རྩོམ་པ་རྩམ་པ་བཟའ་རྒྱུ་ལས་ཀྱང་སླ་བའི་དུས།

42/464

གསེར་ཀུན་དགས་བྲིས།

དཔེ་ཞིག་བཞག་ན། བོད་ཀྱི་རྩོམ་རིག་གི་སྒྲོམ་གཞི་ཆེན་པོ་འདི་ཉིད་རྒྱལ་བའི་བསྟན་པ་རིན་པོ་གང་དེ་གཅེས་ཤིང་སེམས་པའི་མདོ་རྒྱུད་གསུང་རབ་རྒྱ་མཚོ་ལ་རང་བྱན་ཆུད་པའི་དགེ་སློང་ཤ་རའི་བུ་ལྟ་བུ་ཞིག་དང་། ཡང་ན་ཏིང་འཛིན་རྣལ་མ་འབྱམས་སུ་ཀླས་པའི་སྒོམ་ཆེན་བྲག་ལ་གནས་པ་ཞིག་ཡིན་པའི་དབང་དུ་བྱས་ན། དེའི་ཁྲོད་ཀྱི་རང་མོས་སྙན་ངག་ནི་གྲྭ་པ་ཁྱིམ་ཐབས་པ་ཞིག་དང་ཡང་ན་གྲྭ་རྫུན་ཞིག་དང་འདྲ་བར་གང་འདོད་ཀྱིས་ཆང་དང་བུད་མེད་ལོངས་སུ་སྤྱོད་ཆོག་ལ། སྐབས་དང་སྐབས་སུ་རང་ལ་བུ་ཕྲུག་དང་གཞན་ལ་ཐང་ཕྲུག་ཆ་རེ་ཡང་གཡག་རྒན་རྩྭ་བརྒྱགས་མའི་རྗེས་ཀྱི་ལྕི་བ་ལྟར་གང་སར་གཏོང་སྲིད། དེའི་རིགས་ཀྱིས་ལམ་བསླབ་པ་གསུམ་གྱི་སློབ་གཉེར་བྱེད་མི་དགོས་ལ་གཞི་རྣམ་པར་དག་པའི་ཚུལ་ཁྲིམས་ཀྱང་སྲུང་མི་དགོས་པར་རྒྱབ་ཀྱི་གྲྭ་གོས་དེ་ཡང་ཁོར་ཡུག་གི་སྟབས་འགྲིག་མིན་ལ་ལྟོས་ཏེ་གྱོན་ཕུད་བྱེད་ཆོག ཁོང་ཅག་རང་གིས་དེ་ལ་བསྟན་པའི་མྱུར་ལམ་ཞེས་འབོད་ལ། ཐོབ་དང་འབྱོར་བ་གོ་གནས་སྟེ་སྲིད་པའི་ཕུན་ཚོགས་ནམ་ཡང་གཞན་ལས་ལྡབ་འགྱུར་གྱི་བླ་རུ་མཐོ།

གོ་ཐོས་སུ། ད་ཆ་དགོན་པའི་གྲྭ་ཆུང་མང་པོ་ཞིག་ཀྱང་རི་མཐོ་ལུང་གཟར་གྱི་ས་ལམ་རྡོ་ལམ་ལ་ཞེན་མ་འདོད་པར་བདེ་མོ་ཐང་གི་མྱུར་ལམ་དུ་བྱུ་རི་དམར་པོའི་ཕྲེང་ལོང་ཆད་པ་བཞིན་གཅིག་འཐོར་གཉིས་འཐོར་བྱེད་ཀྱིན་གདའ་ཟེར། འདི་ནི་བསྟན་བཤིག་རེད་ཅེས་མཐའ་གཅིག་ཏུ་ནམ་ཡང་སྨྲ་མི་སྤོབས་མོད། ལྟར་སྣང་དུ་བསྟན་པའི་མིག་ལྟོས་རྩོད་པ་རེད། བསྟན་པ་ལ་རྨ་ཁ་འབྱིན་པ་རེད། བསྟན་པའི་སྙིང་དོན་འཆོལ་ཉོག་ཏུ་གཏོང་མཁན་རེད། མཐའ་འཁོར་གྱི་མི་མང་པོ་ཞིག་གིས་ལས་སྟངས་འདི་དག་ལ་བལྟས་ནས་རྒྱལ་བསྟན་གསེར་གྱི་ཡང་ཞུན་ལ་ཐེ་ཚོམ་དང་ཞེ་མེར་ལོག་བཞིན་ཡོད།

དེ་དང་ཆ་འདྲ་བ་ཞིག་ནི་རང་མོས་སྙན་ངག་འདི་ཡིན་ལ། རང་མོས་སྙན་ངག་ལ་རྩ་བ་དང་གཞི་རྟེན་གང་ཡང་མེད་པར་རང་སྣང་ལ་ཅི་ཤར་ཐམས་ཅད་གོ་རིམ་དང་སྒྲིག་སྟངས་མེད་པར་རྒྱུ་མ་གཡོས་བླུག་བྱས་པས་ཆོག་ལ། དེ་ལ་རྣམ་པ་གཅིག་ཏུ་ན་ཚིག་གི་སྡེབས་སྦྱོར་དང་དག་སྒྲིག་ཟེར་བ་ཞིག་མེད་པ་ཡང་རྩ་བ་དང་གཞི་འཛིན་ས་མེད་པར་བར་སྣང་གི་བྱ་སྤུ་ལྟར་ཡིན་པས་སོ། ། ཁོང་ཅག་རང་གིས་འདི་ལ་རྩོམ་རིག་གི་ཐོད་བརྒལ་ཟེར་ལ། རིམ་པ་འདྲ་མིན་གྱི་བྱ་དགའ་དང་རྣམ་གྲངས་སོགས་ཀྱང་ངེས་པ་དོན་གྱི་རྩོམ་པ་པོ་ཞིག་ལས་ལྡབ་འགྱུར་གྱིས་མང་དུ་ཐོབ། འདི་ནི་གོང་གི་དཔེ་དང་ཆུ་ལ་ཆུ་བཞག་ཡིན་ཏེ། གྲྭ་མ་གྲོང་གིས་སངས་རྒྱས་བསྟན་པ་ལ་ཞབས་འདྲེན་ལས་ཞབས་ཞུ་སྒྲུབ་མི་འགྱུར་ལ། བཅད་ལྷུག་སྤེལ་གསུམ་གང་གི་ཁོངས་སུ་མི་གཏོགས་པའི་རྩོམ་ལུས་ཐག་ལྷོད་མས་བོད་ཀྱི་རྩོམ་རིག་གི་སྒྲོམ་གཞི་ཆེན་པོ་ལ་གས་སྲིབས་མངགས་པ་ལས་ལྷུ་ཆགས་ནམ་ཡང་བསྒྲིགས་མི་ནུས།

གོ་ཐོས་སུ། དེང་སྐབས་བཅུ་ཕྲག་རིག་པའི་ནུས་སྡང་ན་གར་གྱིས་རྩེན་པའི་ན་གཞོན་མང་པོ་ཞིག་གཞུང་ལུགས་དང་མ་ལག་ཚང་པའི་རིག་གཞུང་གི་ཤེས་བྱ་རྣོ་དབལ་ཅན་ལ་བློ་ཡིས་མ་གཤོགས་པར། རྦད་དེ་ཚེགས་ཆུང་ལ་འབྲས་བུ་ཆེ་བའི་མ་ལག་མི་ཚང་ཞིང་ཡ་མ་ཟུང་གི་རྩོམ་རིག་ལམ་ཁ་ལ་དཔྱིད་ངན་ནང་གི་ཁུ་འཕང་ལྟར་མང་དུ་འབབ་ཀྱིན་འདུག་ཟེར། འདི་ཡང་རྩོམ་རིག་གི་བཀག་རྡོ་རེད་ཅེས་རྣམ་པ་ཀུན་ཏུ་བཤད་མི་ཕོད་མོད། ཁ་ཕྱོགས་མི་གསལ་བའི་ན་གཞོན་གང་མང་ཞིག་ལ་མཚོན་ན་རྩོམ་གྱི་སྙིགས་མ་རེད། སྒྱིད་ལུག་རེད། ངན་གོམས་རེད། འདི་ལྟར་རྩ་བ་དང་གཞི་རྟེན་མེད་པར་མུ་ནས་མུ་རུ་ལུང་རྒྱུག་བྱས་ན་བོད་ཀྱི་རྩོམ་རིག་དེ་འཕེལ་རྒྱས་སུ་འགྲོ་བ་ལྟ་ཅི། སྔར་ཡོད་ཀྱི་རྩོམ་གྱི་སྒྲོམ་གཞི་ཆེན་པོ་དེའང་རྩ་གཏོར་བྱས་ཏེ། ཁ་དཔེ་རུ་འབུལ་བ་ར་རིན་མེད་པར། རྡོ་རྗེ་རྟ་རིན་ཤོར། ཞེས་པའི་དཔེ་རུ་མི་འགྱུར་པའི་ངེས་པ་ལར་ནས་མེད་དོ། །

ངོ་མ་ཞིབ་ཀྱིས་བསམ་ཞིང་ལེབ་ཀྱིས་བལྟས་ན། ད་ཆ་བོད་ཁུལ་གྱི་རྩོམ་པ་པོར་ཁས་འཆེ་བའི་ན་གཞོན་མང་པོ་ཞིག་ནི་ཁྱི་ལུད་དར་བཏུམ་རེད་ཅེས་བརྗོད་ནའང་མི་འགྲིག་པ་ཆེར་མེད་པའི་ཚོད་དུ་སླེབས་འདུག རྒྱུ་མཚན། དེ་དག་ལ་སྔོན་འགྲོའི་སློབ་སྦྱོང་མི་དགོས་ལ། རྒྱབ་རྟེན་ཚད་མ་ཅན་གྱི་ལུང་རིགས་མི་དགོས། ལྷག་པར་འཇིག་རྟེན་གྱི་ལྟ་བ་དང་། མི་ཚེའི་ལྟ་བ། རིན་ཐང་གི་ལྟ་བ་སོགས་གང་ཡང་ཆགས་མེད་ཁར། ཐ་ན་རང་གི་བྲིས་རྩོམ་ལའང་འགྲེལ་གསལ་བོ་ཞིག་མི་ཁྲོལ་པར་སྐྱིད་པོ་རང་བྱས་ཏེ་ཇ་ཁང་དང་། ཆང་ཁང་སོགས་ནས་རང་མོས་ཀྱི་སྙན་ངག་ཐན་ཐུན་རེ་བྲིས་ཤིང་དེ་དག་གཞུང་སྒེར་གྱི་དུས་དེབ་འགའ་རེའི་སྟེང་དུ་སྤེལ་ཐུབ་ཚེ། དེ་ཡིས་ཚིམས་པར་བྱས་ནས་རང་གིས་རང་བསླུ་བཞིན་ཡོད་པ་ནི་དེང་གི་བོད་ཀྱི་རྩོམ་པོ་པོའི་ཆུ་ཚད་དང་བོད་ཀྱི་རྩོམ་རིག་གི་གནས་བབ་རེད།

ལར་སྔོན་གྱི་མཁས་པ་རྣམས་ཀྱིས་ནི་འཆད་པ་བས་ཀྱང་རྩོད་པ་དཀའ། རྩོད་པ་བས་ཀྱང་རྩོམ་པ་དཀའ་ཞེས་རྩོམ་ཟེར་བ་ནི་རང་དགར་མི་འོངས་ཤིང་རང་དགར་བྲིས་པ་དག་ནི་འོལ་ཚོད་ཀྱི་ཐ་ཤལ་གཏམ་དང་སྣ་ཤོག་གྲོན་པའི་རྒྱུ་རུ་ཟད་གསུངས་ནས་འཕྱ་སྨོད་བྱེད་སྲིད་ལ། བརྒྱ་ལ་རྩེད་མཚར་གྱི་ཚུལ་གྱིས་བྲིས་པ་དག་ཀྱང་མགོ་བོ་གཏའ་མར་བཞག་ནས་བཙལ་ན་ཡང་དབུ་ནས་ཞབས་སུ་ནོར་འཁྲུལ་གྱི་ཟུར་ཙམ་ཡང་རྙེད་མི་སྲིད་པའི་སྤུས་ཚད་དུ་སླེབས་ཡོད། དེང་སང་ནི་དེ་ལས་ལྡོག་སྟེ་རྩོམ་ཡིག་འབྲི་བ་ནི་རྩམ་པ་ཟ་རྒྱུ་ལས་ཀྱང་སླ་བའི་དུས་སུ་སླེབས་ཡོད། དེ་ནི་གཙོ་བོ་རང་མོས་སྙན་ངག་གིས་བཞག་པའི་འབྲས་རྟགས་རེད། ད་དུང་ལག་པ་བྲང་སྟེང་དུ་བཞག་ནས་ཞིབ་འདང་ཞིག་བརྒྱབ་ཚེ། འབད་པ་ཅི་ཡང་མི་དགོས་པར་རོ་ཁ་གདངས་ལ་གྲོག་གནམ་འབབ་དགོས་པའི་སྣང་ཚུལ་འདི་རིགས་ནི་མ་འོངས་པར་བོད་མི་རིགས་ཀྱི་ཆོས་དང་རིག་གནས་ཐམས་ཀྱི་ཚེ་སྲོག་གི་ཉག་མ་དེ་ནམ་ཞིག་ལ་ཆད་པར་ངང་སྒུག་བྱེད་པ་དང་ཨ་ན་མ་ན་རེད།