ཚུལ་ཁྲིམས་བློ་གྲོས་དང་དགེ་བཅུའི་མཐའ་འབྲས། གཤའ་མ།

121/545

མར་ནང་དགེ་འདུན་ཟེེར་བ་ཞིག་གིས་ཚུལ་ཁྲིམས་བློ་གྲོས་ཀྱི་དགེ་བཅུ་བཟང་ཚུལ་དང་དགེ་བཅུར་སྡང་བའམ་དེར་དཔྱད་བརྗོད་བྱེད་མཁན་རྣམས་ནི་དགེ་བཅུ་མ་དར་བའི་མཐའ་འཁོབ་ཀྱི་མི་ཡིན་པ་བཤད་བྱུང་། ཚིག་འདི་འདྲ་གོ་ནས་ངས་ཆེད་དུ་ཚུལ་ཁྲིམས་བློ་གྲོས་ཀྱི་དེབ་གཟུགས་སྒྲ་གསུམ་ལ་ཞིབ་ཉན་བྱེད་འདོད་སྐྱེས། དང་བོར་དུས་ཐོག་ཆར་བ་ཞེས་པའི་དེབ་བཀླགས་པ་ཡིན། དེའི་ནང་ནས་ཀྱང་བཤས་ཚོང་འགོག་དགོས་པའི་སྐོར་ལ་ཐད་ཀར་བལྟས་པ་ལས་ཁ་ཚང་མགོ་ནས་ནག་འདེད་བྱས་པ་མིན། དེར་བཤས་ཚོང་འགོག་པ་ནི་བོད་ཀྱི་འཚོ་བ་ཇེ་ལེགས་དང་དེང་རབས་ཀྱི་རྒྱུན་མཐུད་འཕེལ་རྒྱས་ཀྱི་རྗེས་ཆོད་ཕྱིར་ཡིན་པ་བཤད་འདུག  ལྷག་ཏུ་ཕ་རིང་བུ་རིང་ལ་བཤས་ཚོང་གཅིག་པུར་བརྟེན་པ་ལས་ལག་རྩལ་མི་ཤེས་པ་འདི་དཔལ་འབྱོར་འཕེལ་བའི་གེགས་རྡོ་ལྟ་བུ་དང་། འུ་ཚོའི་ཁྱིམ་ཚང་ཕྱུག་པོ་ཞིག་ལའང་ཟོག་སུམ་བརྒྱ་ལྷག་ལས་མེད་པས་བཤས་ཚོང་བྱས་ན་ཉིན་གཅིག་ལ་ཚར་བ་འམ་མ་མཐའ་ཡང་ལོ་ལྔ་ནས་བཅུའི་ནང་ལ་ཚར་བ་ཐག་གིས་ཆོད་ཅེས་བཤད་འདུག ཚིག་འདི་དག་ལ་བསམ་བློ་ཞིབ་ཏུ་མ་བཏང་བའི་སྐྱོན་ཆེན་པོ་འདུག འདི་འདྲའི་བསམ་ཚུལ་འབྲོག་པ་ཡིག་རྨོངས་པ་དང་དེང་གི་མི་རིགས་ཁག་གི་ནང་ན་ད་དུང་ཕྱུགས་འཚོ་ཞིང་བཤས་ཚོང་བྱེད་མཁན་མང་བ་མ་མཐོང་བ་དག་གི་རྣ་བར་འགྲོ་བ་ལས་དེ་དག་མཐོང་ཡོད་པ་ཞིག་གིས་འདི་འདྲ་ཐོས་ན་དགོད་བྲོ་བ་ལས་གང་ཡང་མི་འདུག  ཕྱུགས་སུམ་བརྒྱ་ལོ་དེ་འདྲའི་ཐུང་ངུའི་ནང་ལ་ཚར་འགྲོ་བ་ཅི་ཡིན་ནམ། ཉག་རོང་ཁོག་གི་ཤིང་ནགས་ལ་དཔེ་བཞག་པ་དཔེ་དོན་མི་མཚུངས་པའི་ར་མགོ་ལུག་སྦྱར་རེད། ཤིང་ནག་བཅད་ན་ཚར་སླ་བ་དང་སྐྱེ་དཀའ་བ་བདེན་མོད་ཕྱུགས་ནི་དེ་ལྟར་མ་ཡིན་པར་འཕེལ་ཁ་མགྱོགས་པ་མངོན་གསལ་རེད། ལྷག་ཏུ་འབྲོག་པ་ཇི་འདྲའི་གླེན་པ་ཞིག་ཡིན་ཡང་བཙོང་ཐེངས་གཅིག་ལ་ཡོད་ཚད་རྩད་རྫོགས་བྱེད་མི་ཉན་པ་ལོས་ཤེས། ཚུལ་ཁྲིམས་བློ་གྲོས་ཀྱིས་འདི་འདྲ་འདོད་པ་ནི་ཁོས་ཕྱུགས་ལས་མི་ཤེས་པས་རྐྱེན་རེད། བཤས་ཚོང་བྱས་མི་ཆོག་པའི་སྒོ་ཕྱུགས་འཚོས་པས་ཡོང་རྒྱུ་ག་རེ་ཡོད་དམ། ཁེ་དབབ་རྒྱུ་མེད་པའི་དཀའ་ལས་རྒྱག་པར་སུས་ཀྱང་མི་འདོད་པས་ཕྱུགས་དང་ས་གཉིས་ཀ་བསྐྱུར་ཏེ་གཞན་གྱི་གཡོག་པོ་དང་སྤྲང་བོ་ཆགས་རྒྱུ་ཡིན་པ་བཤས་ཚོང་བཀག་པའི་གོམ་པ་དང་པོ་སྤོས་པ་ནས་ཐག་བཅད་འདུག ཡང་ཚུལ་ཁྲིམས་བློ་གྲོས་ཀྱིས་«ལས་ཀ་གཞན་མ་ཤེས་ཀྱང་རྡོ་བརྩིག་པ་དང་གྱང་བརྡུང་བ་དང་ལམ་ལས་པ། མགར་བྱེད་པ་སོགས་ཅིས་མི་ཆོག»ཅེས་བཤད་པ་འདི་ཡང་གནད་ལ་མ་འཁེལ་བའི་སྟོངས་ལབ་ཁོ་ན་རེད། ལས་ཀ་འདི་དག་ཆུང་དུས་ནས་ས་ལས་རྡོ་ལས་རྐྱང་རྐྱང་བྱེད་མཁན་གྱི་རྒྱ་དང་རོང་བ་དག་ལས་མི་ཚེ་ཕྱེད་ཀར་ཕྱུགས་འཚོ་མཁན་ཞིག་གིས་གཏན་ནས་འཇོན་གྱིན་མ་རེད། དེ་ཅི་ལ་ཞེ་ན་ལས་ཀ་འདི་འདྲའི་རིགས་ལ་འབྲོག་པ་ག་ནས་དགོས། མཐའ་ན་རོང་བ་ཡང་དགོས་ཀྱིན་མི་འདུག རྒྱུ་མཚན་ལས་ཀ་ལས་ན་རྒྱའི་ལས་ཀ་བ་དང་རོང་བ་དག་གི་དེ་འདྲ་མི་འཇོན་པ་དང་། འབྲོག་པ་དག་ལས་ཀར་ཞུགས་ནས་ཉིན་འགའ་ལས་མི་ཆགས་པར་བྲོས་འགྲོ་བས་ཞུ་བ་གང་མང་བྱས་མཐར་རེ་གཉིས་ལས་དགོས་ཀྱིན་མི་འདུག  ཡང་། ཚུལ་ཁྲིམས་བློ་གྲོས་ཀྱིས་«དུས་ཐོག་ཆེ་བ»་ནང་དུ་བཤས་ཚོང་འགོག་པ་དཔལ་འབྱོར་རྒྱུན་མཐུད་འཕེལ་རྒྱས་ལ་དམིགས་པ་བཤད་འདུག་མོད། «དུས་རབས་ཀྱི་གསོས་སྨན།»ཞེས་པའི་དེབ་དེར་སྒོ་ཕྱུགས་བཤས་ཚོང་བྱས་ན་དམྱལ་བར་ལྷུང་བ་སེམས་ཐག་གོར་མོ་རྡོ་ཡིན་པས་བཤས་ཚོང་གཅས་དགོས་ཤིང་། ཡུན་གྱིས་སྒོ་ཕྱུགས་བཙོང་མཚསམ་དང་བཤའ་གཏན་ནས་གཞག་དགོས་པ་བཤད་ཡོད། དེབ་འདི་གཉིས་བསྡུར་ན་ཁོའི་སྐད་ཆར་འགལ་བ་ཆེན་པོ་ཡོད་པ་ལྷང་ལ་བུད་འདུག «དུས་རབས་ཀྱི་གསོས་སྨན།»དུ་འང་བཤས་ཚོང་བཞག་སྟེ་ལམ་ལས་སྨན་རྩྭ་བཏུ་བ་དང་ལག་རྩལ་སྦྱངས་ནས་དེང་རབས་དང་མཐུན་པའི་འཚོ་བ་སྔོན་འཐོན་ཅན་རོལ་དགོས་པ་བཤད་མོད་དེང་རབས་དང་ས་གནས་གང་ལ་སོང་ནས་ལམ་སོགས་ལས་དགོས་པ་བཤད་མི་འདུག

འདི་ཡང་འགན་མ་ཁུར་བའི་སྐད་ཆ་དང་ཁ་སྟོངས་ནང་གི་ཚིག་སྟོངས་ཡིན་པ་གསལ་བོ་དག་པོ་རེད། སྒོ་ཕྱུགས་བཤས་ཚོང་བྱ་མི་ཆོག་པའི་སྐད་ཆ་གང་སར་བསྒྲགས་པའི་གཞེས་ནིང་ཞིག་ལ་དྲ་ལམ་དུ་ཡང་བསྐྱར་ཚུལ་ཁྲིམས་བློ་གྲོས་ཀྱི་ཟིན་བྲིས་ཤིག་འཐོན་པར་«འབྲོག་པ་ཚོས་ཕྱུགས་དང་ས་བསྐྱུར་ནས་གྲོང་ཁྱེར་དུ་ལས་ཀ་ལས་ན་ཅི་ཡང་འཇོན་པ། སྒོ་ཕྱུགས་བསྟིམས་ནས་ཧེ་ཧེ་ཚོར་བཙོང་བ་འདི་མི་ལེགས་ཚུལ། འབྲོག་པ་ཚོས་ཕྱུགས་ལས་གཉེར་ནས་རང་ས་རང་གིས་འཛིན་དགོས་ཚུལ་བཤད་པ་འདིས་ང་རང་ཡིད་ཆད་དུ་བཅུག་སོང་། ཁྱེད་ཀྱིས་སྔོན་ཆད་ནས་ཡར་མར་ལ་སོང་ནས་སྒོ་ཕྱུགས་བཤས་ཚོང་བྱས་མི་ཆོག་པ་བཤད་པའི་འབྲས་བུར་འབྲོག་པ་རྣམས་ཀྱིས་བཀོལ་སྤྱོད་དང་དབབ་རྒྱུ་གང་ཡང་མེད་པའི་ཕྱུགས་ཟོག་མ་འཚོས་པར་གཞན་ལ་བཙོངས་པ་རེད། བཀོལ་སྤྱོད་མེད་པའི་ཕྱུགས་ཟོག་མང་བོའི་རྗེས་ནས་སྡུག་ལྷག་མ་མྱོང་བ་ལས་རྩྭ་ས་བཙོང་ནས་སྒོར་མོ་འགའ་ཤས་གློ་ཁུག་ཏུ་བབས་ན་དེ་བཟང་བ་དུད་འགྲོ་མིན་པ་ཚོས་ཤེས་པ་རེད། བཤས་ཚོང་བཅད་ནས་ལས་ཀ་ལས་དགོས་པ་དང་སྔོ་ཚོད་འདེབས་དགོས་པ་སོགས་འདོད་འདོད་ཅིག་བཤད་མོད་ཁོ་པས་དངོས་ལག་བསྟར་ནས་སྔོ་ཚོད་བཏབ་པ་གཅིག་ཀྱང་མ་མཐོང་། མིད་ཐག་ཡན་གྱི་སྐད་ཆ་འདི་དག་བཤད་པར་བརྟེན་འབྲོག་པ་སྡེ་གང་མང་གི་ཧེ་སྡེ་ལ་གྱུར་སོང་། ཡང་ལ་ལ་ཞིག་ད་དུང་ཨུ་ཚུགས་བྱས་ཏེ་བེད་སྒོ་ཕྱུགས་འཚོས་ནས་དཀའ་ལས་མྱོང་གིན་བསྡད་ཡོད། སྔ་ཕྱི་འགལ་བ་དང་སྐབས་འཚོལ་གྱི་སྐད་ཆ་ཁོ་ན་བཤད་ནས་འབྲོག་པ་གླེན་པ་དག་ལ་མགོར་བསྐོར་ཆེན་པོ་ཐེབས་ཡོད་པ་ད་སྐབས་ཇེ་གསལ་ནས་ཇེ་གསལ་རེད། ཡང་མར་ནང་དགེ་འདུན་ཟེར་བ་དེས་«དགེ་བཅུས་དམངས་ཚོགས་ཀྱི་འཚོ་བར་གནོད་ཀྱིན་འདུག་གམ། གང་དུ་འདུག  སུ་ཚང་རེད། ལུང་བ་གང་རེད་ཅེས་མཛུབ་མོ་གདོང་འཛུགས་བྱས་ཏེ་ཕ་རོལ་བ་དག་ལན་མེད་པ་བྱེད་ཀྱིན་འདུག་མོད། དེ་ལ་ཁོ་བོས་ལན་རེ་གཉིས་འདེབས། ལོ་འགའི་སྔོན་ལ་མགོ་ལོག་ཨར་སྐྱོང་གི་མི་ཞིག་དང་དངོས་སུ་ཐུག་ནས་དགེ་བཅུ་ཡོད་མེད་དང་དེས་འཚོ་བར་གནོད་པ་བྱེད་མིན་གྱི་ཁ་བརྡ་བྱས་པར་«མི་དེས་བཤད་པར། དགེ་བཅུ་ཡོད་པ་རེད། ཚུལ་ཁྲིམས་བློ་གྲོས་དངོས་སུ་ཡོང་ནས་བཙུགས་ལ་མ་རེད་མོད་ཁོང་དང་འབྲེལ་བ་ཡོད་པའི་ཨར་སྐྱོང་ས་ཆའི་དགོན་པའི་གྲྭ་བ་ཚོས་བཙུགས་པ་རེད། ཚོང་དང་བཤས་ཆོག་པ་མ་རེད། སྤྱང་ཀིས་བཤད་ལ་དང་རྦབ་ལ་རིལ་བའི་ཤ་མ་གཏོགས་ཤ་བཟའ་ཉེན་གི་མ་རེད་ཟེར།»དེས་ན་འཚོ་བར་དཀའ་ཁག་ཡོད་ངེས་པཱ། ཕྱུགས་ཟོག་ཚོང་དང་བཤས་ཀྱང་མ་ཆོག་དུས་ཁྱིམ་ཚང་གི་འཚོ་བར་དཀའ་ལས་ཡོད་རྒྱུ་རེད་པཱ། ཞེས་དྲིས་པར་«འུམ། ད་དེ་འདྲ་རེད། དབྱར་དགུན་འབུ་མེད་ན་དཀའ་ལས་ཆེ་ཝ། ད་བར་ཅིག་ན་བཏང་ན་སྨན་ཁང་ལ་འགྲོ་དགོས་ཀ དེ་ཡིན་ན་སྨན་རིན་ལ་འང་དཀའ་ལས་ཡོད་ཀི། ལྷག་ཏུ་དེང་སྐབས་སྒོ་མོ་ཞིག་མེད་ན་མ་ག དཀའ་ལས་ཡོད་ནི་ཡོད་ཀི།»ཟེར། ཁོ་མི་དྲང་མོ་དད་པ་ཅན་ཞིག་རེད། དགེ་བཅུ་འཛུགས་མཁན་ལ་གང་ཡང་བཤད་མ་སོང་ལ་ངས་དེ་དག་ངན་པ་རེད་ཅེས་མ་ལབ། འོན་ཀྱང་དཀའ་ལས་ལ་ཐུག་ཡོད་པ་ཁ་བརྡའི་ཟུར་ནས་ཡང་ཡང་བུད་བྱུང་། ཡང་དགོན་པ་ལ་ལརཤ་ཟ་ན་འདོད་ཀྱང་ཟ་རྒྱུར་སྐྲག་པ་དང་ཟ་མའི་ནང་ལ་དེང་གི་ཤ་དྲི་བྲོ་བའི་བྲོ་སྨན་མང་བོ་འདེབས་མཁན་ཧ་ཅང་མང་བ་ས་དེར་སོང་བའི་ལས་ཀ་བ་ཚོང་དངོས་སུ་བཤད་མྱོང་། བྲོ་སྨན་味精་ཟེར་བ་འདི་དེ་ལྟར་འདེབས་པ་ཐོས་ནས་ས་དེའི་གྲྭ་བཙུན་གཙོས་པའི་འབྲོག་པ་དག་ལ་སེམས་ཁུར་སྐྱེས་སོང་། བྲོ་སྨན་འདི་ཟོས་ན་ཕོ་བ་དང་མཆིན་པ་སོགས་ལ་གནོད་པ་ཚབས་ཆེན་ཡོད་པས་ས་གནས་མི་དམངས་ནད་པར་འགྱུར་རྒྱུ་རེད། འདི་འདྲའི་ཡིད་ཆད་པའི་བྱ་བ་འདི་དག་གྲོང་ཁྱེར་དང་ཁ་ཐག་རིང་བའི་འབྲོག་པ་དེ་ཚོའི་ནང་ལ་ཅིའི་ཕྱིར་བྱུང་བ་རེད། རྒྱུ་ཚུལ་ཁྲིམས་བློ་གྲོས་སོགས་ཀྱིས་འབྲོག་པ་ཚོའི་དད་པ་བེད་སྤྱད་དེ་བཤས་ཚོང་བྱས་ན་དམྱལ་བར་ལྷུང་བའི་འཇིགས་བྱས་པའི་རྐྱེན་རེད།