བོད་ཀྱི་རྡོ་རྩིག་གི་བྱུང་འཕེལ་བཤད་པ།བཀྲ་བྷ།

132/545

དང་བོ། ཡ་ཐོག་གི་སྡོད་ཁང་བྱུང་ཚུལ།

འཛམ་གླིང་ཡོངས་ལ་ཆ་མཚོན་ན། ཡ་ཐོག་གི་སྡོད་ཁང་བྱུང་ཚུལ་ཐད་ལ་བཞེད་ཚུལ་མི་འདྲ་བ་གཉིས་ཡོད་དེ། ལ་ལས་འགྲོ་བ་མིའི་རིགས་ཀྱི་སྡོད་ཁང་ཐོག་མ་ནི་རྡོ་ཁང་ཡིན་པར་བཤད་པ་དང་། ལ་ལས་ཡ་ཐོག་གི་ཁང་མིག་ཐོག་མ་ནི་ཤིང་ཁང་ཡིན་པར་འདོད། ཞིབ་ཏུ་བསམ་ན། མི་རིགས་ཤིག་གི་སྡོད་ཁང་གི་རྒྱུ་ཆ་ནི་འདི་ཡིན་དང་དེ་ཡིན་ཞེས་བརྗོད་རྒྱུ་ལས། ཤིང་ཁང་དང་རྡོ་ཁང་གཉིས་ལས་གང་སྔ་བར་བྱུང་བ་ཁ་ཚོན་གཅོད་མི་ནུས། རྒྱུ་མཚན་ནི། འཛམ་གླིང་གི་མི་རིགས་སོ་སོ་བྱུང་འཕེལ་གྱི་ཁོར་ཡུག་མི་འདྲ་བས། མི་རིགས་གང་ཞིག་སྤྲ་རིགས་ནས་ངེས་དོན་གྱི་མི་རུ་འགྱུར་སྐབས། ཐོག་མར་གང་ལ་གནས་པ་དང་འཚོ་གནས་ཁོར་ཡུག་ཏུ་ཨར་ལས་རྒྱུ་ཆ་གང་ཞིག་མང་ན། རྒྱུ་ཆ་དེ་ལས་བྱས་པའི་སྡོད་ཁང་ཐོག་མ་བྱུང་བ་ཡིན་ངེས། བོད་ལ་མཚོན་ན། ཡུལ་གྲུ་སོ་སོར་བྲག་རི་དང་གཡའ་རི། རྡོ་ཐང་དང་གྲམ་གཞུང་མང་བས། རྡོ་ཡི་ཐོན་ཁུངས་ཕུན་སུམ་ཚོགས་པ་ལྡན་པ་དང་། བོད་ལྗོངས་སྣེ་གདོང་རྫོང་གི་མགོན་པོ་རི་ན་སྤྲེའུ་དང་བྲག་སྲིན་གཉིས་ཀ་སྡོད་ས་ཡིན་པར་བརྗོད་པའི་བྲག་ཁུང་ཡོད་པ། དེ་མིན་མདོ་དབུས་མཐོ་སྒང་གི་དམངས་ཁང་དང་། ཕོ་བྲང་། མཁར་རྫོང་། དགོན་སྡེ་བཅས་ཀྱི་རྩིག་པ་ཕལ་མོ་ཆེ་ཡི་ཨར་ལས་རྒྱུ་ཆ་རྡོ་བ་ཡིན་པར་གཞིགས་ན། བོད་མིའི་སྡོད་ཁང་ཐོག་མ་ནི་རྡོ་ཁང་ཡིན་ཞེས་ཁ་ཚོན་བཅད་ན་ཕལ་ཆེར་འཐུས་སམ་སྙམ།

ད་སྐབས་འཕྱི་བ་རྣམས་ཀྱིས་ཁུང་བུ་རྐོ་ཤེས་པ་དང་། འདབ་ཆགས་བྱ་ཡིས་བྱ་ཚང་བཅའ་ཤེས་པ་སོགས་ལ་གཞིགས་ན། སྲོག་ཆགས་ཕལ་པ་རྣམས་ལའང་རང་དོན་རང་གིས་སྒྲུབ་པའི་བློ་རིག་ཕྲ་མོ་ཞིག་ཡོད་པས། ཡ་ཐོག་གི་སྤྲ་རིགས་ནི”མི་ལུས་ཐོབ་རུང་བའི”སྲོག་ཆགས་དམིགས་བསལ་ཅན་ཞིག་ཡིན་པ་ན། ཤེས་རིག་དང་འཚོ་གནས་ཀྱི་འཇོན་ཐང་ནི་སྐབས་དེའི་སྲོག་ཆགས་ཕལ་པ་རྣམས་ལས་ལྷག་དགོས་པས། སྐམ་སར་འཚོ་འགོ་བརྩམས་རྗེས། དགོས་མཁོ་དང་བསྟུན་ནས་བྲག་ཁུང་སོགས་ལ་གནས་བཅོས་ཏེ་གཅན་གཟན་གདུག་རྩུབ་ཅན་གྱི་གནོད་འཚེ་སོགས་ལ་གཞའ་བ་ཡིན་ཤས་ཆེ། གལ་སྲིད་དེ་འདྲ་ཡིན་ན། མི་མ་སྤྲ་ཡི་དུས་རིམ་ན་གནས་པའི་སྤྲེའུ་དང་བྲག་སྲིན་གཉིས་ཀས་བྲག་ཁུང་ལ་གནས་བཅས་པ་ནི་མེས་པོའི་འཚོ་སྟངས་བརྒྱུད་འཛིན་བྱས་པ་ཙམ་ལས་གསར་གཏོད་ཅིག་གཏན་ནས་མིན་པ་མ་ཟད། རྗེས་སུའང་འཚོ་སྟངས་དེ་མུ་མཐུད་དུ་རྒྱུན་འཁྱོངས་བྱས།《གཡུང་དྲུང་བོན་གྱི་བསྟན་འབྱུང་ཕྱོགས་བསྡུས》སུ”དེ་རྗེས་མི་ལུས་གདོན་གྱུར་གདུད་ཀྱིས་བཟུང་།། རྩི་ཤིང་རྡོ་ཁང་བྲག་ལ་གནས་བཅོས་ནས།། བོད་ཀྱི་ཆུ་བོ་བཞི་འདུས་མགོ་མཇུག་བཟུང་།།”ཞེས་བཀོད་པ་ལྟར་ན། “མི་ལུས་གདོན་གྱུར་གདུད་”ཀྱིས་”བོད་ཀྱི་ཆུ་བོ་བཞི་འདུ་མགོ་མཇུག་”འཛིན་སྐབས། མི་མ་སྤྲ་དེ་ངེས་དོན་གྱི་མི་རུ་གྱུར་ཏེ་རྩི་ཤིང་གི་སྤྱིལ་བུ་དང་རྡོ་ཁང་རྩིག་ཤེས་ནའང་། སྔར་ལྟར་བྲག་ལ་གནས་པའི་མིའི་འགྲོ་བའང་སྐོར་ཞིག་མཆིས། 《གཡུང་དྲུང་བོན་གྱི་བསྟན་འབྱུང་ཕྱོགས་བསྡུས》སུ་ད་དུང”མི་ཁྱིམ་ཡང་ས་ཁུལ་བྲག་ཕུག་དང་། ། བྱུང་བའི་རྡོ་ཁང་བརྩེགས་བྱེད་པ་ལས།། ཤིང་གཅོད་ཐག་ཚེམ་སོགས་ཀྱི་ལས་མི་ཤེས།།”ཞེས་བཀོད་པར་བཞིགས་ན། ངེས་དོན་གྱི་མི་བློ་རིག་སྔར་ལས་ཇེ་གསལ་དང་། ངལ་རྩོལ་འཇོན་ཐང་སྔར་ལས་ཇེ་ཆེར་བྱིན་པ་དང་བསྟུན་ནས། “རྡོ་ཁང་བརྩེག་དབུབ་བྱེད་པའི་”ལག་རྩལ་ཡོད་པར་གྱུར་མོད། “མི་ཁྱིམ”སྐོར་ཞིག་ད་དུང་བྲག་ཕུག་ན་གནས་ཡོད། གོང་ནས་བཤད་པ་ནང་བཞིན་མི་མ་སྤྲ་ཡི་དུས་རིམ་ན་གནས་པའི་སྤྲེའུ་དང་བྲག་སྲིན་གཉིས་ཀས་བྲག་ཁུང་ལ་གནས་བཅས་ཏེ་རིགས་རྒྱུད་སྤེལ་བ་དང་། ངེས་དོན་གྱི་མི་བྱུང་རྗེས་ཀྱི་ཐོག་མའི་དུས་སྐབས་སུ། “ཤིང་གཅོད་ཐག་ཚེམ་སོགས་ཀྱི་ལས་མི་ཤེས་”རུང་། “རྡོ་ཁང་བརྩེག་དབུབ་བྱེད་པའི་”ལག་རྩལ་བྱུང་བར་གཞིག་ན། བོད་ཀྱི་མེས་པོས་བྲག་ཁུང་ལ་གནས་བཅའ་བའི་གོ་རིམ་ཁྲོད་དུ་རྡོ་ལ་ཆ་རྒྱུས་བྱུང་བ་མ་ཟད། རྡོ་བ་རྩིགས་ལུགས་ཤེས་ཏེ་རྡོ་ཁང་བརྩིགས་པ་དང་། སྡོད་ཁང་ཐོག་མ་ནི་རྡོ་ཁང་ཡིན་པའི་བསམ་ཚུལ་བྱུང་།

གོང་གི”རྡོ་ཁང་བརྩིགས་དབུབ་བྱེད་པའི་”སྲོལ་དེ་བོད་ལ་ག་དུས་དར་བ་མི་ཤེས་མོད། གང་ལྟར་བོད་ལྗོངས་མཁར་རོ་ས་ཁུལ་ནས་ལོ་ངོ་སྟོང་ཕྲག་འགའ་ཡི་སྔ་རོལ་གྱི་རྡོ་རྩིག་ཐོག་ཁང་རྙེད་པར་གཞིགས་ན། བོད་ཀྱི་རྡོ་ཁང་ལ་ཡུན་རིང་གི་ལོ་རྒྱུས་ཡོད་པ་དང་། མ་མཐའ་ཡང་ལོ་ངོ་སྟོང་ཚོ་ལྔའི་སྔ་རོལ་དུ་རྡོ་ཁང་རྩིག་པའི་ལག་རྩལ་ཕྲ་ཞིང་ཞིབ་པ་ཞིག་ཡོད་པ་གསལ་པོ་རྟོགས་ཐུབ། གནའ་རྫས་རྟོག་དཔྱོད་པའི་ཞིབ་འཇུག་གྲུབ་འབྲས་ལྟར་ན། མཁར་རོའི་རྡོ་རྩིག་ཁང་དེའི་གཞི་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་ཆིག་ཁྲི་ལྷག་ཡོད་པ་དང་། དེ་ཡི་རྒྱུ་མང་ཞིང་གཞི་ཁྱོན་ཆེ་བ། སྤུས་ཀ་བཟང་ཞིང་བཀོད་པ་ལེགས་པའི་ཁྱད་ཆོས་ལ་གཞིགས་ན། རྩིག་པ་དེ་ཉིད་ནི་བོད་མི་རྩིག་བཟོའི་ལག་རྩལ་ལ་བྱང་ཆ་བྱུང་རྗེས་བརྩིགས་པ་དང་། དེའི་ཡར་སྔོན་ལ་རྡོ་རྩིག་གི་ལས་ཀ་ཡུན་རིང་ལག་ལེན་བྱས་པ་རྟོགས་ཐུབ་པ་ཡིན།

གཉིས་པ། དབང་མཛད་བཅུའི་སྐབས་ཀྱི་རྡོ་རྩིག་བྱུང་འཕེལ།

བོད་མི་ག་དུས་གྲལ་རིམ་སྤྱི་ཚོགས་སུ་སོན་པ་དེ་ནི་དངོས་འབྲེལ་བརྗོད་དཀའ་བ་ཞིག་ཡིན་མོད།《བཀའ་ཐང་སྡེ་ལྔ》ལས། “གཙུག་ལག་རྒྱལ་པོ་གདུག་པ་སྦྲུལ་ལྟར་འཁྲིལ།། ཆོས་ཀྱི་རྒྱལ་པོ་ཁྱི་ལ་སྤྱང་ལྟར་འཇབ།། ནོར་གྱི་རྒྱལ་པོ་བྱེའུ་ལ་ཁྲ་ལྟར་འཇུམ།། ཧོར་གྱི་རྒྱལ་པོ་ཤིང་ལ་སྟར་ལྟར་འཚབ།། ཕྱོགས་བཞིའི་རྒྱལ་པོ་ཕྱོགས་ནས་དར་བའི་ཚེ།། དེ་དུས་བོད་ཁམས་མི་ལ་རྗེ་མེད་པས།། རི་བྲན་བྲག་མཁར་ཀུན་ལ་རྫོང་ཡང་བཅས།། གོས་དང་ཁ་ཟོས་བཙན་མཁར་རྫོང་དུ་བཅུག ། “ཅེས་གསུངས་པ་ལྟར་ན། དབང་མཛད་བཅུ་གཉིས་མ་བྱོན་པའི་ཡར་སྔོན་ལ། ཡུལ་གྲུ་གཞན་ལ་”གཙུག་ལག་རྒྱལ་པོ་”དང”ཆོས་ཀྱི་རྒྱལ་པོ་””ནོར་གྱི་རྒྱལ་པོ་”སོགས་བྱོན་ཏེ་གྲལ་རིམ་སྤྱི་ཚོགས་སུ་སླེབས་ཡོད་རུང་། བོད་ཁམས་ནི་ད་དུང་གྲལ་རིམ་གྱི་དབྱེ་བ་ཆེན་པོ་མེད་པའི་གདོད་མའི་སྤྱི་ཚོགས་སུ་གནས་པས། ཐུན་མོང་གིས་བཀུར་བ་དང་ཐུན་མོང་ལ་བཀོད་འདོམས་བྱེད་མཁན་མ་བྱུང་བ་ན། མཐའ་བཞིའི་རྒྱལ་ཁམས་རྣམས་ཀྱིས་རང་གི་མངའ་ཁོངས་རྒྱ་སྐྱེད་པ་དང་རྒྱུ་ནོར་ཧམ་འཕྲོག་བྱེད་ཆེད། “བོད་ཁམས”རྗེ་མེད་རྣམས་ལ་བཙན་འཛུལ་དང་དཔུང་འཇུག་བྱེད་གྲབས་བྱས་པས། བོད་པ་རྣམས་ལ་འཇིགས་སྣང་རབས་དང་རིམ་པ་བྱུང་སྟེ། ཕྱི་དགྲ་འགོག་པ་དང་རང་ཉིད་སྲུང་ཆེད། རི་མཐོ་ས་དང་བྲག་བཙན་ས་སོགས་ལ་གནས་སྤར་ཏེ། རྡོ་ཁང་དང་བཙན་རྫོང་ལ་གནས་བཅའ་བ་དང་། ཟས་གོས་དང་དངོས་པོ་རྩ་ཆེན་རྣམས་བཙན་མཁར་དུ་བཅུག་སྟེ་འཚོ་ཐབས་གནས་ཐབས་བྱས། གལ་སྲིད”རི་བྲན་བྲག་མཁར་ཀུན་ལ་རྫོང་ཡང་བཅའ།། གོས་དང་ཁ་ཟས་བཙན་མཁར་རྫོང་དུ་བཅུག ” ཅེས་པ་སྐབས་དེའི་བོད་མི་ཐུན་མོང་གི་འཚོ་སྟངས་ཤིག་ཡིན་ན། སྐབས་དེའི་བོད་མི་རྣམས་ཀྱིས་རང་གི་ཚེ་སྲོག་དང་རྒྱུ་ནོར་སྲུང་ཆེད། ཕྱི་དགྲ་འགོག་སླ་ཞིང་རང་ཉིད་སྲུང་སྐྱེན་པའི་རྡོ་ཁང་དང་བྲག་མཁར། བཙན་མཁར་སོགས་རྩིག་སྲ་ཞིང་བརྟན་པ་མང་པོ་བརྩིགས་པ་དང་། མཁར་དང་ཁང་པ་དེ་དག་རྩིག་པའི་གོ་རིམ་ཁྲོད་དུ། བོད་མི་ཡོངས་ཀྱི་རྩིག་བཟོའི་ལག་རྩལ་ཡར་འཕེལ་ཆེན་པོ་བྱུང་བས། དེ་རྗེས་ཀྱི་དབང་མཛད་བཅུ་གཉིས་སྐབས་སུ། དབང་མཛད་རྣམས་ལ་ཕོ་བྲང་རྩིག་པ་དང་། མཐའ་མཚམས་སྲུང་མི་ལ་བཙན་མཁར་རྩིག་པར་ཉམས་མྱོང་ཕུན་སུམ་ཚོགས་པོ་བསགས། དེང་གི་ལོ་རྒྱུས་སྨྲ་བ་ལ་ལས”དབང་མཛད་བཅུ་གཉིས་ནི་ལོ་ངོ་སུམ་སྟོང་སྔོན་ནས་སྤྱི་ལོའི་སྔོན་གྱི་དུས་རབས་གཉིས་པའི་བར་དུ་དབུས་གཙང་ཙམ་གྱི་ས་ཡི་དཀྱིལ་འཁོར་ལ་དབང་སྒྱུར་མཁན་ཡིན་” ཞེས་གསུངས། གལ་སྲིད་དེ་འདྲ་ཡིན་ན། དབང་མཛད་བཅུ་གཉིས་སྐབས་སུ། བོད་མི་ལ”གནོད་སྦྱིན་ནག་པོ་”དང་”རེ་སྡེ་མགོ་གཡག” “གཉའ་རིང་ཕྲག་མེད་”ཟེར་བའི་དབང་མཛད་པ་མང་པོ་བསྟུད་མར་བྱུང་བ་དང་། དབང་མཛད་དེ་དག་ལ་”བཟངས་ཡུལ་རྒྱན་མེད་དང་”དང་། “བདུད་ཡུལ་གླིང་དགུ་” “ནག་པོ་དགུ་འདུལ་”ལ་སོགས་འབོད་པའི་མངའ་ཁོངས་ཡོད་པས། ལོ་ངོ་སྟོང་ཕྲག་གསུམ་གྱི་སྔ་རོལ་དུ་བོད་མིའི་སྤྱི་ཚོགས་དེ་གྲལ་རིམ་སྤྱི་ཚོགས་སུ་སླེབས་པ་གསལ་པོར་རྟོགས་ཐུབ། གྲལ་རིམ་སྤྱི་ཚོགས་ལ་སོན་པ་དང་བསྟུན་ནས། ཚོ་ཁག་གམ་རྒྱལ་ཕྲན་ཞིག་གི་མི་ཤུགས་དང་དངོས་ཤུགས་གཅིག་སྡུད་བྱེད་པའི་གོ་སྐབས་བྱུང་བ་ན། ཕོ་བྲང་དང་བཙན་མཁར་སྔ་ན་མེད་པ་མང་པོ་རྩིག་ཡོད་ངེས། འདི་ནི་དབང་སྒྱུར་གྲལ་རིམ་བྱུང་སྐབས་ཀྱི་བྱེད་ཕྱོགས་ཐུན་མོང་བ་ཞིག་ཡིན་པས། བོད་ཀྱང་སྣང་ཚུལ་འདི་ལས་བརྒལ་ཐབས་མེད།

དབང་མཛད་བཅུ་གཉིས་ཀྱི་དང་པོ་སྟེ་གནོད་སྦྱིན་ནག་པོས་བོད་ལ་དབང་མཛད་པ་ནི་བོད་ཀྱི་ལོ་རྒྱུས་ལ་མཚོན་ན་ཀྱོག་མཚམས་གལ་འགངས་ཆེ་བ་ཞིག་ཡིན་མོད། དབང་མཛད་པ”དེ་དག་གི་བརྒྱུད་པས་བསྟན་པ་ལ་བྱ་བ་བྱས་པའི་གཏན་ཡང་ཡོད་པ་མ་ཡིན་”པས། སྔོན་བྱོན་ལོ་རྒྱུས་མཁན་པོ་རྣམས་ཀྱིས་ཁོ་ཚོའི་མཛད་རྗེས་སྣང་མེད་དུ་བཞག་སྟེ། ཁོ་ཚོའི་ལོ་རྒྱུས་གླེང་སྐབས་ཚིགས་བཅད་ཤོ་ལོ་ཀ་འགའ་ལས་མ་གསུང་བ་དང་། ཚིགས་བཅད་ཤོ་ལོ་ཀ་དེ་དག་ཏུ་དབང་མཛད་བཅུ་གཉིས་སྐབས་སུ་སྐུ་མཁར་གང་འདྲ་བཞེངས་པའི་ཐད་ཡིག་འབྲུ་གཅིག་ཀྱང་མི་མཐོང་བས། སྐབས་དེའི་རྡོ་རྩིག་གི་བྱུང་འཕེལ་བརྗོད་པར་དཀའ་ཁག་ཆེན་པོ་བཟོས་མོད། འོན་ཀྱང་། བོད་ཁམས་ཡོངས་ལ་རྗེ་མེད་པའི་སྐབས་སུ། “རི་བྲན་བྲག་མཁར་ཀུན་ལ་རྫོང་ཡང་བྱས་”པ་དང་། དབང་མཛད་བཅུ་གཉིས་སྐབས་སུ་མཚོན་ཆ་སྣ་ཚོགས་བྱུང་བ་དེ་གཉིས་ཟུང་འབྲེལ་བྱས་ནས་དཔྱད་ན་ངེས་ཤེས་མག་མོག་ཅིག་རྙེད་ཐུབ།

དབང་མཛད་བཅུ་གཉིས་ཀྱི་ཐོག་མ་གནོད་སྦྱིན་ནག་པོས་བོད་ལ་མངའ་དབང་མཛདཔའི་མངའ་རོལ་ལ། “བོད་ཁམས་མི་ལ་རྗེ་མེད་པའི་” སྐབས་སུ། “གཙུག་ལག་རྒྱལ་པོ་གདུག་པ་སྦྲུལ་ལྟར་འཁྲིལ།། ཆོས་ཀྱི་རྒྱལ་པོ་ཁྱི་ལ་སྤྱང་ལྟར་འཇབ།། ནོར་གྱི་རྒྱལ་པོ་བྱེའུ་ལ་ཁྲ་ལྟར་འཇུམ་”བཞིན་ཡོད་པས། གནོད་སྦྱིན་ནག་པོས་ཕྱི་དགྲའི་བཙན་འཛུལ་དང་ནང་མིའི་གྱེན་ལྡོག་ཡོངས་སུ་བཟློགས་ཏེ། རང་ཉིད་ཀྱི་མངའ་མཛད་དབང་ཐང་སྲ་བརྟན་དུ་གཏོང་དགོས་ན། སྐབས་བབ་ཀྱི་རྩིག་བཟོའི་ལག་རྩལ་གྱི་ཉིང་བཅུད་བསྡུས་ཏེ། རང་ལ་སྲ་ཞིང་བརྟན་པའི་སྐུ་མཁར་ཞིག་རྩིག་པའི་ཞོར་དུ།མཐའ་མཚམས་ལ་བཙན་མཁར་བརྩིགས་ཏེ་ཕྱི་དགྲ་འགོག་དགོས་པས། རྩིག་བཟོའི་གཞི་ཁྱོན་སྔར་ལས་ཇེ་ཆེར་སོང་བ་མ་ཟད་བྱ་བ་དེ་ལ་གཅིག་གྱུར་གྱི་བཀོད་འདོམས་བྱེད་མཁན་བྱུང་བ་ན།རྩིག་པའི་སྤུས་ཀ”བོད་ཁམས་མི་ལ་རྗེ་མེད་པའི་”སྐབས་ལས་ཇེ་ལེགས་ལ་སོང་བ་དང་། ལག་ལེན་རབས་དང་རིམ་པ་བརྒྱུད་ནས་རྩིག་བཟོའི་ལག་རྩལ་ཡང་ཇེ་མཐོར་སོང་ཡོད་ངེས་ཡིན། ཚུལ་དེ་དབང་མཛད་བཅུ་གཉིས་སྐབས་སུ་བོད་ལ་མཚོན་ཆ་སྣ་ཚོགས་དར་བ་ལས་ཀྱང་རྟོགས་ཐུབ།

བོད་ཀྱི་ལོ་རྒྱུས་དེབ་ཐེར་སྔ་ཤོས་དག་ལས”དང་པོ་གནོད་སྦྱིན་ནག་པོ་ཞེས་བྱ་བ་བྱུང་སྟེ། ཡུལ་གྱི་མིང་ཡང་བཟངས་ཡུལ་རྒྱན་མེད་བྱ་བར་བཏགས། ལག་ཆར་མདའ་གཞུ་འཕེན་པ་དེ་ནས་བྱུང་། གཉིས་པ་རེ་སྡེ་མགོ་གཡག་སྡུད་ཀྱིས་བྱས། ཡུལ་གྱི་མིང་ཡང་བདུད་ཡུལ་གླིང་དགུ་ཟེར། སྟ་རེ་དགྲ་སྟ་དུས་དེར་ལག་ཆར་བྱུང་། གསུམ་པ་གཉའ་རིང་ཕྲག་མེད་སྲིན་གྱིས་བྱས། ཡུལ་གྱི་མིང་ཡང་ནག་པོ་དགུ་དུལ་ཟེར། ལག་ཆར་སྲིན་མོ་རྐང་དང་སྒྱོགས་གཉིས་བྱུང་། བཞི་བ་དམར་འཇམ་ཞེས་བྱ་ལྷ་ཡིས་བྱས། ཡུལ་གྱི་མིང་ནི་ལྷ་ཡུལ་གུང་ཐང་ཟེར། ལག་ཆར་ཁ་ཊཾ་རྩེ་གསུམ་དེ་ནས་བྱུང་། ལྔ་པ་ཀླུས་དབང་བྱས་ངམ་བྲང་ཅང་བྲང་ཟེར། ལག་ཆར་རྒྱུག་པ་སྐྱོན་ཅན་དེ་ནས་བྱུང་། བདུན་པ་མ་སངས་རུ་དགུས་དབང་བྱས་ཏེ། ཡུལ་གྱི་མིང་ནི་བོད་ཁམས་གཡུང་དྲུག་ཟེར། ལག་ཆར་དོང་རལ་ཕུབ་ཆུང་དེ་ནས་བྱུང་” ཞེས་ཞལ་མཐུན་པར་གསུངས་འདུག་པ་འདི་ལས་མཁར་བརྩིགས་པའི་ལོ་རྒྱུས་ཕར་ཞོག་ཐ་ན་མཁར་མིང་ཙམ་ཡང་མི་མཐོང་མོད། ཞིབ་ཏུ་བརྟག་ན་ཐོབ་འབྲས་མཁར་མིང་མཐོང་བ་ལས་ཀྱང་ལེགས། ཀུན་ཀྱིས་མཁྱེན་གསལ་ལྟར། མཚོན་ཆ་ནི་འཐབ་འཁྲུག་གི་དགོས་མཁོ་དང་བསྟུན་ནས་བྱུང་བ་དང་། འཐབ་འཛིང་གི་གོ་རིམ་ཁྲོད་ནས་འཕེལ་རྒྱས་སུ་སོང་བ་ཡིན་ལ། མཚོན་ཆའི་འཕེལ་རྒྱས་དང་བསྟུན་ནས་རང་སྲུང་རྩིག་པའི་བཟོ་བཀོད་ལའང་འགྱུར་ལྡོག་འབྱུང་དགོས། གནོད་སྦྱིན་ནག་པོས་དབང་བྱེད་སྐབས། ལག་ཆར་མདའ་གཞུ་འཕེན་པའི་སྲོལ་བྱུང་བ་དེ་ནི་གསར་གཏོད་དང་ཚུར་ལེན་གཉིས་ལས་གང་གི་ཁོངས་སུ་གཏོགས་པ་བཤད་དཀའ་མོད། གང་ལྟར་ནང་འདྲེན་བྱས་པ་ཡིན་ན། སྟོབས་ལྡན་རྒྱལ་ཁབ་གཞན་ལ་མདའ་གཞུ་དར་ཡོད་དགོས་པ་དང་། གསར་གཏོད་བྱས་པ་ཡིན་ན་མི་འགྱང་བར་རྒྱལ་ཕྲན་གཞན་ལ་དར་འགྲོ་བས། སྐབས་དེའི་དབང་མཛད་པའི་སྐུ་མཁར་དང་མཐའ་མཚམས་ཀྱི་བཙན་མཁར་རྩིག་སྐབས། མཁར་དང་བཙན་རྫོང་གི་མཐུག་ཚད་དང་མཐོ་ཚད། སྤུས་ཀ་སོགས་ལ་མཐོང་ཆེན་བྱས་ཏེ་སྟོབས་ལྡན་རྒྱལ་ཁབ་གཞན་གྱི་རྩིག་པའི་ཆུ་ཚད་ལ་སླེབས་པར་འབད་པའི་ཞོར་དུ། མདའ་གཞུས་ཚུར་རྒོལ་ལ་འཇིགས་པ་མེད་པར་བྱ་ཆེད། རྩིག་པའི་བཟོ་བཀོད་ལ་བཅོས་བསྒྱུར་རབས་དང་རིམ་པ་བྱས་ཡོད་ངེས། དཔེར་ན། མདའ་གཞུ་མེད་པའི་སྐབས་སུ། བོད་མིས་ཕལ་ཆེར་རི་བོ་མཐོ་ས་དང་བྲག་རི་བཙན་སར་བཙན་རྫོང་དང་སྡོད་ཁང་གཉིས་ཀ་རུང་བའི་རྡོ་ཁང་བརྩིགས་ཏེ།དགྲ་བོས་ཚུར་རྒོལ་བྱས་ན་ཁང་ཀླད་ནས་རྦབ་རྡོ་བསྒྲིལ་ཏེ་རང་སྲུང་བྱེད་པ་ཡིན་ངེས། གལ་སྲིད་དེ་འདྲ་ཡིན་ན། མདའ་གཞུ་བྱུང་རྗེས། འཐབ་འཛིང་གི་དགོས་མཁོ་དང་བསྟུན་ནས་བཙན་མཁར་སོགས་ཀྱི་ཀླད་ལ་རྩིག་གྱང་ཉག་ཤོ་ཅན་བརྩིགས་པ་དང་། ནང་རོལ་གྱི་གྱང་ངོས་མདའ་ཁུང་བཏོད་དེ། མདའ་མོ་ཚུར་འཕངས་ན་གཞའ་སླ་བ་དང་མདའ་རྦབ་རྡོས་ཕར་ལ་རྒོལ་དུས་རང་སྲོག་སྲུང་བར་ཕན་པ་བྱས་ཡོད་ངེས། འདི་ནི་སྐབས་བབ་མཚོན་ཆ་དང་རྩིག་པ་གཉིས་ཀ་ཟུང་འབྲེལ་ལེགས་པོ་བྱེད་པའི་ཐབས་ལམ་གལ་འགངས་ཆེ་བ་ཞིག་ཡིན།

མདའ་གཞུའི་འཇིགས་པ་བསལ་ཆེད། མི་རྣམས་ཀྱིས་རྩལ་རྒུ་བཏོན་ནས་རྩིག་པའི་སྤུས་ཀ་ཇེ་ལེགས་སུ་གཏོང་བ་དང་རྩིག་བཟོའི་ལག་རྩལ་ཇེ་མཐོར་གཏོང་བར་འབད་པ་ན། མཁར་དང་བཙན་མཁར་གསར་བྱུང་མང་པོར་མདའ་གཞུས་རྒོལ་མ་ཚུགས་པས། འཐབ་འཛིང་གི་དགོས་མཁོ་གསར་པ་ལྟར་མཚོན་ཆ་གསར་པ་གསར་གཏོད་བྱེད་པར་འབད་པ་ན། དབང་མཛད་གསུམ་པ་གཉའ་རིང་ཕྲག་མེད་ཀྱི་དུས་སུ་སྒྱོགས་རྡོ་འཕེན་པའི་ལག་རྩལ་བྱུང་སོང་། སྐབས་དེར། སྒྱོགས་ཀྱི་འཇིགས་པ་བསལ་ཆེད། མི་རྣམས་ཀྱིས་སླར་ཡང་བཙན་མཁར་ལ་སོགས་རྩིག་པའི་ལག་རྩལ་ཇེ་མཐོར་གཏོང་བར་འབད་པ་ན། བོད་ཀྱི་བྲག་མཁར་དང་རྡོ་ཁང་། བཙན་རྫོང་སོགས་ཀྱི་སྤུས་ཀ་དང་བཟོ་བཀོད་ལག་རྩལ་ཐོད་རྒལ་རབས་དང་རིམ་པ་བྱུང་ཡོད་ངེས་ཡིན།

གསུམ་པ། སྟོད་སིལ་མའི་སྐབས་ཀྱི་རྡོ་རྩིག་བྱུང་འཕེལ།

གྲལ་རིམ་སྤྱི་ཚོགས་སུ་སླེབས་པ་ནས་བཟུང་། མི་རྣམས་བར་ལ་སྤྱི་ཚོགས་གོ་གནས་མཐོ་དམའི་དབྱེ་བ་བྱུང་བ་དང་། སྐབས་འགར་དབྱེ་བ་དེ་འགལ་བ་ཆེན་པོའི་འབྱུང་གཞི་ཞིག་ཏུའང་གྱུར་ཡོད།

གྲལ་རིམ་སྤྱི་ཚོགས་ལ་སླེབས་རྗེས། དབང་སྒྱུར་གྲལ་རིམ་གྱི་དབང་སྒྱུར་བྱེད་ལུགས་དེ་འབངས་མི་ཕལ་མོ་ཆེ་ཡི་མོས་པ་དང་མཐུན་ན། སྤྱི་ཚོགས་ལ་བདེ་འཇགས་ཅུང་ཟད་ཡོད་པ་ཡིན། གལ་སྲིད་དབང་སྒྱུར་གྲལ་རིམ་ནང་ཁུལ་ལ་འགལ་བ་བྱུང་བ་དང་། ཡང་ན་དབང་སྒྱུར་བྱེད་ལུགས་འབངས་ཀྱི་འདོད་མོས་དང་འགལ་ན། འབངས་རྣམས་སྡུག་ལ་གཏད་པ་དང་ཆབ་སྲིད་རྒུད་པའི་ལམ་ལ་ཞུགས་ངེས་ཡིན། བོད་ཀྱི་ལོ་རྒྱུས་དེབ་ཐེར་ལ་ལར་དབང་མཛད་བཅུ་གཉིས་འདྲེན་སྲོལ་འདུག་མོད། བཞེད་དགོངས་དེ་ལ་ཞིབ་ཏུ་བརྟག་ན། དོན་དམ་དུ་གཅིག་གྱུར་གྱི་མངའ་ཁོངས་དང་གཅིག་གྱུར་གྱི་བཀོད་འདོམས་བྱེད་པའི་དབང་ཆ་ཡོད་པའི་དབང་མཛད་ནི་བཅུ་ལས་མ་བྱུང་བ་འདྲ་སྟེ། དབང་མཛད་བཅུ་པ་ཟ་རིད་སྤུན་དྲུག་དག་གིས་དབང་བྱས་རྗེས། སྔར་གྱི་གཅིག་གྱུར་གྱི་མངའ་ཁོངས་དེ་བསིལ་བུར་ཐོར་ཏེ་རྒྱལ་ཕྲན་སིལ་མ་བཅུ་གཉིས་བྱུང་བ་དང་། རྗེས་སུ་སིལ་མ་བཅུ་གཉིས་ཀྱང་ཐོར་ཏེ་བཞི་བཅུར་གྱུར།

དབང་མཛད་བཅུ་ཡི་མངའ་ཁོངས་དེ་སིལ་བུར་ཐོར་རྗེ། ཡུལ་གྲུ་ཆུང་ཆུང་རེ་ལ་རྒྱལ་པོ་རེ་བྱུང་བ་མ་ཟད།《ཏུན་ཧོང་གཏེར་ཡིག》ལས། “རྒྱལ་ཕྲན་ཡུལ་ཡུལ་ན། མཁར་བུ་རེ་རེ་གནསྟེ་” ཞེས་གསུངས་པ་ལྟར། རྒྱལ་ཕྲན་ཆུང་བའི་རྒྱལ་པོ་རེ་ལ་མཁར་བུ་རེའང་བྱུང་བས། བོད་ཀྱི་མཁར་རྫོང་གི་གྲངས་ཀ་སྔར་ལས་ཇེ་མང་ལ་སོང་། སྐབས་དེའི་སྤྱི་ཚོགས་གནས་ཚུལ་ནི། 《མྱང་ཆོས་འབྱུང》”ལས་དེའི་དུས་སུ་བོད་འདིར་སྤྲེའུའི་རྒྱུད་པ་རྣམས་བདུད་དང་། གནོད་སྦྱིན་ལ་སོགས་པ་མངའ་མཛད་རིམ་པ་བདུན་གྱི་ཐ་མ་ལ། རྒྱལ་སིལ་བུའམ་བཅུ་གཉིས་རྒྱལ་ཕྲན་མོ་ངན་ལ་སོགས་པས་དབང་བྱས་ནས། གཅིག་ཟེར་ལ་གཅིག་མི་ཉན་ཏེ། མ་འཆམས་པས་དམངས་རྣམས་མནར་ནས་བརྡུངས”ཞེས་དང་། 《ཆོས་འབྱུང་མཁས་པའི་དགའ་སྟོན》ལས།”རྒྱལ་ཕྲན་དེ་རྣམས་འཐབ་རྩོད་གསོད་གཅོད་དགའ། ། ལེགས་ཉེས་མི་བརྩི་བཀྱོན་འབེབས་བཙོན་རར་འཛུད། ། ཡུལ་གཞན་འགྲོ་རུ་རྒྱལ་ཕྲན་གྱིས་མི་སྟེར། ། ཐང་ལ་མི་ཆགས་བྲག་རི་བཙན་པོ་འཛིན།། བཟའ་བཏུང་མི་རྙེད་བཀྲེས་སྐོམ་སྡུག་བསྔལ་ཆེ།། “ཞེས་གསུངས་པ་ལས་ཀྱང་རྟོགས་ཐུབ། དབང་མཛད་བཅུ་ཡི་རྗེས་སུ། བོད་ལ་རྒྱལ་ཕྲན་སིལ་མ་བཅུ་གཉིས་ནས་བཞི་བཅུ་བྱུང་བ་ན། གཅིག་ཁ་གཅིག་གིས་མི་ཉན་པའི་རྒྱལ་ཕྲན་དེ་དག་གིས་རང་ཉིད་ཀྱི་མངའ་ཁོངས་རྒྱ་སྐྱེད་པ་དང་ཆབ་སྲིད་དཔལ་འབྱོར་སོགས་ཀྱི་ཁེ་ཕན་ལ་སྲུང་སྐྱོབ་བྱེད་ཆེད། ཕྱི་ཕྱོགས་སུ་གཡུལ་བཤམས་ཏེ་ནོར་འབངས་འཕྲོག་རེས་བྱེད་པ་དང་། ནང་ཁུལ་དུ་དཀར་ནག་གི་དབྱེ་བ་དང་ལེགས་ཉེས་ཀྱི་ཁྱད་པར་མི་འབྱེད་པར་བཀའ་བཀྱོན་འབེབས་པ་དང་བཙོན་རར་འཇུག་པ་སོགས་གདུག་རྩུབ་ཀྱི་ལས་སྣ་ཚོགས་སྤེལ་བ་ན། བོད་འབངས་རྣམས་ནི་དམག་འཁྲུག་དང་བཙན་གནོད། བཀྲེས་ལྟོགས་སོགས་ཀྱི་སྡུག་བསྔལ་ཡ་ང་བས་མནར་ཏེ་ཉི་མ་འཁྱོལ་དཀའ་བའི་གནས་ཚུལ་བྱུང་མོད། རྒྱལ་ཕྲན་གཞན་ལ་འགྲོ་ན་རང་ཉིད་གནས་པའི་རྒྱལ་ཕྲན་གྱིས་ཆོག་མཆན་མི་གནང་བས། སྔར་དུས་བྲག་ལ་གནས་བཅས་པ་རྣམས་ཀྱིས་སྔལ་མལ་བཟུང་སྟེ་བསྡད་པ་དང་། ཐང་ལ་ཆགས་པ་རྣམས་ནི་རི་མགོར་བྲོས་ཏེ་གནས་བཅས།

སྤྱི་ཚོགས་ཀྱི་གནས་ཚུལ་ཐད་ནས་བཤད་ན། སྟོད་སིལ་མའི་སྐབས་སུ། རྒྱལ་ཕྲན་སོ་སོའི་བར་ལ་འཐབ་འཁྲུག་རབས་དང་རིམ་པ་བྱུང་བ་དང་། འབངས་མི་སེར་གྱིས་བཀྱོན་འབེབས་བཙོན་འཇུག་དང་དམག་འཁྲུག་གི་སྡུག་བསྔལ་ཡ་ང་བ་མྱངས་བས། བོད་ཡུལ་གངས་རི་རྩེ་དགུའི་ཡུལ་ནི་དམྱལ་བའི་ཁམས་སུ་བསྒྱུར་མོད། དམག་དོན་གྱི་དགོས་མཁོ་དང་བསྟུན་ནས། རྒྱལ་ཕྲན་སོ་སོའི་རྒྱལ་པོ་རེ་ལ་མཁར་རེ་བཞེངས་པ་དང་། རྒྱལ་མཚམས་གལ་འགངས་ཆེ་སར་བཙན་མཁར་བརྩིགས་པ་ན། ལག་ལེན་ཁྲོད་ནས་བོད་མིའི་རྩིག་བཟོ་ལག་རྩལ་ནི་སྔར་ལས་འཐུས་སྒོ་ཇེ་ཚང་དང་ཕུན་སུམ་ཇེ་ཚོགས་སུ་སོང་བས། རྗེས་ཀྱི་སྤུར་རྒྱལ་བཙན་པོའི་སྐབས་སུ་ཡུམ་བུ་བླ་མཁར་སོགས་བཞེངས་པ་ལ་ལག་རྩལ་ཐད་ནས་རྨང་གཞི་ལེགས་པོ་བསྐྲུན། གཞན་ཡང་། སྟོད་སིལ་མའི་སྐབས་ཀྱི་མཁར་དང་ཁང་པ་ཕལ་མོ་ཆེ་ནི་འཐབ་འཁྲུག་གི་འཇིགས་པ་ཟློག་པ་དེ་དམིགས་སུ་བཟུང་ནས་བརྩིགས་པ་ཡིན་ན། མཁར་དང་ཁང་པ་སྲ་བརྟན་ཡིན་མིན་དེ་གནད་དོན་གལ་འགངས་ཆེ་བ་ཞིག་ཡིན་པས། རྩིག་པའི་རྒྱུ་ཆ་གཙོ་གྲས་ནི་རྡོ་རིགས་སྣ་ཚོགས་བྱེད་པ་ལས་ས་མཁར་དང་ཤིང་ཁང་ནི་གཏན་ནས་རྒྱག་མི་སྲིད།

བཞི་བ། སྤུར་རྒྱལ་བཙན་པོའི་སྐབས་ཀྱི་རྡོ་རྩིག་བྱུང་འཕེལ།

《ལྡེའུ་ཆོས་འབྱུང》ལས་“དེ་ནས་ཁད་ཀྱིས་རྒྱལ་ཕྲན་བཅུ་གཉིས་ཀྱི་སྙེན་པོ་མཛད་ནས། འགྲེང་མགོ་ནག་གི་རྗེ་དང་དུད་རྔོག་ཆགས་ཀྱི་རྐྱེན་དང་བདག་པོ་མཛད་”ཅེས་གསུངས་པ་ལྟར། སྤྱི་ལོའི་སྔོན་གྱི་༡༢༦ལོར་གཉའ་ཁྲི་བཙན་པོ་ཟེར་བའི་སྤུར་རྒྱལ་གྱི་བཙན་པོ་ཐོག་མ་དེ་ཡུལ་ཡར་ཀླུང་དུ་བྱོན་ཏེ། སུམ་པའི་བོན་པོ་ཨོ་ཡོང་རྒྱལ་བ་དང་སྣུབས་སྲིད་པ་ལྟ་བུའི་དགྲ་རྣམས་བཏུལ་བ་དང་། རྒྱལ་ཕྲན་སིལ་མ་མང་པོ་མངའ་འོག་ཏུ་བསྡུས་རྗེས། ཆབ་སྲིད་ཀྱི་ལྟེ་གནས་ལ་ཕོ་བྲང་ཡུམ་བུ་བླ་སྒང་བརྩིགས་ཤིང་། བོན་གཤེན་བསྟེན་གནས་ཀྱི་གསས་ཁང་ཐོག་མ་གཡུང་དྲུང་ལྷ་རྩེ་བྱ་བ་བཞེངས་ཏེ་རྒྱལ་ཁམས་ལུགས་བཞིན་བསྐྱངས་སོ། །

བོད་ཀྱི་ལོ་རྒྱུས་དེབ་ཐེར་ལ་ལར“མཁར་ལ་ཐོག་མ་ཡུམ་བུ་བླ་མཁར་”ཞེས་གསུངས་པ་ན། བོད་མི་མང་པོ་ཞིག་གིས་གཉའ་ཁྲིའི་སྔ་རོལ་དུ་བོད་ལ་མཁར་མེད་ཅིང་། རྗེ་འདི་པའི་དུས་ནས་མཁར་རྩིག་པའི་སྲོལ་དར་སྙམ་བཞིན་ཡོད་མོད། ཞིབ་ཏུ་བསམས་ན། གཉའ་ཁྲིའི་སྔོན་ལ་མཁར་རྩིག་པའི་སྲོལ་དང་ལག་རྩལ་མེད་ན། རིག་དར་རྒྱལ་ཁབ་ཀྱི་བཟོ་བོ་གདན་འདྲེན་མ་བྱས་པའི་གནས་ཚུལ་འོག་ཏུ། བོད་མིའི་ལག་རྩལ་དང་འཇོན་ཐང་ཁོ་ན་ལ་བརྟེན་ནས་རྔམ་བརྗིད་ལྡན་པའི་ཕོ་བྲང་དེ་འདྲ་ག་ལ་བཞེངས་ཐུབ་སྟེ་གཏན་ནས་མི་ཐུབ། དེ་བས་བོད་ལ་མཁར་རྩིག་པའི་སྲོལ་དེ་སྔ་མོ་ནས་ཡོད་པ་དང་། ཡུམ་བུ་བླ་སྒང་ནི་སྤུར་རྒྱལ་རྒྱལ་རབས་ཀྱི་ཕོ་བྲང་ཐོག་མར་རྩིས་ན་འགྲིག་པ་དང་། ལྟ་བ་འདི་ཉིད་ཡང་དག་པ་ཡིན་པ་《ཏུན་ཧོང་གཏེར་ཡིག》ལས་སྟོད་སིལ་མའི་སྐབས་གླེང་དུས“རྒྱལ་ཕྲན་ཡུལ་ཡུལ་ན། མཁར་བུ་རེ་རེ་གནསྟེ”ཞེས་གསུངས་པ་དང་། བོད་ལྗོངས་མཁར་རོ་ནས་ལོ་ངོ་ལྔ་སྟོང་ཡར་སྔོན་གྱི་རྡོ་རྩིག་ཐོག་ཁང་རྙེད་པ་དེས་ཀྱང་ར་སྤྲོད་གང་ལེགས་བྱེད་ཐུབ།

གཉའ་ཁྲི་བཙན་པོའི་རྗེས་སུ། སྤུར་རྒྱལ་བཙན་པོ་མང་པོས་རྒྱལ་ཁམས་ཐབས་ཀྱིས་སྐྱོང་བའི་དགོས་མཁོ་དང་བསྟུན་ནས། ཕོ་བྲང་དང་གཙུག་ལག་ཁང་མང་པོ་གསར་བཞེངས་གནང་། དཔེར་ན། རྒྱལ་རབས་བཅུ་པ་ཨེ་ཤོ་ལེགས་ཀྱིས་ཕོ་བྲང་འཕྱང་བ་སྟག་རྩེ་རྩིག་པ་དང་། གནམ་རི་སྲོང་བཙན་གྱིས་ཕོ་བྲང་ཁྲི་བརྩེགས་འབུམ་གདུགས་བརྩིགས། མཐའ་འདུལ་ཡང་འདུལ་གྱི་གཙུག་ལག་ཁང་བཅུ་གཉིས། དེ་མིན་རྒྱ་བཟའ་དང་བལ་བཟའ་གཉིས་ལ་རྫོང་སྐལ་དུ་ཐོབ་པའི་ཇོ་ཤྰཀ་རྣམ་གཉིས་ཀྱི་ལྷ་ཁང་བཞེངས་པའི་ཚེ། བལ་བཟའ་ཁྲི་བཙུན་གྱིས་བལ་བོའི་ཡུལ་གྱི་བཟོ་བོ་ཁག་ཅིག་བསྡུས་ཏེ་ར་ས་འཕྲུལ་སྣང་གི་གཙུག་ལག་ཁང་བཞེངས་པ་དང་། ལྦུན་ཁྲིན་ཀོང་ཇོས་རྒྱ་ནག་གི་བཟོ་བོ་སྐོར་ཞིག་བསྡུས་ཏེ་རྒྱ་སྟག་ར་མོ་ཆེ་བཞེངས། ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་གྱིས་རྒྱ་བོད་ལི་གསུམ་ནས་བཟོ་བོ་བཀུག་སྟེ། བཟོ་སྣ་བཅུ་གསུམ་གྱི་ཁྱད་ཆོས་ལྡན་པའི་བསམ་ཡས་གཙུག་ལག་ཁང་བཞེངས། མདོར་ན།པུར་རྒྱལ་བཙན་པོ་རིམ་བྱོན་གྱིས་མངའ་དབང་མཛད་སྐབས།སྔ་དུས་ཀྱི་རྩིག་བཟོའི་ཉམས་མྱོང་དང་ལེགས་ཆ་བསྡུས་ཏེ། སྐབས་བབ་རྩིག་པའི་སྤུས་ཀ་དང་བཟོ་བཀོད་ལག་རྩལ་ཇེ་མཐོར་བཏང་བས། གསར་དུ་བཞེངས་བའི་ཕོ་བྲང་དང་ལྷ་ཁང་རྣམས་སྔ་དུས་ཀྱི་རྩིག་པ་དང་བསྡུར་ན།བཟོ་བཀོད་གཅིག་ལས་གཅིག་ལྷག་པ་དང་། གཞི་ཁྱོན་གཅིག་ལས་གཅིག་ཆེ་བ་མ་ཟད། མི་རིགས་རང་གི་ཐུན་མོང་མ་ཡིན་པའི་ཤེས་རབ་དང་ལས་ལ་བརྩོན་པའི་ལག་ཟུང་ལ་བརྟེན་ནས་རྩིག་བཟོ་ལ་མི་རིགས་ཀྱི་ཁྱད་ཆོས་གཞན་དང་མི་འདྲ་བ་ཞིག་འཛོམས་པར་བྱས། ཁྱད་ཆོས་དེ་ནི་བོད་ལུགས་རྩིག་པའི་ཐུན་མིན་གྱི་བླ་སྲོག་ཡིན། གཞན་སྤུར་རྒྱལ་བཙན་པོ་རིམ་བྱོན་གྱིས་བོད་ལ་མངའ་དབང་མཛད་སྐབས་སྲིད་དབང་ལ་ཉམས་རྒུད་མེད་པ་དང་འབངས་མི་བདེ་ལ་བབས་པ་དང་། ཐོན་སྐྱེད་ཆུ་ཚད་མཐོ་རུ་ཕྱིན་པ་དང་དཔལ་འབྱོར་ཆ་རྐྱེན་ཇེ་ལེགས་སུ་སོང་བ་དང་བསྟུན་ནས། བོད་འབངས་སྐོར་ཞིག་རིམ་བཞིན་བྲག་རི་བཙན་ས་ནས་ཐང་ལ་བབས་ཏེ་གནས་བཅས།

ལྔ་བ། བོད་སིལ་མའི་སྐབས་ཀྱི་རྡོ་རྩིག་བྱུང་འཕེལ།

སྤྱི་ལོ༨༩༢ལོ་བོད་རྒྱལ་དར་མ་འུ་དུམ་བཙན་པོ་ལྷ་ཀླུང་དཔལ་རྡོར་གྱིསབཀྲོངས་རྗེས།བོད་ཀྱི་རྒྱལ་ཁམས་དེ་ཁ་འཐོར་དགུ་འཐོར་གྱི་ལམ་དུ་ཆས་ཤིང་། དེར་བསྟུན་འབངས་རྐྱེན་ལོག་དང་གདུང་རྒྱུད་ནང་འཁྲུག་བྱས་པ་ན།གདུང་རྒྱུད་སོ་སོས་བོད་ཁམས་བཅད་བཟུང་བྱས་པས་རྒྱལ་ཕྲན་སིལ་མ་མང་པོ་བྱུང་ལ། དེ་དག་ལས་སྙན་གྲགས་ཅུང་ཆེ་བ་ནི་ལྷ་སའི་རྒྱལ་རྒྱུད་དང་། མངའ་རིས་རྒྱལ་རྒྱུད། ཙོང་ཁའི་རྒྱལ་རྒྱུད་སོགས་ཡིན། འུ་དུམ་བཙན་གྱི་བཙུན་མོ་ཆུན་མའི་སྲས་གནམ་ལྡེ་འོད་སྲུང་ནི་སྤྱི་ལོ༨༡༣ལ་ཡར་ཀླུང་དུ་སྐུ་འཁྲུངས་ཤིང་།ཆེན་མའི་ཕྱོགས་དང་འགལ་ཏེ་མཐར་སྐྲོད་བྱས་པས། ལྷོ་ཁའི་ཡུམ་བུ་བླ་སྒང་བཟུང་སྟེ་མངའ་དབང་མཛད།ཁོང་གི་སྲས་མངའ་བདག་དཔལ་འཁོར་བཙན་སྤྱི་ལོ་༨༦༣ལ་འཁྲུངས་པ་དང་། སྤྱི་ལོ་༨༩༣ལ་འབངས་གྱེན་ལོག་ནང་སྟག་རྩེ་བཞེར་གྱིས་བཀྲོངས་པ་ན།དཔལ་འཁོར་བཙན་གྱི་བཙུན་མོ་ཆེན་ཆུན་གྱི་རིགས་སྲས་གཉིས་ཀྱང་ཕྱོགས་གཉིས་སུ་གྱེས་ཏེ། ཆེན་མའི་སྲས་སྐྱིད་ལྡེ་ཉི་མ་མགོན་མངའ་རས་ཕྱོགས་སུ་བྱོན་པ་ན། ལྷ་སྲས་འདི་ནི་སྤྱོད་པ་ལེགས་ཤིང་བློ་རིག་བཀྲ་བའི་ཁར་བཙན་པའི་གདུང་རྒྱུད་ཀྱང་ཡིན་པས། འབངས་རྣམས་མགུ་ནས་ཁོ་ཚོའི་རྗེ་བོར་མངའ་གསོལ། དེ་ནས་སྤུ་རེངས་སུ་སྐུ་མཁར་ཉི་མ་བཟངས་བྱ་བ་བརྩིགས་ཏེ་ཡུལ་དཔོན་མཛད། ཁོང་ལ་སྲས་གསུམ་བྱུང་བ་ལས་ཆེ་བ་དཔལ་ལྡེ་རིག་པ་མགོན་གྱི་རྒྱུད་པས་ལ་དྭགས་རྒྱལ་རབས་བཙུགས་པ་དང་། བར་པ་བཀྲ་ཤིས་ལྡེ་མགོན་གྱིས་སྤུ་རེངས་བཟུང་། ཆུང་བ་ལྡེ་གཙུག་མགོན་གྱིས་ཞང་ཞུང་བཟུང་སྟེ་ཕྱིས་ཀྱི་གུ་གེའི་རྒྱལ་རྒྱུད་བྱོན། ཁོང་གི་སྲས་སྲུང་ངེ་རབ་ཏུ་བྱུང་རྗེས་མཐོ་ལྡིང་དཔལ་གྱི་གཙུག་ལག་ཁང་བཞེངས།གཙང་སྟོད་ཡུལ་དུ་གྲོ་མ་པ་ལྷ་རྩེ་ལ་བཙན་མཁར་བྱས། འབྲོ་དང་ཅོག་རོ་གཉིས་ཀྱི་རུས་རྒྱུད་ཀྱིས་ཡུལ་དཔོན་མཛད།མྱང་དང་སྣང་གི་རུས་རྒྱུད་ཀྱིས་རྗེ་དཔོན་མཛད།འཕན་ཡུལ་ཟ་གང་དུ་ཟྭ་དང་དོམ་པ་བཙན་པོའི་མཁར་བྱས། སྒྲོ་དང་རྨ་ཡི་རུས་རྒྱུད་ཀྱིས་རྗེ་དཔོན་མཛད། ཡར་ལུང་སྟོད་དུ་སྣ་མི་ཡར་རྩེ་མར་རྩེ་གཉིས་ལ་བཙན་མཁར་བྱས།མཆིམས་དང་གཉགས་ཀྱི་རྒྱུད་པས་རྗེ་དཔོན་མཛད།ལྷོ་བྲག་གཏམ་ཤུལ་ལ་བྱ་ཚང་གུང་སྣང་དུ་བཙན་མཁར་བྱས། སྙི་བ་དང་ཤུད་པུའི་རུས་རྒྱད་ཀྱིས་རྗེ་བོ་མཛད། འཆོས་སུ་ཁུ་གུད་ཅོ་མཁར་ལ་བཙན་མཁར་བྱས། ཁུ་དང་གཉགས་ཀྱི་རྒྱུད་པས་རྗེ་དཔོན་མཛད། གཞན་ཡང་གནམ་ལྡེ་འོད་སྲུང་གི་རྒྱུད་པ་ནི་བྱང་འབྲོག་དང་མདོ་སྨད་དུ་ཕེབས་ཏེ་རྒྱལ་ཕྲན་རེ་བཙུགས་ཏེ་ཡུལ་དཔོན་བྱས་པའང་མང་།

མདོར་ན། བོད་ཁམས་སིལ་བུར་ཐོར་རྗེས། རྒྱལ་ཕྲན་སིལ་མའི་འགོ་དཔོན་དུ་གྱུར་པའི་ཡུལ་དཔོན་ལ་ལས་ཡུམ་བུ་བླ་སྒང་དང་འཕྱིང་བ་སྟག་རྩེ་སོགས་མཁར་རྙིང་རྣམས་བཟུང་ནས་རང་མགོ་བསྐྱངས། ལ་ལས་སྐུ་མཁར་ཉི་བཟངས་སོགས་བརྩིགས་ནས་བཟུང་།ཡིན་ནའང་། ཡུལ་དཔོན་མང་བོའི་མངའ་འོག་ན་དུད་ཁྱིམ་ཉུང་བ་མ་ཟད་སྟོབས་འབྱོར་ཞན་པ་ན། རྔ་ལ་སྐུ་མཁར་སྤུས་ལེགས་རེ་བརྩིགས་མ་ཐུབ་པས། དུས་ཀྱི་འཕོ་འགྱུར་ཁྲོད་དུ་རིམ་གྱིས་འཇིག་སྟེ་ད་ལྟ་མཁར་རོ་ཙམ་དང་མཁར་ཤུལ་ཙམ་ལས་མི་འདུག དེ་དག་གི་ཁྲོད་དུ་ཉམས་འཇིག་ཆེན་པོ་མ་ཐེབས་པར་ད་ལྟའང་མཇལ་རྒྱུ་ཡོད་པ་ནི་མངས་རིས་ཀྱི་གུ་གེའི་རྒྱལ་མཁར་དང་ལྷོ་ཁའི་འབངས་བརྩིགས་ཕོ་བྲང་དེ་གཉིས་ཡིན།

དྲུག་པ། བསྟན་པ་ཕྱི་དར་སྐབས་ཀྱི་རྡོ་རྩིག་བྱུང་འཕེལ།

བསྟན་པ་སྔ་དར་དང་ཕྱི་དར་ཟེར་བ་དེ་ནི་ཐུབ་པའི་བསྟན་པ་གངས་ཅན་ལྗོངས་ལ་དར་སྔ་ཕྱི་གཉིས་ཀྱི་དུས་རིམ་ལ་ཟེར་ཞིང་། ལྷ་སྲས་འུ་དུམ་བཙན་པོས་སངས་རྒྱས་བསྟན་པ་བསྣུབས་ནས་ཡུན་རིང་འགོར་བ་ན། བླ་ཆེན་དགོངས་པ་རབ་གསལ་གྱི་སྡོམ་རྒྱུན་དབུས་གཙང་ཕྱོགས་ལ་སྤེལ་བ་དང། ལྷ་བླ་མ་ཡེ་ཤེས་འོད་ཀྱི་ཐུགས་བཀོད་ལྟར་ལོ་ཆེན་རིན་བཟང་བོ་འཕགས་པའི་ཡུལ་ལ་ཕེབས་ཏེ། སྡེ་སྣོད་གསུམ་དང་ལོ་ཙཱ་བཅས་ལ་ལེགས་པར་སྦྱངས་ཏེ་བོད་ལ་ལོག་རྗེས་པཎྜི་ཏ་དུ་མ་སྤྱན་དྲངས་ནས་བཀའ་ཆོས་མང་དུ་བསྒྱུར་བ་དང་། ལྷ་བླ་མ་བྱང་ཆུབ་འོད་ཀྱིས་ཇོ་བོ་ཨ་ཏི་ཤ་གདན་དྲངས་ནས་བསྟན་པར་དག་ཐེར་དང་དར་རྒྱས་ཡོང་བར་མཛད་པ་ན། གངས་ཅན་ལྗོངས་སུ་ཐུབ་པའི་བསྟན་པ་སླར་ཡང་དར་མགོ་བརྩམས། འདིའི་རྗེས་ཀྱི་ཐུབ་བསྟན་འཕེལ་རིམ་ལ་བསྟན་པ་ཕྱི་དར་ཟེར།

བསྟན་པ་ཕྱི་དར་གྱི་དུས་སྟོད་ལ། བོད་ཀྱི་མཁས་པ་མང་པོས་གདན་ས་བཟུང་སྟེ་བསྟན་པ་སྤེལ་བ་ན། རྙིང་མ་བ་དང་བཀའ་གདམས་པ། བཀའ་བརྒྱུད་པ། སྐྱ་བ་སོགས་གྲུབ་མཐའ་མང་པོ་བྱུང་བ་དང་། གྲུབ་མཐའ་དེ་རྣམས་སྤེལ་སྐབས་དགོན་པ་འདེབས་པ་ནི་བསྟན་འཛིན་རྣམས་ཀྱི་བརྩོན་ཡུལ་གལ་ཆེན་ཞིག་ཏུ་གྱུར་བས། བོད་ཡུལ་དུ་དགོན་སྡེ་འདེབས་པའི་ཚ་རླབས་ཤིག་འཕྱུར། ལྷག་པར། སྨད་སིལ་མའི་རྗེས་སུ་བྱུང་བའི་ས་སྐྱའི་སྲིད་དབང་དང་། ཕག་གྲུའི་སྲིད་དབང་། དགའ་ལྡན་ཕོ་བྲང་གི་སྲིད་དབང་བཅས་ཀྱི་སྲིད་འཛིན་པ་ནི་ཆོས་ལུགས་པས་བྱས་པ་ན། དགོན་སྡེ་འདེབས་པ་ལ་ཆབ་སྲིད་ཐད་ཀྱི་དགོས་མཁོ་དང་མཐུན་རྐྱེན་སྔ་ན་མེད་པ་བྱུང་བས། བོད་ཡུལ་དུ་དགོན་སྡེ་འདེབས་མཁན་སྔར་ལས་ཇེ་མང་ལ་སོང་བ་མ་ཟད། སྔར་གྱི་བཙན་པོའི་ཕོ་བྲང་ཀྱང་དགོན་པར་བསྒྱུར། འདི་ལ་གཞིགས་ན། བསྟན་པ་ཕྱི་དར་ནི་བོད་མིས་དགོན་སྡེ་བཞེངས་པའི་དུས་རིམ་རིང་མོ་ཞིག་རེད་ཅེས་བརྗོད་ཆོག་པ་འདྲ།

ཀ རྙིང་མའི་དགོན་སྡེའི་བྱུང་འཕེལ་བཤད་པ།

དུས་རབས་བརྒྱད་པའི་སྐབས་སུ། སློབ་དཔོན་པདྨ་འབྱུང་གནས་དང་། དྷརྨ་ཀིརྟི་སོགས་ལ་བསྟེན་ནས། ལོ་ཙཱ་དག་གིས་བསྒྱུར་བའི་རྒྱུད་སྡེ་མང་པོ་དང་། ཁྱད་པར་ཀུན་བྱེད་རྒྱལ་པོ་དང་། མདོ་དགོངས་འདུས། སྒྱུ་འཕྲུལ་སྡེ་བརྒྱད། ཁྲོ་བོ་ཟླ་གསང་ཐིག་ལེ། ཕུར་བ་སོགས་ལྟ་བུ་ནི་སྔགས་རྙིང་མ་ཡིན་ལ། ལོ་ཆེན་རིན་བཟང་། འབྲོག་མི་ལོ་ཙཱ་བ། སྨྲྀ་ཏི་ཛྙ་ན་ཀིརྟི་སོགས་ཀྱིས་བསྒྱུར་བ་ནས་བཟུང་སྔགས་གསར་མ་ཞེས་པའི་ཐ་སྙད་བྱུང་བ་ཡིན།

དང་ཐོག སྔ་འགྱུར་རྙིང་མའི་རིང་ལུགས་འཛིན་མཁན་རྣམས་ཀྱིས་སྒྲུབ་པ་ཉམས་ལེན་ལ་འབད་པ་ལས་དགོན་སྡེ་འདེབས་པ་ལ་མཐོང་ཆེན་དེ་ཙམ་མ་བྱས་པ་ན། ཚོགས་པ་སྐྱོང་བའི་ཐད་ལ་གྲུབ་འབྲས་དེ་ཙམ་མ་བྱུང་། རྗེས་སུ། གསང་སྔགས་གསར་མ་བྱུང་རྗེས། བཀའ་གདམས་པ་དང་། ས་སྐྱ་བ། བཀའ་བརྒྱུད་པ་སོགས་ཀྱིས་དགོན་སྡེ་བཏབ་སྟེ་བསྟན་པ་སྤེལ་བ་ན། གྲུབ་མཐའ་རེ་རེར་མ་དགོན་བུ་དགོན་གྱིས་གྲུབ་པའི་དགོན་སྡེ་མ་ལག་ཅན་ཞིག་ཡོད་པར་གྱུར། གནས་ཚུལ་འདི་འདྲའི་འོག་ཏུ། དུས་རབས་བཅུ་གཅིག་པའི་སྐབས་སུ། ཟུར་མེས་དབོན་རྣམ་གསུམ་གྱིས་གདན་ས་བཟུང་སྟེ་ཚོགས་པ་བསྐྱངས་ཤིང་རྒྱུད་ཀྱི་བཤད་གྲྭ་དང་སྒྲུབ་གནས་ཆེན་པོ་མཛད་ནས། སྔ་འགྱུར་རྙིང་མའི་དགོན་པ་རང་རྐྱ་འཕེར་བའི་ངང་ནས་འཕེལ་རྒྱས་སུ་འགྲོ་བར་རྨང་གཞི་བཟང་པོ་བྱུང་བས། ཆོས་འབྱུང་མང་པོར”ཟུར་པོ་ཆེ་ཤྰཀྱ་འབྱུང་གནས་ཀྱིས་བསྟན་པ་ཕྱི་དར་ལ་སྔ་འགྱུར་གྱི་བསྟན་པའི་རྩ་བ་བཙུགས། ཟུར་ཆུང་བ་ཤེས་རབ་གྲགས་ཀྱིས་ཡལ་ག་བསྐྱངས། ཟུར་ཤཱཀྱ་སེངྒེས་ལོ་འབྲས་རྒྱས་པར་མཛད་”ཅེས་གསུངས་པ་ཡིན། དེ་རྗེས་རོང་ཟོམ་པ་ཆོས་ཀྱི་བཟང་པོ་དང་ཀློང་ཆེན་རབ་འབྱམས་པ་ཚུལ་ཁྲིམས་བློ་གྲོས་བྱོན་ནས་འགྲོ་དོན་རྒྱ་ཆེན་མཛད་པ་ན། སྔ་འགྱུར་རྙིང་མའི་བསྟན་པ་ཉིན་མོ་ལྟར་སྣང་བར་གྱུར།

གསང་ཆེན་རྙིང་མའི་རིང་ལུགས་འཛིན་པའི་དགོན་སྡེ་ནི། སྟོད་མངའ་རིས་ནས་སྨད་མདོ་ཁམས་བར་དུ་ཇི་ཙམ་བྱུང་བ་ཞིབ་ཏུ་བརྗོད་དགོས་ན་དཀའ་ཁག་ཆེ་བས། དེ་དག་ལས་གྲགས་ཆེ་བ་རྣམས་དྲངས་ན་འདི་ལྟ་སྟེ། དབུས་གཙང་ཕྱོགས་སུ་སྔ་འགྱུར་བསྟན་པའི་སྲོག་ཤིང་ལྟ་བུའི་དགོན་སྡེ་ཆེན་པོ་གཉིས་ནི་རྡོར་སྨིན་གཉིས་སུ་གྲགས་པ་དེ་ཡིན། དེ་ལས་ཐུབ་བསྟན་རྡོ་རྗེ་བྲག་ནི་རབ་བྱུང་བཅུ་བའི་དུས་སུ་རྙིང་མའི་བླ་མ་བཀྲ་ཤིས་སྟོབས་རྒྱལ་གྱིས་བཏབ་ཅིང་། རྗེས་སུ་ཇུན་གུར་དམག་གིས་མེ་བརྒྱབ་ནས་བསྲེགས་ཀྱང་སླར་ཡང་ཉམས་གསོ་བྱས། རྡོ་བྲག་གི་དགོན་ལག་ནི་དབུས་གཙང་དང་། སི་ཁྲོན། མཚོ་སྔོན། ཡུན་ནན་བཅས་སུ་ཁྱབ་པ་ལས་གཞན་རྒྱ་གར་དང་འབྲས་ལྗོངས། བལ་པོ། ལྷོ་འབྲུག་སོགས་སུའང་ཁྱབ་བརྡལ་ཆེའོ།། དེ་ལས་ཨོ་རྒྱན་སྨིན་གྲོལ་གླིང་ནི་བོད་ལྗོངས་གྲ་ནང་རྫོང་ན་ཡོད་ལ། རབ་བྱུང་བཅུ་གཅིག་པའི་མེ་འབྲུག་ལོ་སྟེ་སྤྱི་ལོ་༡༦༧༦ལོར་རིག་འཛིན་གཏེར་བདག་གླིང་པས་ཕྱག་འདེབས་གནང་།

མདོ་ཁམས་ཕྱོགས་སུ་རྙིང་མའི་དགོན་སྡེ་ཅུང་མང་ལ། དེའི་ཁྲོད་གྲགས་པ་ཆེས་ཆེ་བ་ནི་ཀ་དཔལ་རྫོགས་གསུམ་དང་ཞེ་ཆེན་སོགས་ཁམས་ཕྱོགས་ཀྱི་ཆོས་སྡེ་རྣམས་ནི་སྔ་འགྱུར་བསྟན་པའི་འབྱུང་གནས་ལྟ་བུར་མངོན། དེ་དག་ལས་ཀ་ཐོག་རྡོ་རྗེ་གདན་ནི་རབ་བྱུང་གསུམ་པའི་ས་མོ་ཡོས་ཏེ་སྤྱི་ལོ་༡༡༥༩ལ་བཏབ་པ་དང་། ཕྱག་འདེབས་གནང་མཁན་ནི་དམ་པ་བདེ་གཤེགས་རེད། ཆོས་གྲྭ་འདི་ནི་སྔ་འགྱུར་བསྟན་པའི་ཆུ་འགོ་ཆེན་པོ་ཞིག་ཡིན་པས། དེ་ལ་བོད་ལྗོངས་དང་། མཚོ་སྔོན། ཟི་ཁྲོན། ཡུན་ནན། དེ་མིན་རྒྱ་གར་དང་ཕྱི་སོག་སོགས་ན་བུ་དགོན་ཆིག་བརྒྱ་བཞི་བཅུ་ལྷག་ཡོད་དོ།། རྫོགས་ཆེན་དགོན་ནམ་ཨོ་རྒྱན་བསམ་གཏན་ཆོས་གླིང་ནི་རབ་བྱུང་བཅུ་གཅིག་པའི་ཤིང་གང་ལོ་སྟེ་སྤྱི་ལོ༡༦༨༥ལ་བཏབ། ཕྱག་འདེབས་གནང་མཁན་ནི་རྫོགས་ཆེན་པད་མ་རིག་འཛིན་ཡིན་ལ། དགོན་པ་རྒྱས་དུས་གྲྭ་པ་ཆིག་སྟོང་སུམ་བརྒྱ་ལྷག་དང་བུ་དགོན་ཆིག་བརྒྱ་ལྷག་ལ་སོན་ཡོད། དཔལ་ཡུལ་རྣམ་རྒྱལ་བྱང་ཆུབ་གླིང་ནི་རབ་བྱུང་བཅུ་གཅིག་པའི་ཤིང་ཡོས་ལོ་སྟེ་སྤྱི་ལོ༡༦༧༥ལ་བཏབ། ཕྱག་འདེབས་གནང་མཁན་ནི་རིག་འཛིན་ཀུན་བཟང་ཤེས་རབ་ཡིན་ལ། དགོན་སྡེ་རྒྱས་དུས་བུ་དགོན་དྲུག་བརྒྱ་ལྷག་ལ་སོན་ཡོད།

ཁ། བཀའ་གདམས་པའི་དགོན་སྡེ་བྱུང་འཕེལ་བཤད་པ།

བཀའ་སྡེ་སྣོད་གསུམ་གྱི་དོན་ཐམས་ཅད་མ་ལུས་པར་ཨ་ཏི་ཤའི་གདམས་པ་སྐྱེས་བུ་གསུམ་གྱི་ལམ་རིམ་དུ་བསྡུས་ནས་ཉམས་སུ་ལེན་པས་ན་བཀའ་གདམས་པ་ཞེས་བརྗོད་པ་ཡིན། བཀའ་གདམས་པ་ནི་བསྟན་པ་ཕྱི་དར་སྐབས་སུ་བྱུང་བའི་གྲུབ་མཐའ་ཐོག་མ་ཡིན། དེ་ཉིད་ཇོ་བོ་རྗེ་ཨ་ཏི་ཤ་ནས་འགོ་བཟུང་བ་དང་། འབྲོམ་སྟོན་པ་རྒྱལ་བའི་འབྱུང་གནས་ཀྱིས་སྲོལ་ཕྱེ། པོ་ཏོ་བ་རིན་ཆེན་གསལ་དང་། ཕུ་ཆུང་བ་གཞོན་ནུ་རྒྱལ་མཚན། སྤྱན་སྔ་བ་རིན་ཆེན་འབར་སོགས་ཀྱི་འཕྲིན་ལས་ཀྱི་ཀློང་རྡོལ་བ་ནི་རིམ་གྱིས་ཁྱབ་བརྡལ་དུ་བཏང་། གྲུབ་མཐའ་འདི་ཉིད་བྱུང་བ་ས་བཟུང་བོད་ལ་དར་བའི་ལོག་ཆོས་སྣ་ཚོགས་རྩ་བ་ནས་ཉམས་པ་དང་། ཐུབ་པའི་རྣམ་པར་དག་པ་དེ་སླར་ཡང་གངས་རིའི་ལྗོངས་ལ་དར་མགོ་བརྩམས། གྲུབ་མཐའ་འདིའི་དགོན་སྡེ་བྱུང་ལུགས་ནི་འདི་ལྟ་སྟེ། རབ་བྱུང་དང་པོའི་མེ་བྱ་ལོ་སྟེ་སྤྱི་ལོ༡༠༥༧ལ་འབྲོམ་སྟོན་པས་རྭ་སྒྲེང་བཏབ། པོ་ཏོ་བ་རིན་ཆེན་གསལ་གྱིས་པོ་ཏོ་དགོན་ཕྱག་འདེབས་གནང་། རབ་བྱུང་གཉིས་པའི་ཆུ་བྱ་ལོ་སྟེ་སྤྱི་ལོ༡༠༩༣ལ་སྤྱན་སྔ་ཚུལ་ཁྲིམས་འབར་གྱིས་ལོ་ཡི་ལྷ་ཁང་བཞེངས་འགོ་བཙུགས་པ་དང་། གླང་རི་ཐང་བ་རྡོ་རྗེ་སེང་གེས་གླང་ཐང་དགོན་པ་ཕྱག་འདེབས་མཛད། རབ་བྱུང་དང་པོའི་ཆུ་གླང་ལོར་རྔོག་ལེགས་པའི་ཤེས་རབ་ཀྱིས་གསང་ཕུ་ནེའུ་ཐོག་བཏབ། རབ་བྱུང་གསུམ་པའི་ཆུ་བྱ་ལོ་སྟེ་སྤྱི་ལོ་༡༡༥༣ལ་གཏུམ་སྟོན་བློ་གྲོས་གྲགས་པས་སྣར་ཐང་དགོན་པ་བཏབ། དེ་མིན། ཨ་ཏི་ཤའི་སློབ་མ་ཡང་སློབ་རྣམས་ཀྱིས་ད་དུང་འཆད་ཁ་དགོན། སྤྱིལ་བུ་དགོན། བྱ་ཡུལ་དགོན། ཀམ་ཀམ་དགོན། རིན་ཆེན་སྒང་སོགས་བཏབ་སྟེ། ལོ་ངོ་བརྒྱ་ཕྲག་དུ་མར་བསྟན་སྤེལ་བ་ན། བསྟན་པ་འཛིན་མཁན་གྱིས་བོད་ཡུལ་གྱི་ཡུལ་གྲུ་མང་པོ་ཁྱབ་པར་གྱུར། དེའི་རྗེས་སུ། རྗེ་བློ་བཟང་གྲགས་པས་འབྲོག་རི་བོ་དགེ་ལྡན་པའི་གྲུབ་མཐའི་སྲོལ་གཏོད་པ་དང་བསྟུན་ནས། བཀའ་གདམས་པ་ནི་དགེ་ལུགས་པར་འཐིམ་སྟེ་གྲུབ་མཐའ་ཡན་གར་བ་ཞིག་མེད་པར་གྱུར།

ག སྐྱ་བའི་དགོན་སྡེའི་བྱུང་འཕེལ་བཤད་པ།

དེ་ཡང་འཁོན་གྱི་གདུང་རིགས་ལས་དཔལ་ལྡན་སྐྱ་བ་བྱུང་། དེ་ལས་བྱུང་བའི་ཆོས་ལུགས་ལ་དཔལ་ལྡན་ས་སྐྱ་བའི་ཆོས་རྒྱུད་ཅེས་ཡོངས་སུ་གྲགས་པ་ཡིན། ས་སྐྱ་ཞེས་པ་ནི་ས་མིང་ཞིག་ཡིན་ལ། བོད་རབ་བྱུང་དང་པོའི་ཆུ་གླང་ལོ་སྟེ་སྤྱི་ལོ་༡༠༧༣ལོར་འཁོན་དཀོན་མཆོག་རྒྱལ་པོས་གཞིས་རྩེའི་ལྷོ་ནུབ་ཀྱི་ས་སྐྱ་བོ་དེར་དགོན་པ་ཕྱག་འདེབས་མཛད་པ་ན་ས་མིང་ཆོས་མིང་དུ་གྱུར་ཏེ། དགོན་པ་དེ་ལ་ས་སྐྱ་དགོན་པ་ཞེས་འབོད་མགོ་བརྩམས། དུས་རབས་བཅུ་བཞི་བའི་དུས་སྟོད་ཙམ་ལ། ས་སྐྱ་བླ་བྲང་ནི་སོ་སོར་གྱེས་ཏེ། བཞི་ཐོག་བླ་བྲང་དང་། རིན་ཆེན་སྒང་། ལྷ་ཁང་བླ་བྲང་། དུས་མཆོད་བླ་བྲང་བཅས་བཞི་བྱུང་ངོ་༎ ས་སྐྱ་བའི་ཆོས་རྒྱུད་འཛིན་པའི་གཙོ་བོ་ལ། མདོ་ཕྱོགས་ཀྱི་བསྟན་འཛིན་གཡག་རོང་གཉིས་དང་། སྔགས་ཕྱོགས་ལ་ངོར་རྫོང་གཉིས་ཞེས་གྲགས། མདོ་ཕྱོགས་ཀྱི་ཆོས་རྒྱུད་འཛིན་མཁན་ཁྲོད་དུ། རོང་སྟོན་སྨྲ་བའི་སེང་གེས་རབ་བྱུང་བདུན་པའི་ཤིང་ཡོས་ལོ་སྟེ་སྤྱི་ལོ་༡༩༣༥ལ་འཕན་པོ་ན་ལེནྡྲའི་དགོན་པ་བཏབ། རབ་འབྱམས་པ་སངས་རྒྱས་འཕེལ་གྱིས་རང་བྱུང་བརྒྱད་པའི་ས་སྦྲུལ་ལོ་སྟེ་སྤྱི་ལོ་༡༤༤༩ལ་འབྲས་ཡུལ་སྐྱེད་ཚལ་ཕྱག་འདེབས་མཛད། རབ་བྱུང་བརྒྱད་པའི་ཆུ་སྦྲུལ་ལོ་སྟེ་སྤྱི་ལོ་༡༤༧༣ལ་གོ་བོ་རབ་འབྱམས་པ་བསོད་ནམས་སེང་གེས་གཙང་རྟ་ནག་ཐུབ་བསྟན་དར་རྒྱས་གླིང་ཕྱག་འདེབས་མཛད། རྗེས་སུ་བཤད་གྲྭ་དར་རྒྱས་སུ་སོང་བ་ན། དཔལ་ས་སྐྱའི་ལྷ་ཁང་ཆེན་མོའི་མཚན་ཉིད་གྲྭ་ཚང་ཡང་འདིའི་བཤད་རྒྱུན་ལས་བྱུང་བ་དང་། དགོན་ལག་ཀྱང་མང་དུ་འཕེལ། སྔགས་ཕྱོགས་ཀྱི་ཆོས་བརྒྱུད་འཛིན་མཁན་རྣམས་ལས་ངོར་ཆེན་ཀུན་དགའ་བཟང་པོས་རབ་བྱུང་བདུན་པའི་ས་བྱ་ལོ་སྟེ་སྤྱི་ལོ་༡༤༢༩ལ་ཨེ་ལྦཾ་ཆོས་ལྡན་ཕྱག་འདེབས་མཛད། ཐུ་སྟོན་ཀུན་དགའ་རྣམ་རྒྱལ་ཀྱིས་རབ་བྱུང་བརྒྱད་པའི་ཤིང་སྦྲེལ་ལོ་སྟེ་སྤྱི་ལོ་༡༤༦༤ལ་གོང་རྡོ་རྗེ་གདན་ཕྱག་འདེབས་མཛད། སྡེ་དགེ་རྒྱལ་རབས་ཞེ་གཅིག་པ་འཇམ་དཔལ་ཕུན་ཚོགས་ཀྱི་དུས་སུ་གྲུབ་ཐོབ་ཐང་སྟོང་རྒྱལ་པོ་དང་བོ་ཐར་བཀྲ་ཤིས་སེང་གེ་མཆོད་ཡོན་གྱིས་ལྷུན་གྲུབ་རྩེ་ཕྱག་འདེབས་མཛད།

ས་སྐྱ་བ་ཧ་ཅང་དར་བའི་སྐབས་སུ། ས་སྐྱའི་ཆོས་སྡེ་ཆེན་པོ་ལ་དགོན་ལག་དང་ཡང་ལག་གི་ཚུལ་དུ་སོག་ཡུལ་དང་རྒྱ་ཡུལ། ཁམས་དང་ཨ་མདོ། དབུས་གཙང་སོགས་སུ་ས་སྐྱའི་ཆོས་སྡེ་མང་པོ་བཞུགས།། འོན་ཀྱང་། ས་སྐྱའི་སྲིད་དབང་ཉམས་པ་དང་བསྟུན་ནས་དགོན་སྡེ་མང་པོ་ཉམས་པའམ་གྲུབ་མཐའ་གཞན་ལ་འཐིམ་སྟེ། ད་ལྟ་གྲངས་འབོར་ཆེན་པོ་མི་འདུག

ང་། བཀའ་བརྒྱུད་ཀྱི་དགོན་སྡེའི་བྱུང་འཕེལ་བཤད་པ།

སྤྱིར་བཀའ་བརྒྱུད་པ་ཞེས་མིང་དུ་གྲགས་པའི་གདགས་གཞི་ནི་སྒྲུབ་པའི་བཀའ་བབས་ཀྱི་ཁྱད་པར་ལས་བཀའ་བརྒྱུད་ཅེས་ཡོངས་སུ་གྲགས་པ་འཐད་དེ། བཀའ་བབས་ཀྱི་གདམས་པའི་བརྒྱུད་འཛིན་ཡིན་པས་དེ་སྐད་སུ་གྲགས་སོ། །

དེ་ཡང་དཔལ་མཉམ་མེད་མར་པ་ཆོས་ཀྱི་བློ་གྲོས་དང་། ཐུགས་ཀྱི་སྲས་མཆོག་མི་ལ་བཞད་པའི་རྡོ་རྗེ། ཡང་སློབ་བཀའ་ཕྱག་ཆུ་བོ་གཅིག་འདྲེས་ཀྱི་མཛོད་འཛིན་རྗེ་སྒམ་པོ་བ་གསུམ་ནི་བཀའ་བརྒྱུད་གོང་མ་རྣམ་གསུམ་ཞེས་སྒྲུབ་བརྒྱུད་བསྟན་པའི་བདག་པོ་ཡིན་ལ། བཀའ་བརྒྱུད་ཆེ་བཞི་ཆུང་བརྒྱད་ཀྱང་འདི་གསུམ་གྱི་བརྒྱུད་འཛིན་གསེར་རིའི་ཕྲེང་ཚོགས་ལྟར་འཕེལ་བ་ཡིན་ནོ། །

བཀའ་བརྒྱུད་པ་ལ་དགོན་སྡེ་བྱུང་ཚུལ་ནི་འདི་ལྟ་སྟེ། རབ་བྱུང་གཉིས་པའི་ལྕགས་གླང་ལོ་སྟེ་སྤྱི་ལོ་༡༡༢༡ལ་མི་ལ་རས་པའི་སློབ་མ་དྭགས་པོ་ལྷ་རྗེས་དྭགས་ལྷ་སྒམ་པོ་བཏབ་སྟེ་གནས་གཞི་བཟུང་བ་ན་དྭགས་པོ་བཀའ་བརྒྱུད་ཀྱི་ཆོས་ལུགས་བྱུང་། ཆོས་སྡེ་འདི་ནི་བཀའ་བརྒྱུད་བསྟན་པའི་མ་དགོན་ཡིན་ལ། ཤངས་པ་བཀའ་བརྒྱུད་མ་གཏོགས་བཀའ་བརྒྱུད་གཞན་ཀུན་འདི་ལས་གྱེས། རབ་བྱུང་གཉིས་པའི་ཆུ་སྟག་ལོ་སྟེ་སྤྱི་ལོ་༡༡༢༢ལ་མཁས་གྲུབ་ཁྱུང་པོ་རྣལ་འབྱོར་གྱིས་ཤངས་གཞོང་གཞོང་དགོན་པ་བཏབ་སྟེ་གནས་གཞི་བཟུང་བ་དང་། ལོ་གསུམ་གྱི་རིང་ལ་དགོན་པ་བརྒྱ་རྩ་བརྒྱད་བཏབ་པ་ན་ཤངས་པ་བཀའ་བརྒྱུད་བྱུང་། དེ་ནས་ལོ་ཉེར་ལྔ་སོང་བའི་རབ་བྱུང་གསུམ་པའི་མེ་ཡོས་ལོ་སྟེ་སྤྱི་ལོ་༡༡༤༧ལ་ཀརྨ་དུས་གསུམ་མཁྱེན་པས་ཁམས་རི་བོ་ཆེར་ཀརྨ་གདན་ས་བཏབ་པ་དང་། དེ་ན་སླར་ཡང་ལོ་བཞི་བཅུའི་རྗེས་སུ་མཚུར་ཕུ་དགོན་པ་བཏབ་པས་ཀརྨ་བཀའ་བརྒྱུད་ཀྱི་ཆོས་ལུགས་བྱུང་། ཀརྨ་གདན་ས་བཏབ་ནས་ལོ་གཅིག་སོང་བའི་རབ་བྱུང་གསུམ་པའི་སྟག་ལོ་སྟེ་སྤྱི་ལོ་༡༡༥༨ལ་དྭགས་པོ་ལྷ་རྗེའི་སློབ་མ་ཕག་མོ་གྲུ་པ་རྡོ་རྗེ་རྒྱལ་པོས་ཕག་མོ་གྲུ་པའི་དགོན་པ་བཏབ་སྟེ་་གནས་གཞི་བཟུང་བ་ན། ཕག་གྲུའི་བཀའ་བརྒྱུད་ཀྱི་ཆོས་ལུགས་བྱུང་། དེ་ནས་ལོ་གཉིས་སོང་བའི་རབ་བྱུང་གསུམ་པའི་ལྕགས་འབྲུག་ལོ་སྟེ་སྤྱི་ལོ་༡༡༦༠ལ་ཕག་མོ་གྲུ་པའི་སློབ་མ་འབའ་རོམ་པ་དར་མ་དབང་ཕྱུག་གིས་ནག་ཆུ་ཁུལ་དུ་འབའ་རོམ་རིན་པོ་ཆེ་དགོན་པ་བཏབ་སྟེ་གནས་གཞི་བཟུང་བ་ན་འབའ་རོམ་བཀའ་བརྒྱུད་ཀྱི་ཆོས་ལུགས་བྱུང་། དེ་ནས་ལོ་བཅོ་ལྔ་སོང་བའི་རབ་བྱུང་གསུམ་པའི་ཤིང་ལུག་ལོ་སྟེ་སྤྱི་ལོ་༡༡༧༥ལ་དྭགས་པོ་ལྷ་རྗེའི་སློབ་མ་དྭགས་སྒོམ་ཚུལ་ཁྲིམས་སྙིང་པོའི་དངོས་སློབ་གུང་ཐང་བླ་མ་བརྩོན་འགྲུས་གྲགས་པས་ཚལ་གྱི་དགོན་པ་བཏབ་སྟེ་གནས་གཞི་བཟུང་བ་ན་ཚལ་པ་བཀའ་བརྒྱུད་ཀྱི་ཆོས་ལུགས་བྱུང་། གོང་གི་དྭགས་པོ་བཀའ་བརྒྱུད་ནས་གྱེས་པའི་ཀརྨ་བཀའ་བརྒྱུད་དང་། ཕག་གྲུ་བཀའ་བརྒྱུད། ཚལ་པ་བཀའ་བརྒྱུད། འབའ་རོམ་བཀའ་བརྒྱུད་བཞི་ལ་བཀའ་བརྒྱུད་ཆེ་བཞི་ཟེར།

བཀའ་བརྒྱུད་ཆུང་བརྒྱད་ནི་ཕག་གྲུ་བཀའ་བརྒྱུད་ལས་གྱེས་པ་ཡིན་ལ། རབ་བྱུང་གསུམ་པའི་མེ་སྟག་ལོ་སྟེ་སྤྱི་ལོ་༡༡༦༧ལ་ཕག་གྲུའི་སློབ་མ་འགྲོ་མགོན་སྨར་བ་ཤེས་རབ་ཡེ་ཤེས་ཀྱིས་བར་ཁམས་སུ་ཤོ་དགོན་པ་བཏབ་སྟེ་གནས་གཞི་བཟུང་བ་ན་སྨར་བ་བཀའ་བརྒྱད་ཀྱི་ཆོས་ལུགས་བྱུང་། དེ་ནས་ལོ་ངོ་བཞི་སོང་བའི་རབ་བྱུང་གསུམ་པའི་ལྕགས་ཡོས་ལོ་སྟེ་སྤྱི་ལོ་༡༡༧༡ལ་ཕག་མོ་གྲུ་པའི་སློབ་མ་ཡེལ་པ་ཡེ་ཤེས་བརྩེགས་ཀྱིས་ཁམས་སུ་ཡེལ་ཕུག་དགོན་པ་བཏབ་སྟེ་གནས་གཞི་བཟུང་བ་ན་ཡེལ་པ་བཀའ་བརྒྱུད་ཀྱི་ཆོས་ལུགས་བྱུང་། གོང་གི་ལོ་དེར་ཕག་མོ་གྲུ་པའི་སློབ་མ་རྒྱལ་ཚ་རིན་ཆེན་མགོན་གྱིས་གཙང་དུ་ཁྲོ་ཕུ་དགོན་པ་བཏབ་སྟེ་གནས་གཞི་བཟུང་བ་ན་ཁྲོ་ཕུ་བཀའ་བརྒྱུད་ཀྱི་ཆོས་ལུགས་བྱུང་། དེ་ནས་ལོ་བརྒྱད་སོང་བའི་རབ་བྱུང་གསུམ་པའི་ས་ཕག་ལོ་སྟེ་སྤྱི་ལོ་༡༡༧༩ལ་ཕག་མོ་གྲུ་པའི་སློབ་མ་སྐྱོབ་པ་འཇིག་རྟེན་མགོན་པོས་འབྲི་གུང་མཐིལ་གྱི་དགོན་པ་བཏབ་སྟེ་གནས་གཞི་བཟུང་བ་ན་འབྲི་གུང་བཀའ་བརྒྱུད་ཀྱི་ཆོས་ལུགས་བྱུང་། དེ་ནས་ལོ་གཅིག་འདས་པ་ན། ཕག་མོ་གྲུ་པའི་སློབ་མ་སྟག་ལུང་བཀྲ་ཤིས་དཔལ་གྱིས་སྟག་ལུང་དགོན་སྡེ་བཏབ་ནས་སྟག་ལུང་བཀའ་བརྒྱུད་ཀྱི་ཆོས་ལུགས་བྱུང་། ཡང་དེ་ནས་ལོ་གཅིག་སོང་བ་ན། ཕག་མོ་གྲུ་པའི་སློབ་མ་གྱེར་སྒོམ་པ་ཚུལ་ཁྲིམས་སེང་གེས་ཤུག་གསེབ་དགོན་པ་བཏབ་སྟེ་གནས་གཞི་བཟུང་བ་ན་ཤུག་གསེབ་བཀའ་བརྒྱུད་ཀྱི་ཆོས་ལུགས་བྱུང་། དེ་ནས་ལོ་ངོ་བཅུ་གཉིས་སོང་བའི་རབ་བྱུང་གསུམ་པའི་ཆུ་གླང་ལོ་སྟེ་སྤྱི་ལོ༡༡༩༣ལ་ཕག་མོ་གྲུ་པའི་དངོས་སློབ་གླིང་རས་པ་པདྨ་རྡོ་རྗེའི་སློབ་མ་འགྲོ་མགོན་གཙང་པ་རྒྱ་རས་ཀྱིས་འབྲུག་ར་ལོང་དགོན་པ་བཏབ་ནས་གནས་གཞི་བཟུང་བ་ན་འབྲུག་པ་བཀའ་བརྒྱུད་ཀྱི་ཆོས་ལུགས་བྱུང་། སློབ་མ་སྟོང་ཕྲག་ལྔ་ཙམ་གྱིས་རྒྱ་གར་དང་རྒྱ་ནག ཨོ་རྒྱན། ཁ་ཆེ་སོགས་སུ་སྒྲུབ་པ་སྙིང་པོར་མཛད་ནས། “བྱ་རྒོད་ཀྱི་ཉིན་ལམ་བཅོ་བརྒྱད་དུ་འབྲུག་པ་བཀའ་བརྒྱུད་ཀྱི་བུ་སློབ་ཀྱིས་མ་ཁྱབ་པ་མེད་པ་བྱུང་།”ཞེས་བརྗོད། དེན་ནས་ལོ་བཅུ་གསུམ་སོང་བའི་རབ་བྱུང་གསུམ་པའི་མེ་སྟག་ལོ་སྟེ་སྤྱི་ལོ༡༢༠༦ལ་ཕག་མོ་གྲུ་པའི་སློབ་མ་ཟྭ་ར་སྐལ་ལྡན་ཡེ་ཤེས་སེང་གེའི་ཡང་སློབ་གཡའ་བཟང་ཆོས་རྗེ་སྨོན་ལམ་གྱིས་གཡའ་བཟང་དགོན་པ་བཏབ་སྟེ་གནས་གཞི་བཟུང་བ་ན་གཡའ་བཟང་བཀའ་བརྒྱུད་ཀྱི་ཆོས་ལུགས་བྱུང་།

བཀའ་བརྒྱུད་པ་ལ་དགོན་སྡེ་ཧ་ཅང་མང་། དེ་དག་ལས་སྐད་གྲགས་ཆེས་ཆེ་བ་ནི་མཚུར་ཕུ་དགོན་དང་དཔལ་སྤུངས་དགོན། ཀརྨ་དགོན་སོགས་རེད། ཆོས་སྡེ་འདི་ཧ་ཅང་རྒྱས་དུས་གྲྭ་པ་མང་པོ་མཆིས་པ་མ་ཟད་དགོན་ལག་ཀྱང་མང་པོ་བྱུང་།

ཅ། དགེ་ལུགས་པའི་དགོན་སྡེའི་བྱུང་འཕེལ།

དགེ་ལུགས་པ་ཞེས་པ་ནི་གདན་སའི་མིང་ལ་བརྟེན་ནས་ཐོགས་པ་ཡིན། རབ་བྱུང་བདུན་པའི་ས་གླང་ལོ་སྟེ་སྤྱི་ལོ༡༤༠༩ལ་རྗེ་བློ་བཟང་གྲགས་པས་འབྲོག་རི་བོ་ཆེར་དགེ་ལྡན་རྣམ་པར་རྒྱལ་བའི་གླིང་བཏབ་སྟེ་གཞུགས་གནས་མཛད་པ་ན་རྗེའི་མཚན་ལ་ཆོས་རྗེ་དགའ་ལྡན་པ་ཞེས་འབོད་འགོ་བརྩམས་པ་དང་། དེའི་རྗེས་སུ་ཞུགས་པའི་ཆོས་ལུགས་པ་ལ་དགའ་ལུགས་པ་ཞེས་བཏགས་མོད། རྗེས་སུ་བརྗོད་བདེའི་དབང་གིས་དགེ་ལུགས་པར་གྱུར་པ་རེད།

དགའ་ལྡན་དགོན་པ་ཕྱག་འདེབས་མཛད་ནས་ལོ་བདུན་སོང་བའི་རབ་བྱུང་བདུན་པའི་མེ་སྦྲེལ་ལོ་སྟེ་སྤྱི་ལོ༡༤༡༦ལ་འཇམ་དབྱངས་ཆོས་རྗེས་དཔལ་ལྡན་འབྲས་སྤུངས་ཕྱག་འདེབས་མཛད། དེ་ནས་ལོ་གསུམ་སོང་བ། རབ་བྱུང་བདུན་པའི་ས་ཕག་ལོ་སྟེ་སྤྱི་ལོ༡༤༡༩ལ་བྱམས་ཆེན་ཆོས་རྗེས་སེ་ར་ཐེག་ཆེན་གླིང་ཕྱག་འདེབས་མཛད། དེ་ནས་ལོ་ཉེར་བརྒྱད་སོང་བ། རབ་བྱུང་བརྒྱད་པའི་མེ་ཡོས་ལོ་སྟེ་སྤྱི་ལོ་༡༤༤༧ལ་དགེ་འདུན་གྲུབ་ཀྱིས་བཀྲ་ཤིས་ལྷུན་པོ་ཕྱག་འདེབས་གནང་བ་ན། དགེ་ལྡན་བསྟན་པས་དབུས་གཙང་ཕྱོགས་སུ་རྐང་ཚུགས་པ་དང་། རང་གི་གྲུབ་མཐའ་ཁྱབ་བརྡལ་དུ་གཏོང་ཆེད་དགོན་སྡེ་མང་དུ་བཏབ་པས། རིམ་གྱིས་དགོན་ལག་དང་བུ་དགོན་ཡུལ་གྲུ་གཞན་ལ་མཆེད་འགོ་བརྩམས། ལྷག་པར། རྒྱལ་དབང་ལྔ་པས་བོད་ས་གནས་ཀྱི་སྲིད་དོན་ལ་མངའ་དབང་བསྒྱུར་རྗེས། སྐད་གྲགས་ཡོད་པའི་དགོན་པ་མང་པོ་ཞིག་ལ་མཆོད་གཞིས་དང་མི་སེར་རང་བདག་གི་དབང་ཆ་གནང་བ་མ་ཟད། དེ་ཚོར་ཁྲིམས་འགོ་རང་བཙན་གྱི་དབང་ཆ་གནང་བ་དང་། དགོན་སྡེ་ཁག་གཅིག་ལ་ངེས་གཏན་ཅན་གྱི་མཆོད་གཞིས་དང་མི་སེར་མེད་རུང་སྲིད་གཞུང་གིས་ལོ་ལྟར་འབྲུ་དང་ཇ་མར་སོགས་ཀྱི་ཕོགས་སྤྲོད་པའི་ལམ་ལུགས་ལག་བསྟར་བྱས་པ་ན། བོད་ཀྱི་གྲུབ་མཐའ་སྤྱི་དང་ཁྱད་པར་དུ་དགེ་ལུགས་པ་ལ་ཆབ་སྲིད་སོགས་ཀྱི་ཐད་ནས་མཐུན་རྐྱེན་སྔར་མེད་འཛོམས་པ་ན། བོད་ཁུལ་དུ་དགོན་པ་འདེབས་པའི་ཚ་རླབས་གསར་བ་ཞིག་འཕྱུར། དཔེར་ན། སྤྱི་ལོ༡༦༩༤ལོར་དབུས་གཙང་དང་ཁམས་གསུམ་ན་སགོན་སྡེ་༡༨༠༢ལས་མེད་མོད། སྤྱི་ལོ༡༧༣༣ལོར་ཏཱ་ལའི་བླ་མ་གཅིག་པུར་ཁོངས་གཏོགས་དགོན་པ༣༡༥༠ཡོད་པ་དང་། སྤྱི་ལོ་༡༦༩༤ནས་༡༧༣༣བར་གྱི་ལོ་ངོ་བཞི་བཅུའི་རིང་ལ་དགོན་གསར་༡༧༧༧ཕྱག་འདེབས་མཛད། ༡༩༣༢ལོར། གཙང་གཅིག་པུ་ན་དགོན་སྡེ་ཆེ་ཆུང་༡༩༩མཆིས། དུས་རབས་སྔོན་མའི་ལོ་རབས་ལྔ་བཅུ་བར་དགོན་སྡེ་༥༧༦མཆིས། ༡༩༥༨ལོར་མཚོ་སྔོན་ཞིང་ཆེན་དུ་དགོན་སྡེ་༧༢༢མཆིས། མང་པོ་བརྗོད་ག་ལ་དགོས། འདི་ཙམ་གྱིས་ཀྱང་བསྟན་པ་ཕྱི་དར་སྐབས་སུ་དགོན་པ་ཅི་ཙམ་བཏབ་པ་དང་། དགོན་སྡེ་འདེབས་ཚད་ལོ་རེར་ཇི་ཙམ་འཕར་བཞིན་ཡོད་པ་ཟུར་ཙམ་རྟོགས་ཡོང་།

བདུན་པ། དགོན་སྡེའི་རྩིག་པ་བྱུང་འཕེལ་གྱི་མཇུག་བྱང་།

སངས་རྒྱས་བསྟན་པ་བོད་ལ་དར་བ་ནས་བཟུང་། བོད་ལ་དགོན་སྡེ་ཇི་ཙམ་ཞིག་བཏབ་ཡོད་རུང་། དགོན་པའི་གཞི་ཁྱོན་ཆུང་བ་ནས་ཆེ་བར་འཕེལ་བ་དང་། སྤུས་ཀ་ཇེ་ལེགས་ནས་ཇེ་ལེགས་ལ་སོང་ཡོད་ངེས་ཡིན། གལ་སྲིད་དེ་ལྟར་ལགས་ན། བསྟན་པ་ཕྱི་དར་གྱི་དུས་མགོར། དགོན་སྡེ་འདེབས་སྐབས་བཙན་པོའི་དུས་ཀྱི་ལྷ་ཁང་དང་གཙུག་ལག་ཁང་གི་རྩིག་ལུགས་དེ་རྒྱུན་འཁྱོངས་བྱས་པས། དགོན་སྡེ་ཕལ་མོ་ཆེ་ཡི་རྩིག་པའི་གཞི་ཁྱོན་ཆུང་བ་དང་བཟོ་སྟངས་ཀྱང་དེ་འདྲ་ཉོག་དྲ་མིན། ཕྱིས་སུ་གྲུབ་མཐའ་མང་པོ་གཅིག་འཕྲོར་གཅིག་གིས་མཐུད་ནས་དར་བ་ན། གྲུབ་མཐའ་སོ་སོའི་བསྟན་འཛིན་རྣམས་ཀྱིས་རང་གི་གྲུབ་མཐར་མཚན་སྙན་བརྩོན་ལེན་བྱེད་ཆེད། དགོན་པའི་འདུ་ཁང་དང་བླ་མའི་བླ་བྲང་སོགས་ཀྱི་གཞི་ཁྱོན་ཇེ་ཆེར་གཏོང་བར་འབད་པས། དགོན་པའི་རྩིག་བཟོའི་ཆུ་ཚད་ཡར་རྒྱས་ཆེན་པོ་བྱུང་། དཔེར་ན། དགའ་ལྡན་དགོན་པའི་འདུ་ཁང་ལ་ཀ་བ་བརྒྱ་རྩ་བརྒྱད་དང་གཞི་ཁྱོན་ལ་རྨིད་གྲུ་བཞི་མ་ཆིག་སྟོང་ལྷག་ཡོད་ལ། དགོན་སྡེ་དེ་དག་གི་འདུ་ཁང་ཆེན་མོའི་གཞི་ཁྱོན་བཙན་པོའི་སྐབས་ཀྱི་གཙུག་ལག་ཁང་ལས་བརྒལ་འདུག་པ་མ་ཟད། བཟོ་བཀོད་ལག་རྩལ་ལའང་ཡར་རྒྱས་ཆེན་པོ་བྱུང་ཡོད་པ་ཚོར་ཐུབ། །