དགོན་སྡེའི་སློབ་གཉེར་དང་འབྲེལ་བའི་གཏམ་འདི་ཡོངས་ལ་སྤྲིངས་པ་ཡིན།

39/464

༼ཁྱེད་གསོན་པོ་ལ་དགའ་འམ་བེམ་པོ་ལ་དུང་། ད་ལྟ་ང་ཚོའི་བྱ་བྱེད་ལས་གསུམ་ནི་བེམ་པོ་གཙོ་བོ་འཛིན་ཞིང་གསོན་པོའི་རྣམ་ཤེས་ཕལ་བ་བཀོད་པ་འདིའོ ། །༽

དེང་གི་དགོན་པ་ཞིག་ལ་མཚོན་སོང་བ་ཡིན་ན་མཆོད་རྟེན་དང་ལྷ་སྐུ་འདུ་ཁང་སོགས་མང་པོ་བཞེངས་བ་དེ་གཙོ་བོ་མ་ཡིན་ལ། དགོན་པ་དེའི་ནང་དུ་བཞུགས་པའི་སློབ་གཉེར་བ་དེ་དག་ལ་སློབ་སྦྱོང་གི་མཐུན་རྐྱེན་ཆ་ཚང་བ་ཞིག་སྤྲད་ཐུབ་པ་དེ་གནད་དུ་སེམས། རྒྱུ་མཚན། མི་རིགས་ཤིག་གི་ཁྱད་ཆོས་སམ་རྒྱུད་འཛིན་ཡིན་ནའང་འདྲ། ཆོས་སྲིད་གཉིས་ཐད་ཀྱི་གཞི་རྩ་འཛིན་མཁན་དེ་ནང་ན་བཞུགས་པའི་མི་ཡིན་པ་ལས་ཕྱིའི་དངོས་པོ་གང་ལའང་རགས་ལས་མེད་པས་སོ། །

གལ་ཏེ་ཁྱེད་ལ་ལྷ་སྐུ་བཞེངས་བའི་བསམ་བློའི་ཆ་རྐྱེན་དང་ལྡན་ན། སྲོག་དང་ལྡན་པའི་ལྷ་སྐུ་གསོན་པོ་བཞེངས་བ་ལས་གྲགས་འགུལ་མེད་པའི་ལྷ་སྐུ་བེམ་པོ་བཞེངས་དང་མ་བཞེངས་མེད། ཡིན་ནའང་དེང་སང་འདིའི་ཐད་ཀྱི་བསམ་བློ་ཡོད་མཁན་བོད་ལ་དཀོན་ཏེ་ཡོད་ཚད་ཀྱིས་ཤུགས་རྒྱག་ས་ཕྱིའི་རྣམ་པ་ཁོ་ན་གཙོ་བོ་འཛིན་པ་འདིའོ། །

དགོན་སྡེ་ནི་ང་ཚོ་བོད་ཀྱི་ཕ་གཞིས་དང་ཆོས་སྲིད་རིག་གནས་ཀྱི་བསྟི་གནས་སུ་ནམ་ཡང་ངོས་འཛིན་གནང་གིན་ཡོད་མོད། དགོན་སྡེ་དེ་ན་བཞུགས་མཁན་གྱི་གྲྭ་བ་རྣམས་ཀྱི་ནང་ན། ཐ་ན་རང་གི་མིང་འབྲི་མི་ཤེས་བ་དང་། ཤེས་ནའང་མི་མང་པོ་དང་ལྷན་དུ་སྡེབས་དུས་གྲོང་ཆོག་འགྲོ་ཐུབ་པ་དང་། རོགས་ཀྱི་དབྱངས་རྟ་དང་བྲལ་ཚེ་གྲོང་ཆོག་ཀྱང་ཁེར་ཚུགས་མི་ཐུབ་པ་ལས། ལྷག་པའི་རིག་གནས་གང་ཡང་མི་ཤེས་པའི་མིའི་གྲངས་ཀ་ཉུང་ཉུང་གཏན་ནས་མིན། དགོན་སྡེ་ཞིག་གི་ཚད་ཐིག་འདི་ལས་སླེབས་མེད་ན་མང་ཚོགས་རྣམས་ནི་ལྟ་ཅི་སྨོས། བོད་གངས་ཅན་ལྗོངས་སུ་ཡིག་རྨོངས་སེལ་ནས་ལོ་ངོ་བདུན་བརྒྱད་ཅིག་འགོར་ཡོད་ལ།འདིའི་ཐད་ཀྱི་བཀའ་དྲིན་ཞུ་ཡུལ་དངོས་ནི་དགོན་པའི་བླ་མ་དང་གྲྭ་བ་རྣམས་ཀྱིས་མང་ཚོགས་ལ་ཡིག་རྨོངས་སེལ་བ་བདེན་ཡང་། ནམ་ཞིག་གི་ཚེ་ན་དེ་ལས་ལྡོག་སྟེ་མི་སེར་ཕོ་མོ་དེ་དག་གིས་དགོན་པའི་བླ་གྲྭ་རྣམས་ལ་ཁྲིད་ལུང་མི་སྤེལ་བའི་ངེས་པ་ཡེ་ནས་མེད་ཅེས་སུ་ཡིས་ཁ་ཚོན་གཅོད་ཐུབ།

ནང་ན་བཞུགས་པའི་སློབ་གཉེར་བ་རེ་རེ་ནི་མི་ཡུལ་གྱི་སངས་རྒྱས་གསོན་པོ་རེ་རེ་ཡིན་ལ། རྒྱན་གྱིས་སྤྲས་པའི་ལྷ་སྐུ་དེ་དག་ནི་རྣམ་ཤེས་ཀྱི་ཚ་དྲོད་ཉམས་པའི་བེམ་པོ་ཞིག་གི་སྐྱེ་བ་རུ་འདོད། ང་ཚོ་ལ་དགོས་ངེས་པ་ནི་གསོན་པོའི་ཤུགས་ལས་བེམ་པོའི་རོ་མ་ཡིན་ཕྱིར། དགོན་སྡེ་ཞིག་ལ་གསོན་ཤུགས་ཀྱི་དྲོད་ཁོལ་རྒྱས་དགོས་ན་ནང་ན་བཞུགས་པའི་སློབ་གཉེར་བ་དེ་དག་གི་གཟུངས་འཇུག་མེད་ན་དགོན་སྡེ་ནི་ནམ་ཡང་སྲོག་དང་བྲལ་བའི་གཟུགས་གཞི་ཞིག་ལས་མ་འདས། གྲགས་འགུལ་མེད་པའི་ལྷ་སྐུ་སྟོང་གིས་སྲོག་དང་ལྡན་པའི་སློབ་གཉེར་བ་གཅིག་ཀྱང་བཞེངས་ཐུབ་བྲལ་ཡང་། དེའི་ཐད་ཀྱི་འགྲོ་སོང་མཐའ་དག་གིས་གསོན་པོ་ལ་འཚོ་གནས་དང་རེ་བ་མངོན་དུ་འགྱུར་བའི་མཐུན་རྐྱེན་སྤྲད་ནུས་པའི་གནས་ལུགས་རྟོགས་ཐུབ་དགོས།

ནམ་ཉི་མ་ཞིག་ལ་ནང་གི་སློབ་གཉེར་བ་དེ་དག་མེད་ན་དགོན་སྡེ་ནི་དེང་སང་གི་དངོས་མང་བཤམས་སྟོན་ཁང་དང་། སྲོག་ཆགས་གླིང་ག་སོགས་ཀྱི་རྣམ་པ་རུ་མི་འགྱུར་བའི་ཉེན་ཁ་མེད་པ་ག་ལ་ཡིན། སྐབས་དེར་དགོན་སྡེ་ཡོངས་རྫོགས་ལྷ་གཉེར་གཉིས་གསུམ་ཞིག་གིས་བདག་ཏུ་བཟུང་ནས་འདུ་ཁང་ནང་གི་ལྷ་སྐུ་རེ་རེ་མི་རིགས་གཞན་པ་ལ་ངོ་སྤྲོད་མདོ་ཙམ་བྱེད་པ་དང་། དེ་དག་གིས་ཀྱང་ཞི་བ་དང་དྲག་པོའི་ལས་མཛད་པའི་ལྷ་སྐུ་དེ་དག་གི་མདུན་དུ་ལངས་ནས་པར་རེ་བླང་ཚར་དུས། བོད་ཀྱི་དགོན་སྡེ་ཁག་ལ་ཡུལ་སྐོར་ཆས་ཟིན་ཟེར་བའི་ཟིན་ཐོ་ཞིག་འབྲི་ངེས། སྐབས་དེ་དུས་ལྷ་སྐུ་དང་མཆོད་རྟེན་འདུ་ཁང་རྫིག་པོ་སོགས་ནི་ཡོང་སྒོ་བཙལ་བའི་གཞི་ལས་ཆོས་ལུགས་རིག་གནས་ལ་ཕན་ཐོགས་བསྐྱེད་པའི་དོན་དུ་འགྲོ་བ་ག་ལ་སྲིད། དེ་དག་ལ་བརྟེན་ནས་འཚོ་བ་བསྐྱལ་བའི་མི་སྐོར་ཞིག་གིས་དགོན་སྡེ་གང་ཞིག་རང་གི་པང་དུ་བླང་ནས་ཁེ་ཕན་བཙལ་བའི་ལག་ཆ་རུ་བེད་སྤྱོད་ངེས་པའི་ལས་འདི་སུ་ཡིས་རྟོགས་པ་མི་སྲིད།

མི་སུ་ཞིག་གིས་ཀྱང་དགོན་སྡེ་ན་གནས་པའི་ཆོས་ལུགས་དང་རིག་གནས་ལ་འདི་ལྟ་བུའི་གྱོང་གུད་མི་ཐེབས་ཞེས་ཁས་ལེན་ཐབས་དབེན་ཕྱིར། འདིའི་ཐད་ཀྱི་གནད་དོན་ནི་མི་གཅིག་གཉིས་ཤིག་གིས་བགྲོ་གླེང་བྱེད་ཡུལ་མ་ཡིན་ལ་ཡོངས་ཀྱིས་དགོངས་པ་གཏད་བའི་ལས་སུ་ངེས།

ཞེས་ཁམས་ཏྲེ་ཧོར་སོག་དགོན་བྲག་ཁ་ཚང་གི་སྨན་མིང་ཙམ་འཛིན་པ་རིག་འཛིན་གཡུལ་རྒྱལ་ལམ། ཏྲེ་ཧོར་གཡུལ་རྒྱལ་དུ་འབོད་པའི་ཧོར་སྟོང་སྐོར་ལིའུ་དགོན་ཆོས་སྡེ་བཀྲ་ཤིས་འཁྱིལ་དུ་སློབ་ཁྲིད་དང་ནད་པ་ལྟ་ཞོར་ནས་དོན་དང་མཐུན་པའི་བསམ་ཚུལ་རྗེན་པ་འདི་ལེགས་པར་སྦྱར་བའོ། །

༢༠༡༨ ༨ ༥ཉིན།