ཆོས་ཉིད་དབང་མོས་བོད་ཀྱི་ན་གཞོན་རྣམས་ལ་སྐད་ཅིག་སྐུར།

134/545

བོད་ཀྱི་གཞོན་སྐྱེས་རྣམ་པ་གཉིད་ལས་སོད།། ད་ནས་རང་གི་ལམ་སྟོན་རང་གིས་བྱེད།

 

གནམ་ལ་བྱ་ལྟར་ལྡིང་བའི་མཁའ་གྲུ་དང་གཅིག །

ས་ན་གློག་ལྟར་འཁྱུག་པའི་རླངས་འཁོར་དང་གཉིས།།

ཆུ་ལ་ཉ་ལྟར་འཕྱོ་བའི་གྲུ་གཟིངས་དང་གསུམ།།

གསུམ་དེ་གསུམ་ལྷ་འདྲེས་བྱས་པ་མིན།།

ནུབ་གླིང་རིག་པའི་གླིང་ནས་འཁྲུངས་པ་ཡི།།

ཚན་རྩལ་མི་བོ་ཆེ་ཡིས་བཟོས་པ་ཡིན།།

བསྟོད་པའི་མགུར་དབྱངས་འཐེན་ན་དེ་ལ་འཐེན།།

 

ཀླད་ན་གསལ་ལེ་སྤར་བའི་གློག་སྒྲོན་དང་གཅིག །

འོག་ཏུ་ཚུབ་བེ་བཞག་པའི་དྲོད་རླངས་དང་གཉིས།།

བར་ལ་སྟོང་ངེ་ཁྱབ་པའི་འཕྲིན་བརྡ་དང་གསུམ།།

གསུམ་དེ་གསུམ་སྤྲུལ་སྐུས་བསྩལ་བ་མིན།།

ནུབ་གླིང་རིག་པའི་གླིང་ནས་འཁྲུངས་པ་ཡི།།

ཚན་རྩལ་མི་བོ་ཆེ་ཡིས་བཟོས་པ་ཡིན།།

བཀུར་བའི་ལྷ་ཕྱག་གདའ་ན་དེ་ལ་འཚོལ།།

 

ཤར་ནུབ་འབྲེལ་ལམ་འཛུགས་པའི་ཁ་པར་དང་གཅིག །

ཕྱི་ནང་གསང་རྒྱ་བཤིག་པའི་གློག་ཀླད་དང་གཉིས།།

མུན་ནག་དྲུངས་ནས་འཇོམས་པའི་གློག་སྒྲོན་དང་གསུམ།།

གསུམ་དེ་གསུམ་བླ་མས་གནང་བ་མིན།།

ནུབ་གླིང་རིག་པའི་གླིང་ནས་འཁྲུངས་པ་ཡི།།

ཚན་རྩལ་མི་བོ་ཆེ་ཡིས་བཟོས་པ་ཡིན།།

བསྔགས་པའི་ཤིས་ཚིག་ཡོད་ན་དེ་ལ་ཕུལ།།

 

གློད་འོད་འབུམ་ཕྲག་འཁྲིགས་པའི་གྲོང་ཁྱེར་དང་གཅིག །

སྟོང་གསུམ་ཐལ་བར་བརླག་པའི་རྫས་རྡུལ་དང་གཉིས།།

ཉི་ཟླ་གོ་ལ་སྐོར་བའི་འཕུར་སྐར་དང་གསུམ།།

གསུམ་དེ་གསུམ་སྲུང་མའི་ཆོ་འཕྲུལ་མིན།།

ནུབ་གླིང་རིག་པའི་གླིང་ནས་འཁྲུངས་པ་ཡི།།

ཚན་རྩལ་མི་བོ་ཆེ་ཡིས་བཟོས་པ་ཡིན།།

ངོ་མཚར་སྐྱེམས་ཆང་མཆོད་ན་དེ་ལ་མཆོད།།

 

ཁ་ཟས་གཡོ་ཞིང་སྐོལ་བའི་གློག་ཐབ་དང་གཅིག །

བཏུང་བ་གྲང་ཞིང་ཉར་བའི་འཁྱག་སྒམ་དང་གཉིས།།

ཆུ་ཁོལ་ཚ་ཞིང་ལྡུད་པའི་གློག་དམ་དང་གསུམ།།

གསུམ་དེ་གསུམ་ཡུལ་ལྷས་གནང་བ་མིན།།

ནུབ་གླིང་རིག་པའི་གླིང་ནས་འཁྲུངས་པ་ཡི།།

ཚན་རྩལ་མི་བོ་ཆེ་ཡིས་བཟོས་པ་ཡིན།།

བཀའ་དྲིན་གཏང་རག་ཡོད་ན་དེ་ལ་ཐོངས།།

 

མདོར་ན་ཕྲ་བ་ཉེར་སྤྱོད་དངོས་པོ་ནས།།

རགས་པ་མེ་འཁོར་འཕུར་གྲུ་ཚུད་ཆད་ཀུན།།

ལྷ་དང་སྲུང་མས་གནང་བ་རྐང་གཅིག་མེད།།

སྤྲུལ་སྐུ་བླ་མས་བསྩལ་བ་ཟུར་གཅིག་མེད།།

འདི་ཚོ་ཐམས་ཅད་མི་བུ་རང་གིས་བཟོས།།

མི་བུའི་ནང་ནས་ནུབ་གླིང་མི་བུས་བཟོས།།

 

ལྷ་དང་སྲུང་མ་ཟེར་བའི་མཐུ་བོ་ཆེ།།

བཙན་དང་ཆོས་སྐྱོང་ཟེར་བའི་གཡེར་པོ་ཆེ།།

དགོས་པའི་དུས་ལ་ཉིན་གཅིག་ཕན་མྱོང་མེད།།

མཁོ་བའི་སྐབས་སུ་རི་བོང་རྭ་ཅོ་འདྲ།།

 

བླ་མ་ཡུལ་ནས་ཕུད་དུས་མཐོང་སར་མེད།།

གྲྭ་པ་གསོན་སྐེ་གཅོད་དུས་གར་སོང་མེད།།

དགོན་པ་མེ་ལ་རྒྱག་དུས་གོ་རྒྱུ་མེད།།

ཕན་མེད་ཟོག་རོ་དེ་ཚོ་ཤི་ཚར་འདྲ།།

 

རི་ཀླུང་གཏོར་བཅོམ་གཏོང་དུས་གང་དུ་སོང་།།

ཆུ་འགོ་སྦག་གཙོག་བཟོ་དུས་གང་དུ་སོང་།།

བཀའ་བསྟན་ཆུ་ལ་བསྐུར་དུས་གང་དུ་སོང་།།

རྟེན་གསུམ་མགོ་མཇུག་སློག་དུས་གང་དུ་སོང་།།

 

དེ་ཚོ་མཆོད་ནས་མི་རབས་མང་པོ་རེད།།

དེ་ཚོ་གསོས་ནས་མི་ལོ་གྲངས་མེད་རེད།།

མཆོད་ནས་ཁ་འཛིན་མགོན་སྐྱབས་ག་རེ་བྱས།།

གསོས་ནས་སྲུང་སྐྱོབ་དཔུང་གཉེན་ག་རེ་བྱས།།

 

དགོན་སྡེ་བརྒྱ་ཕྲག་མང་པོ་མ་བགྲོས་པར།

རྩམ་པ་འབྲུ་མར་བརྒྱ་མ་ཁྲི་སྟོང་དག །

མེ་ལ་བསྲེགས་ཤིང་ཆུ་ལ་བསྐྱུར་ནས་མཆོད།།

འདོད་དོན་གང་ཞིག་འགྲུབ་འདུག་གསལ་པོ་རེད།།

 

བོད་ཀྱི་བླ་གྲྭ་ཡོད་ཚད་གཅིག་མཐུན་གྱིས།།

བསྟན་དགྲ་བསྒྲལ་དགོས་སོད་ཤོག་བཏུབ་ཤོག་ཟེར།།

མི་ལོ་བརྒྱ་ཕྲག་འགའ་ལ་བོས་འདུག་ཀྱང་།།

སུ་ཡང་མ་སོད་གང་ཡང་བཏུལ་མ་ཐུབ།།

 

གྲྭ་པས་ཐོས་བསམ་མ་བྱས་སྲུང་མ་གསོས།།

སྐྱ་བོས་དཔལ་འབྱོར་མ་སྒྲུབ་ལྷ་འདྲེ་སྒྲུབ།།

གསོས་པའི་འབྲས་བུ་སྐྱབས་གསུམ་ངོ་མ་ཤེས།།

བསྒྲུབས་པའི་ཕན་ཡོན་རྗེས་ལུས་གཡང་སར་ལྷུང་།།

 

ད་ནི་སེམས་ཡོད་མི་ཞིག་ཡིན་གྱུར་ན།།

ལྷ་འདྲེས་སྐྱོབས་པའི་འདུ་ཤེས་རིང་དུ་བོར།།

སྲུང་མས་སྲུང་བའི་རྨོངས་དད་རྒྱང་དུ་གཡུགས།།

སྤྲུལ་སྐུས་འདྲེན་པའི་བླུན་སྒོམ་ཐད་དུ་དོར།།

 

གོ་འུ་ཏ་མས་རང་མགོན་རང་ཡིན་ཟེར།།

སུ་ཁུ་རེ་ཐཱེས་རང་ལམ་རང་འཚོལ་ཟེར།།

ཨེ་ཡན་སིའི་ཐན་རང་བདག་རང་སྐྱོང་ཟེར།།

ཡོད་ཚད་མི་བུ་རང་ལ་ཡིད་རྟོན་བྱོས།།

 

མི་ཡི་ལག་པས་དེང་རབས་ཚན་རྩལ་བསྐྲུན།།

མི་ཡི་མིག་གིས་དུས་གསུམ་ལོ་རྒྱུས་མཐོང་།།

མི་ཡིས་ནུས་པས་གོ་ལ་དབང་དུ་བསྒྱུར།།

ཐམས་ཅད་མི་བུ་རང་གི་སྟོབས་ཀྱིས་སྒྲུབས།།

 

ད་ནི་རྟོགས་པ་སད་ཤོག་གཞོན་ནུ་ཚོ།།

མདུན་སྐྱོད་གོམ་སྒྲ་སྒྲོག་ཤོག་གསར་སྐྱེས་ཚོ།།

རང་གི་ལས་དབང་རང་གི་ལག་ལ་ཡོད།།

ཕན་མེད་ལྷ་འདྲེ་སྐྱབས་སུ་མ་བཟུང་ཞིག །

 

ང་ཚོས་རིགས་པའི་ལམ་ནས་གནས་ལུགས་གླེང་།།

ང་ཚོས་བདེན་དོན་ཀློང་ནས་དགག་སྒྲུབ་བྱེད།།

ང་ཚོས་རྗེས་ལུས་ལྕགས་སྒྲོག་སིལ་བུར་གཏོར།།

ང་ཚོས་འོད་སྟོང་ལྡན་པའི་ལམ་ཞིག་བསྐྲུན།།

 

བླ་རྒན་མགོ་མཁྲེགས་ཚོ་ལ་བཀུར་དོན་མེད།།

སྤྲུལ་སྐུ་གསེར་ཁྲི་ཅན་ཚོར་དད་དོན་མེད།།

རྒྱ་བླ་ཁྲིམས་ཡིག་ཅན་ཚོར་ཞུམ་དོན་མེད།།

ད་ནས་རང་གིས་རང་ཉིད་ལམ་སྣ་འདྲེན།

 

མཐོ་བ་ལྷ་ཡི་ཡུལ་ལ་སྨོན་དོན་མེད།།

དམའ་བ་དམྱལ་བའི་ཁམས་ལ་སྐྲག་དོན་མེད།།

བར་མ་མི་ཡི་ཡུལ་འདི་ང་ཚོར་དབང་།།

འདི་ནས་ང་ཚོས་འདུན་མའི་འོད་སྟོང་སྤྲོ།།

 

མགོན་པོ་མ་མོ་བཙན་དང་གནོན་སྦྱིན་མོ།།

ཡུལ་ལྷ་ཐབ་ལྷ་མེ་ལྷ་ཆུ་ལྷ་སོགས།།

གསོལ་ཞིང་མཆོད་ནས་རེ་སྟོང་རྒྱག་པ་དེ།།

ཆུ་ཡི་ནང་དུ་སྟུག་དྲི་བོར་བ་འདྲ།།

 

འདི་ཚོ་ཡོད་ཚད་གནའ་མི་བླུན་རྒན་ཚོས།།

མ་བརྟགས་རྫུན་གྱིས་བསྒོས་པའི་བག་ཆགས་ཡིན།།

རང་རེ་དུས་རབས་ཉེར་གཅིག་གཞོན་ནུ་ཚོ།།

ད་དུང་འདི་ཚོར་རེ་ལ་ངོ་ཚ་ཡིན།།

 

ཞེས་གཞོན་ནུ་མི་རབས་གསར་པ་ཚོར་ཕུལ་བའི་གཏམ་ཚོགས་འདི་ཆོས་ཉིད་དབང་མོས་ཟུངས་ཁྲག་གིས་བྲིས་ཏེ་ཕུལ་བའོ།།