྲིང་ཤི་ཀ་ཀཱ་རི་ཀཱ་ཟེར་བ་རྒྱ་གར་སྐད་དང་སུམ་ཅུ་པའི་ཚིག་ལེའུ་བྱས་པ་ཟེར་བའི་བོད་སྐད་གཉིས་སྦྱར་འདུག་པ་ལྟ་བུ་ཡིན། སྐད་གཉིས་ཤན་སྦྱར་དང་བམ་གྲངས་དེ་བཀའ་བཅད་དང་པོའི་སྐབས་སུ་རེད། བཀའ་བཅད་དང་པོ་དེ་བསྟན་པ་སྔ་དར་ཁྲི་སྲོང་ལྡེའུ་བཙན་གྱི་གནས་སྐབས་སུ་བྱུང་བ་རེད། འགྱུར་ཕྱག་དེ་བཀའ་བཅད་གཉིས་པའི་སྐབས་མངའ་བདག་ཁྲི་རལ་པའི་དུས་སུ་བྱུང་བ་རེད། དེ་དུས་སྐ་ཅོག་ཞང་གསུམ་གྱི་ནང་ནས། སྐ་བ་དཔལ་བརྩེགས་དང་། ཅོག་རོ་ལོ་ཆེན་ཀླུའི་རྒྱལ་མཚན། ཞང་བན་དེ་ཡེ་ཤེས་སྡེ་བཅས་ལོ་ཙཱ་བ་གསུམ་གྱིས་མཚོན་པའི་ལོ་ཙཱ་བ་མང་པོས་ལྷན་འཛོམས་ཚོགས་ཆེན་ལྟ་བུས་གཞུང་དེ་མངོན་པའི་སྡེ་སྣོད་ཡིན་ན། འཕགས་པ་འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་དགོས་པ་དང་། གཞུང་དེ་འདུལ་བའི་སྡེ་སྣོད་ཡིན་ན་ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་དགོས་པ། གཞུང་དེ་མདོ་སྡེའི་སྡེ་སྣོད་ཡིན་ན་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ལ་ཕྱག་འཚལ་དགོས་པའི་འགྱུར་ཕྱག་གི་ཁྲིམས་དེ་བཀས་བཅད་གཉིས་པའི་སྐབས་སུ་བྱུང་བ་རེད།

 

 

བཀས་བཅད་ཟེར་བའི་ཡི་གེ་བཀས་དེ་སྔོན་ལ་ལོ་ཙཱ་བ་ཚོས་གཞུང་སྒྱུར་སྟངས་དེ་འདྲ་ཡིན་ཟེར་ནས་ཁྲིམས་བཟོས་རྗེས་སྐབས་དེ་དུས་ཀྱི་རྒྱལ་པོ་ལ་ཕུལ། རྒྱལ་པོས་ཞིབ་མོར་བརྟགས་ཏེ་ཡང་དག་པ་ཞིག་ཏུ་རེད་འདུག་དགོངས་ན་ཁྲིམས་ཀྱི་ཐོག་ནས་གཏན་འབེབས་བྱེད་དགོས་ཀྱི་ཡོད། བཀས་ཟེར་བའི་རྣམ་དབྱེ་གསུམ་བྱེད་པའི་སྒྲ་དེ་ཆོས་རྒྱལ་གྱི་བཀའ་ཡིས་བཅད་པ་མཛད་པ་དེ་ལ་བཀས་བཅད་ཅེས་བྱེད་སྒྲ་སྦྱར་བ་རེད། སྐད་གཉིས་ཤན་སྦྱར་དང་བམ་གྲངས་ཀྱི་སྐད་ཆ་དེ་བཀས་བཅད་དང་པོ་དང་གཉིས་པ་གཉིས་ཀ་ལ་ཡོད། ཡིན་ན་ཡང་། བོད་པའི་དཔེ་ཆ་དཔེར་ན་བུ་སྟོན་རིན་པོ་ཆེས་མཛད་པའི་ཤེར་ཕྱིན་གྱི་འགྲེལ་པ་ལུང་གི་སྙེ་མར། འགྱུར་ཕྱག་གི་སྐབས་མངོན་པའི་སྡེ་སྣོད་ཡིན་ན་འཇལ་དཔལ་དབྱངས་ལ་ཕྱག་མཛད་པ་དང་། འདུལ་བའི་སྡེ་སྣོད་ཡིན་ན་ཐམས་ཅད་མཁྱེན་པ་ལ་ཕྱག་མཛད་པ་དང་། མདོ་སྡེའི་སྡེ་སྣོད་ཡིན་ན་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ལ་ཕྱག་མཛད་པ་དེ་ཕྱིས་སུ་བོད་པའི་མཁས་པ་འགའ་ཤས་ཀྱིས་གསར་བཟོ་བྱས་བཞག་པ་མ་གཏོགས་སྔོན་གྱི་བཀའ་བཅད་ཀྱི་ཡི་གེ་རྙིང་པའི་ནང་རྩ་ནས་མཇལ་རྒྱུ་མི་འདུག་ཅེས་གསུངས་ཡོད།

 

 

དཔེར་ན་དུས་སྔ་མོ་སྔ་མོར་བསྒྱུར་བའི་སློབ་དཔོན་ཀླུ་སྒྲུབ་ཀྱི་དབུ་མ་རིགས་ཚོགས་དྲུག་གི་ནང་གི་ཞིབ་མོ་རྣམ་འཐག་གི་འགྱུར་ཕྱག་ལ་ཀླུ་སྒྲུབ་ཁོང་ལ་འགྱུར་ཕྱག་མཛད་པ་མ་གཏོགས་ཞིབ་མོ་རྣམ་འཐག་དེ་མངོན་པའི་སྡེ་སྣོད་ཡིན་ཙང་འཇམ་དཔལ་དབྱངས་ལ་འགྱུར་ཕྱག་མཛད་དགོས་ཀྱང་མཛད་མི་འདུག་ག། རྗེ་ཙོང་ཁ་པའི་ཕར་ཕྱིན་གྱི་འགྲེལ་པ་ལེགས་བཤད་གསེར་ཕྲེང་གི་དབུར། སྔོན་གྱི་མཁས་པ་ཚོས་བཀའ་བཅད་དེ་འདྲ་དེ་འདྲ་བྱས་འདུག་གསུངས། དེ་ལ་ཕྱིས་ཀྱི་མཁས་པ་དག་གིས་བཀའ་བཅད་ཀྱི་ཡི་གེ་དེ་འདྲ་ཡིག་རྙིང་གང་ནའང་མཇལ་དུ་མེད་པས་མི་བདེན་ཅེས་བོད་སྔ་ཕྱི་གཉིས་བར་ལ་མི་འདྲ་བའི་ཁྱད་པར་ཏོག་ཙམ་འདུག ཁོང་གིས་ཞིབ་འཇུག་བྱས་དུས་འགྱུར་གཞུང་རྙིང་པ་ཕལ་མོ་ཆེ་བཀའ་བཅད་མཛད་པ་དེ་བཞིན་དུ་གནས་འདུག་པས། བཀའ་བཅད་ཡི་གེ་དེ་དག་ད་རིང་སང་ཉིན་ང་ཚོས་མ་རག་པ་ཡིན་ན་ཡང་ཡོངས་གྲགས་ལྟར་སྔོན་ཆད་ཆོས་རྒྱལ་ཚོས་བཀའ་བཅད་དེ་འདྲ་ཞིག་མཛད་ཡོད་པ་ནི་གཏན་འཁེལ་འདུག འོན་ཀྱང་དུས་ཕྱིས་སུ་བཀའ་བཅད་ཀྱི་ཁྲིམས་ལྟར་མ་སོང་བ་སོ་སོས་གང་ལ་འདོད་པ་ཡོད་པ་དེ་ལ་འགྱུར་ཕྱག་བྱས་པ་མ་གཏོགས་སྔོན་མའི་ཁྲིམས་ལྟར་གནས་མི་འདུག་ཅེས་གསུངས་པ་རེད། དེ་ནི་གཞུང་གི་སྔོན་འགྲོ་འགྱུར་ཕྱག་ཡན་ཆད་ཀྱི་དོན་མདོར་བསྡུས་ཤིག་རེད།