སློབ་གསོ་གླིང་གི་དགེ་བའི་བཤེས་གཉེན་རྣམ་པར་གྲོས་པ།

38/464

གྲོགས་ཚོམས་འདིའི་ངེས་པ་དོན་གྱིས་སློབ་གསོར་སེམས་ཤུགས་འབུལ་མཁན་གྱི་དགེ་བའི་བཤེས་གཉེན་རྣམ་པར་སྐུ་ཚེ་རིང་། བདེ་ལེགས་ཤོག ཁོ་བོ་ལེ་ལོ་དང་སྒྱིད་ལུག་དབང་གིས་ནམ་ཡང་མཉམ་ཞུགས་མ་ཐུབ་ལ། ཡིག་ངོར་ཕབ་པའི་དགོངས་འཆར་དག་ཀྱང་ཁ་བྱང་ཙམ་ལ་མ་གཏོགས་ལྟ་ཁོམ་མ་བྱུང་། ཡིན་ཡང་ཁ་བྱང་དེ་དག་ནི་གནད་ཁེལ་དོན་འདུས། གལ་ཆེན་སེམས་ངལ་གྱིས་གྲུབ་ཅིང་མཐོང་བ་ཙམ་གྱིས་སུ་ཞིག་གིས་ཅི་ཞིག་གིས་གང་ཞིག་ལ་བསྣུན་པ་བཞིན་ཟུག་རྔུ་འབྱིན། དེ་རིང་རྣམ་གཡེང་གི་རྒྱ་ལས་ཅུང་ཟད་ཟུར་དུ་བུད་ནས་ཁ་བྱང་ཙམ་ལ་བལྟས་ནས་དགེ་བའི་བཤེས་གཉེན་རྣམ་པར་རང་གི་དྲན་ཚུལ་ཙམ་བརྗོད་འདོད་པས། མི་འགྲིག་སར་མཐོལ་བཤགས་ཡོང་བ་ཤོག

 

གཅིག ཕྱོགས་སུ་ལྷུང་བའི་མཐོ་རྒྱུགས་ཀྱི་ཉེས་པ། ༼རྒན་སྤེན་པ་ཚེ་རིང་གིས།༽

རྒྱུགས་དམིགས་སློབ་གསོར་ཡུན་རིང་འབད་པའི་ཉེས་དམིགས་བྱང་ཚད་སློབ་གསོས་ཁ་གསབ་བྱེད་དགོས་བསམ་ཡང་། ད་ལྟ་ད་དུང་བཤད་དུས་བྱང་ཚད་སློབ་གསོ་གཙོ་བོ་དང་། སྒྲུབ་དུས་རྒྱུགས་དམིགས་སློབ་གསོ་གཙོ་བོ་རེད། དེ་ནི་མཐོ་རྒྱུགས་ཙམ་མ་ཟད་ཡོངས་ཁྱབ་རང་བཞིན་རེད། ཉེས་པ་འདི་ཉེས་མེད་དུ་བཟོ་དགོས་ན། ཡིག་རྒྱུགས་གཏན་ནས་མི་དགོས་པ་མིན། དེ་ནི་བསླབ་གཞི་ལ་དང་སློབ་ཁྲིད་ཐབས་ལམ། ཡིག་རྒྱུགས་ལ་བཅོས་སྒྱུར་བྱ་རྒྱུ་དེ་རེད། དེ་ནི་དགེ་རྒན་ཙམ་པོས་བསྒྱུར་ཐུབ་པ་ཞིག་གཏན་ནས་མིན། ད་ལྟ་རྒྱལ་ཁབ་སློབ་གསོ་པུའུ་ནས་དེ་དག་བཅོས་སྒྱུར་གྱི་ཐབས་ལ་བརྩོན་དང་འབད་ཀྱིན་ཡིན་པས། ང་ཚོས་ཀྱང་དེར་དམིགས་ནས་སློབ་ཁྲིད་ཐབས་ལམ་ལ་བཅོས་སྒྱུར་དང་ཡིག་རྒྱུགས་ཀྱི་ཉེས་པ་སེལ་ཐབས་འཚོལ་རྒྱུ་ནི་མིག་མདུན་གྱི་ལས་དང་པོའོ།།

 

གཉིས། རྗེས་ལུས་ཅན་གྱི་སློབ་མའི་སྦྱངས་འབྲས་མཐོར་གཏོང་བའི་སྐོར་གླེང་བ།

འདིར་བཤད་པའི་རྗེས་ལུས་ཅན་གྱི་སློབ་མ་ཞེས་པ་ཡིག་ཚད་སྐར་གྲངས་དམའ་བའི་སློབ་མར་བཤད་ཀྱིན་ཡོད་ན། དེ་ནི་རྒྱུགས་དམིགས་སློབ་གསོའི་འོག་གི་སྐར་མ་རྗེས་ལུས་ཅན་གྱི་རྒྱུགས་འབྲས་མཐོ་རུ་གཏོང་ཐབས་སྐོར་བཤད་ཀྱིན་པ་འདྲ། དེང་རབས་སློབ་གསོའི་གཞུང་ལུགས་ཤིག་ཏུ་བརྟག་དཔྱད་མཇུག་འབྲས་འཁོད་པ་ལྟར་ན། ཀྲུང་གོའི་སློབ་མའི་རྒྱུགས་འབྲས་ནི་འཛམ་གླིང་སྟེང་གི་རྒྱལ་ཁབ་གང་ཞིག་གི་སློབ་མ་ལས་ཀྱང་རྒྱུགས་འབྲས་བཟང་བར་བཤད། ལོ་ཉེར་ལྔའི་རྗེས་ཀྲུང་གོར་ནོལ་པེལ་བྱ་དགའ་སོགས་ཐོབ་མཁན་གཅིག་ཀྱང་བྱུང་མ་སོང་ལ། ཨ་རི་གཅིག་པུར་ནོལ་པེལ་བྱ་དགའ་ཐོབ་མཁན་དགུ་བཅུ་ལྷག་བྱུང་། འདི་ནི་དངོས་ཡོད་གནས་ཚུལ་རེད། དེས་ན་ང་ཚོས་ད་དུང་སློབ་མའི་རྒྱུགས་འབྲས་མཐོ་རུ་གཏོང་ཐབས་ཁོ་ནར་བསམ་ན་འགྲིག་གམ་བསམ་མནོ་གྱིས། སྤྱིར་སློབ་མར་སློབ་ཐབས་འཚོལ་བ་དང་། སྦྱང་འདོད་ཀྱི་བློ་ཡོད་ན་དེར་རྒྱབ་སྐྱོར་དང་བློ་གྲོས་སྟོན་པ།སྦྱང་འདོད་ཀྱི་བློ་མེད་ན་སེམས་གསོ་དང་བློ་སྐྱེད་པ་བཅས་ཀྱིས་སློབ་མར་མི་ཚེའི་ཆོས་ཉིད་རྟོགས་པར་འཇུག་རྒྱུ་དམིགས་ཡུལ་དུ་བཟུང་ན་ཤེས་སྤྱོད་གཉིས་ལྡན་གྱི་མི་གཞི་ཚད་ལྡན་ཅན་ལུ་གུ་རྒྱུད་དུ་མི་འབྱུང་ཡང་གཅིག་ཀྱང་མི་འབྱུང་བ་མི་སྲིད་དོ།།

 

གསུམ ཁྱིམ་ཚང་སློབ་གསོ་ནི་སློབ་གསོའི་རྩ་བ་ཡིན་པའི་སྐོར་ཅུང་ཟད་གླེང་བ།

སློབ་གསོར་དབྱེ་བ་སུམ་ལྡན་དུ་གཅིག་གྱུར་འདོད་དེ། དེའི་ནང་ཁྱིམ་གཙང་སློབ་གསོ་རྩ་བ་ཡིན་ཞེས་པའང་མི་འགྲིག་པ་མེད་དེ། དེས་ན་ཁྱིམ་ཚང་སློབ་གསོ་ཞེས་པ་གང་འདྲ་ཞིག་ལ་གོ་དགོས་པ་དེ་རྩ་བ་རེད་བསམས། ཁྱིམ་ཚང་སློབ་གསོ་དང་། སློབ་གྲྭའི་སློབ་གསོ། སྤྱི་ཚོགས་སློབ་གསོ་གཅིག་ཚབ་གཅིག་གིས་བྱེད་མི་ཐུབ་ལ། གཅིག་ལ་གཅིག་བྲལ་ཡང་ག་ལ་ཐུབ། དེས་ན་ཁྱིམ་ཚང་སློབ་གསོ་ནི་ཤེས་རིག་སློབ་གསོ་མིན་ལ་སྤྱི་ཚོགས་སློབ་གསོ་ཡང་དེ་བས་མིན། དེ་ཚོ་གཅིག་ཏུ་བཟུང་བས་སློབ་གྲྭ་ནས་དགེ་རྒན་ལ་བསྐྲག ཁྱིམ་དུ་ཕ་མར་བསྐྲག སྲང་བར་དུ་སྤྱི་བདེར་བསྐྲག དེ་འདྲའི་སྐྲག་འཇིགས་ཀྱིས་ནར་སོན་པའི་སློབ་མ་རྣམས་ལ་གསར་གཏོད་ཀྱི་སྙིང་སྟོབས་དབེན་ཞིང་། བརྗོད་འདོད་ཀྱི་སྙིང་ཁམས་མེད་པས་འདི་ནི་སློབ་གསོའི་ཐབས་ལམ་ནོར་བས་ཡིན། ཁྱིམ་ཚང་ནི་བུ་ཕྲུག་གི་མི་ཆོས་ཀུན་སྤྱོད་བསྐྱོང་སའི་གནས་མཆོག་དེ་ཡིན། མི་གཞི་ལྡན་ཞིང་མི་གཤིས་ལེགས་པའི་རྩ་བ་ཁྱིམ་ཚང་ནས་གཟུག་དགོས། ཕ་མ་ནི་དགེ་རྒན་ཐོག་མ་ཡིན་ཟེར་བ་དེའང་འདི་ལ་གོ་བ་ལས། སློབ་མའི་ཤེས་བྱའི་དགེ་རྒན་ཐོག་མ་ཡིན་ཞེས་པར་མི་གོ། དེང་དགེ་རྒན་གྱིས་ཁྱིམ་བདག་ལ་སློབ་མ་དང་འབྲེལ་ནས་སྦྱང་གཞི་བཀོད་སྒྲིག་བྱེད་པ་ནི་ཆེས་ནོར་འཁྲུལ་ཅན་ཞིག་སྟེ། ཁྱིམ་བདག་ཚང་མ་དགེ་རྒན་གྱི་ཆེད་ལས་དང་འབྲེལ་བའི་ཡོན་ཚད་ལྡན་ན། དགེ་རྒན་ནི་སུས་ཀྱང་བྱས་ཆོག དགེ་རྒན་ལ་གོང་རྒྱལ་ཁབ་རིམ་པ་ནས་ཞོལ་སློབ་གྲྭའི་བར་དུ་ཚད་གཞི་རབ་དང་རིམ་པ། དགེ་རྒན་བཅའ་ཁྲིམས། དགེ་རྒན་འཛིན་ཡིག་སོགས་གཅིག་ཀྱང་མི་དགོས། ཁྱིམ་ཚང་སློབ་གསོ་ལེགས་ན་མི་གཞི་ཚད་ལྡན་ཡིན། དེའི་སྟེང་དགེ་རྒན་གྱིས་ཤེས་རིག་ཚད་ལྡན་ཁྲིད་ན་ད་བཟོད་ཤེས་སྤྱོད་གཉིས་ལྡན་ཡིན།

 

བཞི། ངའི་སང་ཉིན་ལ་རེ་བ་ཡོད།༼ཁྲི་ཏོ་རེའི་གཏམ་བཤད།༽

ཐོག་མར་ཞིབ་ཏུ་མ་ཉན་པར་དཔྱད་བརྗོད་སྤེལ་བར་མ་གུས་མ་མཐོང་བ་ཡིན་མོད། དུས་ཀྱིས་རྐྱེན་པས་རྗེས་ལ་ཞིབ་ཏུ་ཉན་རྗེས་བསམ་ཚུལ་ཡོད་ན་བཀོད་ཡོང་། སྤྱིར་ང་ཚོའི་རིག་གནས་ནི་བསམ་བློའི་རིག་གནས་ཡིན་ཞིང་བསམ་བློ་ཧ་ཅང་ཕྱུག་པོ་ཡིན། ང་ཚོར་ཆེད་དམིགས་དཔལ་འབྱོར་རིག་གཞུང་མེད་ཀྱང་། སྣོད་བཅུད་ལ་བཟུང་བའི་ཕུལ་བྱུང་རིག་གནས་འདིས་ང་ཚོ་ད་ལྟའི་བར་ལྟོགས་སྐོམ་བྱུང་མ་མྱོང་ཞེས་ན་ཆོག དེང་དཔལ་འབྱོར་ཁོ་ན་གཙིགས་སུ་འཛིན་པའི་དུས་འདིར་བསམ་བློ་ཅན་ཉམས་དམའ་ཞིང་། རྒྱུ་དབང་ཅན་མགོ་མཐོ་བ། མི་ཆེ་ཕྲ་ཐམས་ཅད་རྒྱུ་ནོམ་ཁོ་ནར་རེ་ཞིང་། དེར་སྨྱོ་བ་ལྟར་དགའ་བ་བྱེད། དེ་ནི་ཡང་མི་འགྲིག་པ་མེད་དེ། མ་འོངས་རེ་བར་རང་གི་བསམ་བློའི་རྒྱུ་ནོམ་སྟེང་དུ་དངོས་པོའི་རྒྱུ་ནོམ་འཛོམས་ན་ཡར་སྒྲོན་སྟེང་ལ་ཡང་རྩེ་ཡིན། དེ་མ་ཡིན་པར་རྒྱུ་ནོར་གསོག་པ་ནི་ཁང་པའི་བཟང་ངན་འགྲན་པ། མོ་ཊའི་ཚོང་རྟགས་འགྲན་པ་བཅས་ཀྱི་ཆེད་ཡིན་དུས། རྒྱུ་ནོར་མེད་ཀྱང་མི་སྐྱོན་ནོ།། དེས་ན་དེང་གི་སློབ་མ་རྣམས་ལ་རང་གི་བསམ་བློའི་རིག་གནས་མ་བརླགས་པའི་སྟེང་དཔལ་འབྱོར་བསྐྲུན་ཐུབ་པ་བྱུང་ན་རབ་དང་། དེ་མིན་རྩ་བ་བསམ་བློ་བོར་ནས་ཡལ་ག་དཔལ་འབྱོར་ལ་འཇུས་ན་རང་ཉིད་བརླག་པའི་རྒྱུ་རུ་མི་འགྱུར་གྲངས། དེ་ཡང་། རིག་གནས་དང་དཔལ་འབྱོར་ནི་བརྩོན་པ་ཁོ་ནར་བསྟེན་དགོས་པས། འདོད་ཆུང་ཆོག་ཤེས་ཀྱི་བསམ་བློ་དང་བརྩོན་འགྲུས་བར་ལ་རྟོགས་སེལ་ཐུབ་པའི་བློ་ཡིས་མ་འོངས་ཕུགས་འདུན་ལ་རེམ་རྒྱུ་དེ་བས་ཀྱང་གལ་ཆེ་བའང་ཤེས་པར་འཇུག་དགོས་འདོད་དོ།།

གོང་གསལ་ནི་རྨོངས་ཚོད་གྱིས་བྲིས་ཤིང་ཀུན་ལ་གྲོས་ཚུལ་ཡིན་པས། ཀུན་གྱིས་ཅི་གསུངས་གྲོས་མ་མདུན་དུ་བྱེད་དོ།།

༢༠༡༩-༣-༢༣ཉིན་ཡར་ཀླུང་ཤམ་ཆུའི་འགྲམ།