རང་གཏམ་རང་བཤད།

124/545

༡༽དེང་ཚན་རིག་པས་མཐོང་བ་ལྟར་ན། མིའི་ལུས་ཕུང་ནང་ནས་ཤེས་པ་སྐྱེ་ཞིང་འཕེལ་བ་དང་། དབང་ཤེས་དང་ཡིད་ཤེས་ཏེ་མཐོང་ཚོར་དང་དྲན་ཤེས་བརྩེ་དུང་རྣམ་རྟོག་སོགས་ཤེས་པའི་བྱེད་ལས་ཁག་ཆ་ཚང་ཀླད་པའི་བྱེད་ལས་སུ་འདོད་ཅིང་། མིའི་རིགས་ལ་མཚོན་ན་ཀླད་པ་ལས་གལ་ཆེ་བའི་ཕུང་གྲུབ་ཀྱི་དངོས་པོ་ཞིག་ཕལ་ཆེར་མེད་པའི་ཚོད་དུ་རེད་ཀྱང་། རང་ཅག་གི་མདོ་རྒྱུད་གཉིས་ཀར་ཀླད་པ་དང་སེམས་ཁམས་བར་གྱི་དམིགས་བསལ་འབྲེལ་བ་མ་བཤད་པའམ། སེམས་ཁམས་ཀྱི་གནས་གཙོ་བོ་ཀླད་པ་ཡིན་ཚུལ་མ་གསུང་པ་ག་རེ་ཡིན་ནམ།

༢༽ནང་བསྟན་གསང་སྔགས་ཀྱི་སྐབས་སུ་སྙིང་ཁའི་རྩ་དང་རྩ་དེའི་ནང་རླུང་རྒྱུ་བ་ལས་དབང་ཤེས་དང་ཡིད་ཤེས། མྱོང་ཚོར་དང་རྣམ་རྟོག་འདྲ་མིན་སྐྱེ་ཞིང་འབྱུང་བར་བཤད་པ་ལས། ཀླད་པ་དང་རྣམ་ཤེས་འབྲེལ་བ་ཡོད་པའི་ཚུལ་བཤད་པ་ནི་ཕལ་ཆེར་མེད་ལེ་ཆེ། འོ་ན་སངས་རྒྱས་ཀྱིས་མ་དགོངས་པ་རེད་དམ། དུས་ལ་མ་བབ་ནས་མ་གསུངས་པ་རེད་དམ། ཡང་ན་དབང་རྩའི་ཚན་རིག་པ་དང་ཀླད་ཁམས་ཞིབ་འཇུག་མཁན་ཚོ་ནོར་བསྡད་ཡོད་པ་རེད། དྲིས་ལན་གསལ་དག་ཅིག་གནང་དང་།

༣༽ཁ་དོག་དམར་པོ་ཞིག་དབང་ཤེས་ལ་སྣང་སྐབས་ཁ་དོག་དམར་པོ་སྣང་གིན་ཡོད་པ་ཚན་རིག་གིས་འགྲེལ་བཤད་ཚ་ཆང་བྱེད་ཐུབ་ཀྱང་། ཁ་དོག་དམར་པོ་མྱོང་མཁན་གང་ཟག་དེར་ཚོར་བ་ཅི་འདྲ་ཞིག་འབྱུང་གིན་ཡོད་མེད་ཚན་རིག་གིས་གསལ་བཤད་བྱེད་མི་ཐུབ། འདི་རྣམ་ཤེས་བེམ་པོའི་མངོན་ཐོན་ཏེ། རྣམ་ཤེས་བེམ་པོར་ཡོངས་སུ་ཁུངས་འདེད་བྱེད་མི་ཐུབ་པའི་སྒྲུབ་བྱེད་ལ་བཀོད་ན་ཆོག་གམ།

༤༽གལ་ཏེ། སྐྱེ་བ་སྔ་ཕྱི་དྲན་མཁན་གྱི་མི་རྐང་གཅིག་མེད་པའམ། ཡོད་ཀྱང་དེ་ལ་ཞིབ་འཇུག་ཚོད་ལྟས་ར་སྤྲོད་མངོན་གསལ་འདི་འདྲ་བཟོས་ཡོད་མེད་ཚེ། ད་ལྟའི་འགྲོ་བ་མིའི་རིགས་ཀྱི་བརྒྱ་ཆ་བདུན་ཅུ་ལས་བརྒལ་བ་སྐྱེ་བ་སྔ་ཕྱི་ཁས་མི་ལེན་མཁན་དུ་གྱུར་ཡོད་པ་ཐེ་ཚོམ་མེད་ཅིང་། གཞི་རྩའི་ཆ་ནས་བེམ་པོ་ལས་ལོག་པའི་རྣམ་ཤེས་ཡོད་པར་འདོད་པའི་ཆོས་ལུགས་ཀྱི་ལྟ་གྲུབ་ཕལ་མོ་ཆེ་མགོ་གཏིང་སློག་ཡོད་ཚར་ངེས། རྒྱུ་མཚན་འདི་ལ་གཞིགས་ན། སྐྱེ་བ་སྔ་ཕྱི་དྲན་པའི་སྤྱིར་བཏང་མིན་པའི་ཤེས་པའི་མངོན་སྟངས་འདི་ནི་སྐྱེ་བ་སྔ་ཕྱི་སྒྲུབ་བྱེད་ཀྱི་གཏན་ཚིགས་ཐུ་ཤོས་དང་། ཕུང་གྲུབ་དང་དབང་པོའི་མངོན་ཐོན་ལས་ལོག་པའི་གསལ་རིག་གི་ཤེས་པ་ཡོད་པའི་ཤེས་བྱེད་ཡག་ཤོས་དེའང་ཡིན་པ་ཤེས་ནུས། དེ་མིན། བྱིས་པ་བཙས་མ་ཐག་པའི་རྒྱུད་ཀྱི་རིག་པ་དེ་ལ་རང་གི་རིགས་འདྲ་སྔ་མའི་རིག་པ་སྔོན་དུ་སོང་བའི་ཤེས་བྱེད་དུ། རིག་པ་ཡིན་པས་སོ་ཞེས་ཐལ་བ་འཕེན་པ་འདི་བེམ་པོ་ལས་ལོག་པའི་རིག་ཤེས་ཁས་ལེན་མཁན་དག་ལ་འཕངས་ན་འགྲིག་ཡོད་སྲིད་ཀྱི། ཤེས་པ་དབང་པོའི་མངོན་ཐོན་ཡིན་པར་འདོད་པའི་དེང་གི་ཚན་རིག་པ་དག་ལ་རིག་པ་རྙིང་པ་འདི་ཕྱོགས་ཙམ་ཡང་འགྲོ་ལེ་མིན་ནོ། །

༥༽རྣ་བ་ནི་རྒྱུན་ལྡན་ལྟར་སྐྱོན་ཅི་ཡང་བྱུང་མེད་ལ། རྣ་བའི་ཐོས་ཚོར་ཡང་སྐྱོན་མེད་སོ་ན་གནས་ཡོད། འོན་ཀྱང་། ཡ་མཚན་པ་ཞིག་ལ། གཞན་གྱིས་སྨྲས་པའི་སྐད་ཆའི་ནང་དོན་མི་གོ་ཞིང་། རང་གིས་སྨྲས་པའི་གཏམ་གྱི་ནང་དོན་ཡང་མི་གོ ། རང་གཞན་གྱིས་སྨྲས་པའི་གཏམ་གྱི་བརྗོད་བྱེད་ཀྱི་སྒྲ་གོ་ཡང་། བརྗོད་བྱའི་ནང་དོན་གཅིག་ཀྱང་མི་གོ་བའི་ཡ་མཚན་པའི་སྣང་ཚུལ་འདི་ལ་ང་ཚོར་འགྲེལ་བཤད་རྒྱག་ལུགས་ཤིག་ཡོད་དམ།

འཚོལ་སྙེག་གིས།