དཔྱིད་ཀའི་ཚོར་སྣང་ཞིག སྡེ་དགེའི་ཆར་ཟིལ།

116/545

ས་གཞི་དྲོས་པའི་རླུང་ཆེན་དང་འགྲོགས་ཏེ། དཔྱིད་ཀྱི་སྒེག་མོ་དལ་ལྷོད་ལྷོད་ངང་ནས་ཕེབས་ཡོང་དུས། དཔྱིད་ཀྱི་སྒེག་མོ་ལྗང་མྱུག་གི་ལོ་འདབ་དང་འགྲོགས་ནས་ང་ཚོའི་མིག་མདུན་དུ་འཆར་འོངས་ལ། དཔྱིད་ཀྱི་སྒེག་མོས་དྲོད་ཁོལ་གྱི་ཉི་འོད་ཁྱེར་འོངས་ནས་ས་གཞི་ལ་དྲོད་ཁོལ་གསར་བའི་འོད་སྣང་སྦྱིན། དཔྱིད་ཀྱི་སྒེག་མོས་དགུན་འཁྱག་རླུང་གི་གྲང་ངར་རྒྱང་ལ་སྐྱུར་ནས་དྲོད་འཇམ་གྱི་བསིལ་རླུང་གི་བསེར་བུ་བསུ་འོངས་དུས། ང་ཚོས་རེ་ཞིང་སྒུག་པའི་དཔྱིད་ཀྱི་རླུང་བུ་འཇམ་པོ་དེ་དལ་མོ་ངང་ནས་ས་གཞི་འཛིན་མའི་གཞི་རུ་སླེབས་ཉིན་ནས་བཟུང་། ས་གཞི་སྟེང་གི་སྐྱེས་དངོས་དང་སྲོག་ཆགས་འབུམ་ཕྲག་གི་ཚེ་སྲོག་གསར་བ་རྒྱས་ཤིང་། ས་གཞི་འཛིན་མའི་ཁྱོན་ལ་སྔར་ལས་ལྷག་པའི་མཛེས་སྡུག་དང་བདེ་སྐྱིད་ཀྱི་ལྗང་མདོག་གི་འཇིག་རྟེན་གསར་བ་ཞིག་བཞེངས་སྐྲུན་བྱས་ཏེ། མེ་ཏོག་སྣ་ཚོགས་ཀྱི་ཡུལ་ལྗོངས་ཤིག་དང་ངག་སྙན་གྱི་གསུང་སྙན་གྲགས་པའི་མི་ཡུལ་གྱི་དག་ཞིང་ཞིག་ང་ཚོའི་མིག་མདུན་དུ་མངོན་པའི་ཚེ་ན། དཔྱིད་ཀའི་རྣམ་པ་དང་དཔྱིད་ཀའི་མཛེས་ལྗོངས་ང་ཚོའི་ནམ་ཡང་མིག་ལམ་ནས་ཡལ་མི་སྲིད། ཡིན་ཡང་མི་ཡུལ་གྱི་དག་ཞིང་རྣམ་པ་དཔྱིད་ཀའི་མཛེས་ལྗོངས་འདི། ལས་དམན་གྱི་སྐལ་བ་ཕྲ་བའི་ང་ཚོའི་མིག་གི་ལོངས་སྤྱོད་དུ་འགྱུར་བའི་དུས་ཚོད་དང་སྐལ་བ་ཡེ་ནས་མི་ལྡན་པ་ནི་ཅི་འདྲའི་ཡིད་སྐྱོ་དགོས་པ་ཞིག་རེད་ཨང་། རྒྱུ་མཚན་ནི་གོ་སྐབས་དང་དབང་སྐལ་མེད་པའི་ལས་དམན་བདག་འདྲ་མང་པོ་ཞིག་ལ་ཕྱིའི་ཆ་རྐྱེན་དང་ནང་གི་ཆ་རྐྱེན་ཅི་ཡང་མི་འཛོམས་པས་མི་ཡུལ་གྱི་དཔྱིད་ཀའི་མཛེས་ལྗོངས་རྣམ་པ་མིག་གི་དཔྱིད་ཀྱི་རྒྱལ་མོའི་དགའ་སྟོན་དུ་མངོན་པའི་ལས་སྐལ་གནའ་ནས་ཆད་ཡོད། ནམ་ཡང་ཁྲོན་པའི་དོང་ཞབས་ཀྱི་སྦལ་བ་ལྟ་བུའི་ལས་དབང་དང་། གོ་ཁ་གྲུ་བཞི་མ་གཏོགས་ས་ངོ་མི་ཤེས་པའི་ཕུགས་འདུན་ལས་མེད་པའི་ང་དང་ང་ལྟ་བུ་དག་ལ། ཕྱོགས་གང་ཅིའི་ཐད་ནས་མིག་རྒྱང་དང་སེམས་འདུན་རིང་བོ་མེད་ལ། ནམ་ཡང་མགོ་སྒུར་སྒུར་དང་གཉའ་ཞུམ་ཞུམ་གྱི་སྒོ་ནས་རང་ཉིད་ཤོང་བའི་ཁོར་ཡུག་དོག་མོ་ཞིག་འདེམས་ནས། ས་རྒྱ་ཅི་ཡང་མི་ཆོད་པར་གོམ་གང་སྤོ་བའི་སྤོབས་པ་དང་། རྒྱང་ལ་ལྟ་བའི་སེམས་འདུན་མེད་པར་མགོ་སྒུར་ནས་དཔྱིད་ཀའི་ཡུལ་ལྗོངས་སེམས་སུ་སྒོམ་པ་ལས་མིག་གིས་ལོངས་སུ་སྤྱོད་པའི་སྐལ་བ་ཡེ་ནས་མེད། དགུན་ཁ་ཚར་ནས་དཔྱིད་ཀ་སླེབས་པ་དང་། དཔྱིད་ཀ་སླེབས་ནས་དབྱར་ཁ་ཚེས་པ་དང་། དབྱར་ཁ་ཚར་ནས་སྟོན་ཁ་ཐོན་པའི་གོ་རིམ་ཆ་ཚང་ཞིག་ཀྱང་ཤེས་ཀྱིན་མེད་པའི་ང་དང་ང་ལྟ་བུ་དག་ནི་ཇི་འདྲའི་མིག་མདུན་དང་ཕུགས་རྒྱང་མེད་པའི་མི་བུ་མདོ་མེད་དང་མི་བུ་ནུས་མེད་ཤ་སྟག་མ་ཡིན་ནམ། མི་ཚེ་གཅིག་འདི་ལྟར་རིམ་བཞིན་རྒས་པའི་གོ་རིམ་ཚོར་མེད་གྲགས་མེད་སྒོས་འགྲོ་བཞིན་པའང་ཤེས་ཀྱིན་མེད་པ་འདི་ནི་ཅི་འདྲའི་ཡ་ང་དགོས་པའི་དོན་ཆེན་ཞིག་མ་ཡིན་ནམ། ཞིབ་འདང་རེ་བརྒྱབ་ན། དཔྱིད་ཀ་འདི་འདྲའི་མང་པོ་ཞིག་ང་ཚོས་ཚོར་མེད་དོན་མེད་ཀྱི་སྒོ་ནས་ཕར་སྐྱེལ་ནས། དཔྱིད་ཀའི་མཛེས་ལྗོངས་རྣམ་པ་རང་སེམས་དང་མིག་ཟུང་གིས་ལོངས་སུ་སྤྱད་མེད་པ་ནི་ཅི་འདྲའི་ཡིད་ཕངས་དགོས་པ་ཞིག་རེད་ཨང་།

ནམ་རྒྱུན་ཤེས་མེད་ཚོར་མེད་ཀྱིས་རང་ཉིད་ཀྱི་མི་ཚེའི་གོ་རིམ་དུས་ཚིགས་ཀྱི་འགྱུར་ལྡོག་དང་བསྟུན་ནས། སྡུག་བསྔལ་ཆེན་པོ་བཞིའི་ཕྱོགས་སུ་གོམ་ཁ་ཇེ་ཉེ་དང་ཇེ་ཉེ་ཡིན་པའི་འཇིགས་དངངས་ཀྱི་ཚོར་བ་ཞིག་ཡེ་ནས་སྐྱེས་ཀྱིན་མེད་པར། ནམ་རྒྱུན་འདུལ་བར་དཀའ་བའི་རང་སེམས་གྱོང་བོའི་གཡོག་ཏུ་ཚུད་དེ་རང་དོན་དང་ཁེ་ཕན་རྐྱང་རྐྱང་གི་ཆེད་དུ་ཤ་ཐང་འབད་ཐང་སྒོས་འདུར་བ་ལས་མི་ཚེའི་དཀྱོགས་མཚམས་ན་དཔྱིད་ཀའི་མེ་ཏོག་བཞིན་བཞད་དེ་རྙིད་པར་འགྱུར་བའི་རང་ལུས་འདི་ལ་གཙིགས་ཆེན་དང་དོ་སྣང་གང་ཡང་བྱེད་ཀྱིན་མེད་པར། རང་སེམས་འདི་ད་དུང་རྒས་མེད་འཆི་མེད་ཀྱི་ལམ་ན་གནས་ཡོད་པའི་སྟོང་བསམ་གྱི་གཞུ་ལ་མདའ་ལྟོང་སྤྲད་དེ། འཆར་ཡན་སྣ་ཚོགས་ཀྱི་ཀློང་རིམ་ན་བཟི་སྣང་གི་མགོ་བོ་གནམ་ལ་མ་ཤོང་བར་ཉེས་བསགས་ཀྱི་སྡིག་པ་མང་པོ་གསོག་བཞིན་པའི་གླེན་རྟགས་འདི་ལ་ཅི་འདྲའི་དགོད་རེ་བྲོ། མི་ཚེ་རྒས་བཞིན་པའི་བར་གསེང་ན་ཡང་བསྐྱར་དཔྱིད་ཀ་ཞིག་ག་ལེར་ཚུར་ཡོང་བཞིན་འདུག་པ་ལ་དགའ་སྣང་དང་སྐྱོ་སྣང་འདྲེས་མའི་ཚོར་བ་ཞིག་ངའི་རང་སེམས་ལ་བབས། མེ་ཏོག་གི་དྲི་བསུང་དང་དག་སྙན་གྱི་གསུང་སྙན་དྲན་དུས། རང་སེམས་འདི་སྐྱིད་སྣང་གིས་བཟིའགྲོ་ལ། སྟོན་ཁ་དང་མི་ཚེ་རྒས་གཉེར་གྱི་མདུད་པ་དྲན་ཚེ། རང་སེམས་འདི་སྐྱོ་སྣང་འབུམ་ཕྲག་གིས་གཙེས་འགྲོ། དབྱར་ཕ་མ་འདྲ་བོ་འཇབ་ནས་ཐོན་པ་དང་དགུན་རྒྱ་སྟག་འདྲ་བོ་ངུར་ནས་ཐོན་པའི་དུས་ཚིགས་ཅི་འདྲའི་མང་པོ་ཞིག་ང་ཚོས་ནང་སེམས་ཀྱི་མྱོང་ཞིང་དང་ཕྱི་ལུས་ཀྱི་ཚོར་བར་བྱས་ཏེ། སྐྱིད་སྡུག་འདྲེས་མའི་ལོ་ཟླ་རིང་མོ་ག་ཙམ་དུས་ཚིགས་ཀྱི་འཁོར་སྐྱོད་བར་ནས་འབོར་དུ་བཅུག་མྱོང་བ་དྲན་ནམ། དཔྱིད་ཀ་ནི་ནམ་ཡང་སེམས་ཁོང་ནས་ཚེས་ཤིང་སེམས་ཁོང་ནས་ཡལ་བའི་བརྗེད་མེད་རྟག་བརྟན་གྱི་དུས་ཚིགས་བཟང་ཤོས་ཤིག་ཡིན་ནའང་། སྟོན་མཇུག་གི་སྡོང་ལོ་སེར་བོས་ནམ་ཡང་སེམས་ཁོང་ལ་སྐྱོ་སྣང་དང་མཆི་མའི་ཁེངས་པའི་རྟག་བརྟན་གྱི་དྲན་ཤིང་རིང་མོ་ཞིག་ཝ་ལེར་ཤར་འོངས་པས། ངའི་རང་ཉིད་ཀྱི་མི་ཚེ་གོ་རིམ་ལ་ཡིད་འོང་གི་ལོ་ཟླ་ཞིག་ནམ་ཡང་ཡོད་མི་སྲིད་པའི་སྡོམ་ཚིག་ཅིག་བཀོད་དེ། མིའི་རིགས་ནི་ནམ་ཡང་མི་ངོ་ལས་རྒྱུ་ངོ་གཙོ་བ་དང་། ཡུན་འགྲོགས་ཀྱི་གཤིས་བཟང་ཟོག་ལས་དམན་པ། ཕྱི་ཐག་གི་བརྩེ་བ་དབྱར་ཁའི་གནམ་ངོ་ལས་མ་འདས་པས། ང་ནམ་ཡང་ཡིད་ཆེས་མེད་པའི་མི་ཡུལ་གྱི་དག་ཞིང་ཁམས་ན་ཁེར་རྐྱང་དང་ཐེ་ཚོམ་གྱི་རྒྱ་རུ་ཚུད་དེ། མི་རྟག་པའི་དུས་ཚིགས་ཀྱི་རང་བཞིན་ནི་བསླུ་བ་མེད་པའི་ལས་འབྲས་ཀྱི་མཚོན་རྟགས་ཡིན་པའི་བདེན་དཔང་དུ་བརྩིས་ནས། ཟོ་ཆུན་བཞིན་འཁོར་བའི་དཔྱིད་ཀ་ཞིག་ཡང་བསྐྱར་སླེབས་པ་ལ་དགའ་སྐྱོ་ཉིས་འཛོམ་གྱི་རྟེན་འབྲེལ་གྱི་ཐོག་མ་ལ་སྐད་ངག་གི་དབྱངས་རྟ་ངག་ཏུ་བཀུག་ནས་སྐྱོ་གླུ་རིང་མོའི་འགྱུར་ཁུགས་ཤིག་སུ་ལ་ལེན་དགོས་པར་མནོ་བསམ་བཏང་ནས་གཉིད་གཏན་དུ་ཡོང་གིན་མེད་དོ། །