ནམ་ལངས་པ། ཁ་ཆར།

117/545

ནམ་ལངས་པ་ནི་ས་རུབ་པའི་བལྟོས་བཅས་སུ་གྱུར་པའི་ཐ་སྙད་ཀྱི་ངོ་བོ་ལས། འབྱུང་ཁམས་ཀྱི་ཆོས་ཉིད་མཚོན་པར་བྱེད་པའི་རྗེས་གྲུབ་ཀྱི་མིང་ཞིག་རེད།

སྤྱིར་ན་དཀར་ངོགས་ཀྱི་འཇིག་རྟེན་འདི་ན་འགྲོ་བ་མིའི་རིགས་ཐོག་མར་བྱུང་བ་ནས། རབས་གོང་མ་ཚོས་མ་བསམ་ས་ནས་འུ་ཚོའི་ཁྲག་རྒྱུན་དུ་ནང་དུ་བག་ཆགས་འདི་འདྲ་ཞིག་བཞག་པ་ནི། མཐོང་སྣང་བསྒྲིབས་པའམ་མུན་འཐིབ་སོང་ན། རྟོག་འགྱུ་ཡི་ངོས་སུ་རང་བཞིན་གྱིས་འཇིག་སྣང་དང་དངངས་སྐྲག དོགས་མི་བདེ་བ་ཡོང་བཞིན། ས་ཚུར་ཚུར་རུབ་ཡོང་སྐབས་ས་ཐག་རྒྱང་པའི་མི་བུ་དག་ཕ་ཡུལ་དུ་ལོག་འདོད་ཅིང་མི་མཐུན་པའི་མཛའ་གྲོགས་དག་གིས་རང་གི་རོགས་ཟླ་ལ་ཞེ་འཁྲེན་པར་བྱེད་ཞོར། སེམས་སུ་སྐྱོ་ཤས་ཤིག་དང་ཁེར་རྐྱང་གི་སྣང་བ་ཞིག་བཅོས་མིན་དུ་སྐྱེ་བར་བྱེད། དེ་ནི་ཕལ་ཆེར་ངེད་ཚོའི་མེས་པོ་དག་ནགས་གསེབ་ཏུ་འཚོ་བཞིན་པའི་སྐབས། ས་རུབ་ན་སྟག་གཟིག་དོམ་འདྲེལ་སོགས་གཅན་གཟན་གཞན་གྱི་འཇིག་པ་ཆེ་ཞིང་གྲང་ཟུག་གིས་ཆེས་མཐའ་མའི་དབུགས་ཀྱི་རྒྱུ་བ་དེ་ཡང་འགག་ངེས་ལ། སྒོས་སུ་ཁ་འཐོར་དུ་གྱུར་པ་དག་གི་ཚེ་སྲོག་ལ་དེ་བས་ཀྱང་འཇིག་པ་འཕྲད་ངེས་པས་ཡིན་ངེས། དེས་རྐྱེན་བལྟོས་བཅས་ཀྱི་ནམ་ལངས་པས། ང་ཚོར་རེ་བ་དང་ཡིད་ཆེས། རང་དབང་དང་སྤོབས་པ། དྲོད་འཁོལ་དང་སྙིང་སྟོབས་ཤིག་སྦྱིན་པར་བྱེད་པས། ནམ་ལངས་པ་ཞེས་པའི་མིང་བརྡ་དེར་ལྷན་ཅིག་ཏུ་སྐྱིད་སྣང་གི་ཉམས་རྟོགས་ཤིག་མཉམ་དུ་འདྲེས་ཡོད།

རྒྱུན་པར་འཛིན་གྲྭ་གསར་པ་རེ་ལེན་སྐབས། ངས་ཐོག་མར་སློབ་མ་ཚོར༼ ཁྱེད་ཀྱིས་ནམ་ལངས་པ་ཇི་ལྟར་ཤེས་ནུས ༽ཞེས་པའི་དྲི་བ་རེ་འདོན་གྱི་ཡོད། སློབ་མ་ཚོས་འདེབས་འོང་བའི་ལན་ནི། བྱ་སྐད་ཐོད་ན་ནམ་ལངས་པ་ཤེས་ཐུབ། ཨ་མའི་སྐད་གོ་ན་ནམ་ལངས་པ་ཤེས་ཐུབ་སོགས་འདྲ་མིན་སྣ་ཚོགས་ཤིག་འདེབས་པར་བྱེད། ཨ་ཅང་ཅང་འདི་ཚོ་ནི་ཁོ་ཚོའི་ཤེས་ཚོད་ལོ་ཚོད་དང་འཚམ་པའི་གོ་རྟོགས་ཤིག་རེད།

ཡིན་ཡང་། རྟོགས་བཏགས་ཀྱི་ཞིང་ཁམས་ཀློང་ན། འཆར་ཡན་གྱི་འཇིག་རྟེན་བསྐྲུན་པར་ནང་ཡུལ་ཅན་གྱི་མུན་པ་མ་གསལ། བློ་གསལ་རིག་གི་ནམ་མ་ལངས་པར་ཕྱི་ཡུལ་གྱི་སྐྱ་མདངས་ཤིག་གིས་ཡོད་ཚད་ལ་སྙོབ་སྙོབ་བྱེད་འདོད་པ་ནི་ཁབ་མིག་སྟོང་པས་སྟོང་གསུམ་གྱི་ཁམས་ཆེན་མོ་གཞལ་འདོད་པ་དང་རེ་ཞིག་མཉམ་ཉིད་དུ་གྱུར་རོ།། དེ་ཡང་། འབྱུང་རབས་ཀྱི་བཤད་རྒྱུན་ཞིག་ལ། སྡེ་སྲིད་ཀྱིས་ལྔ་པ་ཆེན་པོ་དགོངས་པ་རྫོགས་པ་ཚངས་དབྱངས་རྒྱ་མཚོ་མི་ལོ་བཅུ་དྲུག་བར་དུ་ཐབས་ཀྱིས་གསང་བ་དམ་བསྒྲགས་བྱས་ཐོག སྐབས་གཅིག་ཏུ་ལྔ་པ་ཆེན་པོ་དགོངས་པ་རྫོགས་པ་དང་ཡང་སྲིད་སྐུ་ཕྲེང་དྲུག་པ་དགུང་གྲངས་བཅུ་དྲུག་ལ་སོན་པ་ཁྲོམ་བསྒྲགས་བྱས་པས། བོད་མི་རྣམས་ཀྱིས་སྡེ་སྲིད་སངས་རྒྱས་རྒྱ་མཚོ་ཡི་བཀའ་དྲིན་ལས། བོད་གངས་ཅན་ལྗོངས་ལ་ས་རུབ་པ་མ་ཚོར་གོང་ལ། ནམ་ལངས་པ་ཤེས་བྱུང་ཞེས་བསྟོད་བསྔགས་ཀྱི་མེ་ཏོག་གཏོར་བར་བྱེད། དེ་ནི་སྐབས་དེའི་བོད་མི་རྣམས་ཀྱི་ནམ་ལངས་སྟངས་ཀྱི་རྣམ་པ་ཞིག་རེད།

དེ་ལྟར་ན། ཉེར་གཅིག་དེང་གི་ཆ་འདིར་ནམ་ལངས་པར་ཐ་སྙད་ཀྱི་འགྲེལ་པ་གང་འདྲ་ཞིག་འཇོག་དགོས་སམ། གནད་ལུགས་ཀྱི་བདེན་ཁ་ཇི་ལྟ་བུ་ཞིག་བསྩོལ་དགོས། ངོ་མ་ཁ་ནང་འཁོར་གྱི་ཞིབ་འདང་རེ་མ་བྱེད་ཐབས་མེད། བྱས་ནས་ཀྱང་མཆོད་སེམས་ཀྱི་གཙུག་ཏོར་རེ་མ་བཞེངས་ཀ་མེད་ལགས།

2019/1/27ཉིན།