ཟླ་བ་དང་གཡུ་མཚོ། དུང་ཞེན་ཉི་མ། (འཇོ་མདའ)

115/545

ནམ་མཁའ་ནས་ཆར་བ་སིམ་སིམ་འབབ་ཅིང་། བར་སྣང་ནས་འབྲུག་སྐད་ལྷང་ལྷང་གྲགས་པའི་དབྱར་གཞུང་དེར་ཟླ་བ་ནི་དགའ་སྡེ་གྲོང་དུ་ཡོང་བ་ཐེངས་དང་པོ་ཡིན། ཡིན་ན་ཡང་དགའ་སྡེ་གྲོང་གི་ཡུལ་མི་དེ་ཚོས་ཟླ་བ་ནི་ངོ་ཤེས་པའི་མི་དང་ཡུན་འདྲེས་ཀྱི་གྲོགས་ལྟ་བུ་བརྩིས། ལྷག་པར་དུ་གཡུ་མཚོ་ཟེར་བའི་བུ་མོ་ལོ་ཉུང་ཞིག་གིས་ཁོ་ལ་མ་བཅོས་ཀྱི་འཛུམ་མདངས་དང་དགའ་བའི་རྣམ་འགྱུ་ཡང་ཡང་བསྟན། ཟླ་བས་ནི་བཅོས་མའི་ངོ་གདོང་གིས་མོ་ལ་ཁ་ཡ་བྱས། མུ་མཐུད་ནས་མོས་ཟླ་བ་ལ་ཁྱོད་ཀྱི་མིང་དང་ཕ་ཡུལ་ལས་ཀ་དམིགས་ཡུལ་སོགས་གང་ཡིན་ཞེས་འདྲི་རྩད་ནན་མོ་བྱས། སྐབས་དེར་གློ་བུར་དུ་ཟླ་བ་དང་གཡུ་མཚོ་གཉིས་ཀྱི་འགྲམ་དུ་ཞྭ་མོ་དང་ཤེལ་མིག་ནག་པོ་གྱོན་ཡོད་པའི་མི་ཞིག་ཐོན་བྱུང་། གཡུ་མཚོ་དང་ཟླ་བ་གཉིས་ཀྱིས་ཁོ་ཡི་ངོ་གདོང་ལ་ཡུད་ཙམ་གཅེར་ནས་ལུས་སྐབས་ཁོས་མགོ་གཡུག་ཙམ་བྱས་ནས་བུ་མོ་གཡུ་མཚོ་ཁྲིད་ནས་བུད་སོང་།

སེམས་ཕམ་པ་ཞིག་ལ་མོས་དྲིས་པའི་དྲི་བ་དག་ལ་ཟླ་བས་ཅི་ཡང་བཤད་པའི་གོ་སྐབས་མ་བརྙེད་ནས་ལུས། དེ་ནས་ཟླ་བ་ནི་ལམ་བརྟོལ་བའི་མགྲོན་པོ་ལྟར་གྲོང་གསེབ་ཏུ་ཡུན་རིང་འཁྱམས། ཅུང་ཙམ་ཕྱིན་རྗེས་གྲོང་བ་དེ་ནས་ཟླ་བ་རྒན་པོ་ལོ་ལོན་ཞིག་དང་ཐུག རྒན་པོ་དེས་ཟླ་བ་ལ་ཁྱོད་ཕ་ཡུལ་གང་ནས་ཡིན་འདི་ན་དོན་ཅི་ཡོད་ཅེས་སྐད་ཆ་དྲིས། ཟླ་བས་སྦ་གསང་མེད་པར་ང་ནི་ཡ་ལུང་གྲོང་ནས་ཡིན་ཞེས་དང་ང་འདི་ན་ལས་ཀ་ཙག་ཙིག་ཨེ་རགས་བལྟ་རུ་ཡོང་ཡིན་ཞེས་སྐད་གསང་དམའ་མོས་ཁོ་ལ་བཤད། ཁོས་ཨོ་ཡ་ཡ་ཟེར་ཞོར་ངེད་ཚང་ནི་ཟོག་མང་པོ་ཡོད་མཁན་ཞིག་ཡིན། ཡིན་ཡང་རྒན་མོ་ན་ནས་མལ་སར་ལྷུང་ཡོད། བུ་བུ་མོ་གཉིས་ཡོད། བུ་མོ་ནི་སློབ་གྲྭ་ལ་འགྲོ་དགོས་ཀྱི་ཡོད། བུ་ནི་དགོན་པས་གྲྭ་བ་བཟོ་དགོས་ཟེར་ནས་ཁྲིད་ཤོར་སོང་། རྒྱུ་མཚན་དང་གནས་སྟངས་དེ་འདྲའི་འོག་ཏུ་ལྷུང་ཡོད། དེས་ན་ཁྱོད་ངེད་ཚང་དུ་གཡོག་པོ་འདུག་རོགས་ཨེ་བྱེད་ཅེས་ལབ། ཟླ་བས་འོ་ཡ་ཡ་ལོས་ཆོག་ཅེས་ལབ། རྒན་པོས་ས་སྲོད་དེར་ཟླ་བ་རང་ཁྱིམ་དུ་ཁྲིད་སོང་།

དེ་ནས་ཟླ་བ་ཞོགས་པར་སྔ་མོར་ལངས་ནས་ལས་ཀར་ཞུགས། སྐབས་དེ་དུས་ཟླ་བ་རི་ལ་ཟོག་ཀྱང་འཚོལ་དུ་འགྲོ་དགོས་ཀྱིན་ཡོད། ཡུལ་དེ་ནི་མཛེས་ཤིང་ལྟ་ན་སྡུག་པའི་ཡུལ་ལྗོངས་ཞིག་སྟེ་རྒྱང་ཐག་རིང་བའི་ཐང་དང་། གྱེན་ཐག་མི་རིང་བའི་རི་བྲག འབག་བསླད་ཀྱིས་མ་ཞུགས་པའི་དྭངས་གཙང་གི་ཆུ་ཕྲན། རྫས་རྡུལ་གྱིས་མ་ཁེངས་པའི་མཁའ་དབུགས་གཙང་མ། མཐོངས་ནས་སྤྲིན་དཀར་གྱི་བང་རིམ་བརྩིགས་ས། མཁའ་ནས་ཉི་འོད་ཀྱིས་རབ་ཏུ་གསལ་ས། མུ་མཐའ་བྲལ་བའི་འབྲོག་པའི་རྩྭ་ཐང་ཞིག་སྟེ་རི་ལུང་ཐང་གསུམ་ཀུན་ཏུ་རྟ་ནོར་ལུག་གིས་ཡོངས་སུ་ཁེངས་པ་ལྟ་བུ་འདུག ཟླ་བ་གནས་དེ་རུ་ཡུན་རིང་སོང་བའི་སྟབས་ཀྱིས་ཡུལ་དེའི་རི་ལུང་ཐང་གསུམ་མ་ལུས་སེམས་ལ་གསལ་ལྷང་ངེ་རི་མོ་བྲིས་པ་ལྟར་དུ་བྱུང་།

ཉིན་ཞིག་ལ་ཟླ་བ་ཟོག་རྫི་ལ་འགྲོ་བའི་སྐབས་ཤིག་ལ་བུ་མོ་ཞིག་དང་ཐག་མི་རིང་བ་ཟོག་མཉམ་དུ་འཚོ་བའི་དུས་ཤིག་བྱུང་། དེ་ན་ཟླ་བ་གཅིག་པུ་སྡོད་ཚུགས་མེད་པ་ཞིག་བྱུང་། སྐབས་དེ་དུས་སུ་ཟླ་བས་ཟོག་རྣམས་སྣང་མེད་དུ་བསྐྱུར་ཏེ་བུ་མོ་དེའི་ཉེ་ས་རུ་བཅར་ཕོད་མི་ཕོད་ཀྱི་ཚུལ་དུ་སོང་། བསམ་ཡུལ་ལས་འདས་པ་ཞིག་ནི་བུ་མོ་དེ་ནི་སྔར་ཅུང་ཙམ་ངོ་ཐུག་མྱོང་བའི་བུ་མོ་གཡུ་མཚོ་ཡིན་འདུག མོས་དེ་མ་ཐག་ཏུ་ངོ་ཤེས་ཤེས་དང་འཛུམ་དམུལ་གྱིས་ཨོ་ཁྱོད་འདི་ན་ཅི་ཡིན་ཞེས་དྲིས་བྱུང་། ཟླ་བས་ཅུང་ཙམ་འཛུམ་ནས་ང་ཚེ་རིང་ཚང་གི་ཟོག་རྫི་ཡིན་ཞེས་ལབ་ནས་ཁོང་གཉིས་ཕན་ཚུན་གྱི་གནས་སྟངས་དང་སྐྱིད་སྡུག་གི་སྐད་ཆ་མང་པོ་ལབ་ནས་དུས་ཡུན་འདའ་བར་བྱས་ཏེ་བསྡད། ཉིན་དེར་ཁོང་གཉིས་ཀྱིས་ཟོག་རྣམས་མཚན་མོ་ཙམ་ལ་ཁྱིམ་དུ་བདའ་ཐུབ་པར་བྱུང་།

དེ་ལྟ་བུའི་ཁོང་གཉིས་ལོ་ཟླ་ཁ་ཤས་སོང་རྗེས་ཕན་ཚུན་བརྩེ་འདང་གི་འབྲེལ་བ་ཧ་ཅང་ཟབ་མོ་ཆགས་ནས་ཕན་ཚུན་ཁ་འབྲལ་མི་བཟོད་པ་ལྟ་བུ་བྱུང་། ཉིན་རྟག་པར་ཁོང་གཉིས་ཟོག་མཉམ་པོ་འཚོ་བཞིན་རི་ལུང་དང་རྩྭ་ཐང་ཆུ་འགྲམ་སོགས་སུ་ལྷིང་འཇགས་ཀྱི་འཚོ་བར་རོལ་བཞིན་གནས། སྐབས་རེ་ཁོང་གཉིས་རྩེ་རྡོ་སྒྲིག་ཅིང་ཁང་ཆུང་བཟོ་བ་དང་། ལན་རེ་ཁོང་གཉིས་ཕན་ཚུན་འཐབ་པ་དང་འཁྱུད་རེས་བྱེད་པའི་གར་རྩེད་ལ་རོལ་བ་དང་། ཡང་སྐབས་རེ་ཕན་ཚུན་ཁེད་སྣ་ཚོགས་བཤད་རེས་བྱེད་ཅིང་བློ་རིག་སུ་རྣོ་ལྟ་བཞིན་གནས་སོ།།

ཉིན་རྟག་པར་ཟླ་བས་ཟོག་ཉི་བརྒྱ་ཟིན་མ་ཟིན་ཙམ་བལྟ་སྐྱོང་བཟོ་དགོས་ཀྱིན་ཡོད། འབྲི་མོ་གདོང་ཁྲ་མ་གཙོས་པའི་ཟོག་ཁ་ཤས་སྐབས་རེར་ཁྱུ་གཅིག་བྱེད་ནས་རི་ལུང་གཞན་དུ་འགྲོ་བ་གོམས་ཡོད་པས་ཟླ་བས་དུས་ཚོད་དམིགས་བསལ་ཞིག་དེ་རུ་གཏོང་དགོས་ཀྱིན་ཡོད་ཀྱང་ཟླ་བས་གཡུ་མཚོ་དཀའ་བར་དོགས་ནས་མོ་ལ་མ་བཤད། ཉིན་ཞིག་ལ་ཟླ་བ་ས་སྲོད་ཅིག་ནས་ཡུན་རིང་ཞིག་ལ་ག་སོང་ཆ་མེད་དུ་གྱུར་སྟབས། གཡུ་མཚོས་སེམས་ཁྲལ་དང་བཅས་ཏེ་ཡར་མར་རྒྱུགས་ནས་རྩད་གཅོད་དུ་མ་ཞིག་བྱས་ཀྱང་མ་བརྙེད་ནས་ལྷགས། ཅུང་ཙམ་སོང་རྗེས་རི་སྒང་ཞིག་ནས་ཟླ་བས་ཀི་འདེབས་ཞོར་ཟོག་ཁ་ཤས་དེད་དེ་བྱུང་། གཡུ་མཚོས་ཟླ་བ་ལ་བཤད་བཤད་འགའ་བྱེད་ཞོར་སྤོ་ལངས་ཁུལ་བྱས་ཏེ་ཡུད་ཙམ་བསྡད། ཟླ་བས་མོ་ལ་རྒྱབ་ནས་འཁྱུད་དེ་གཅེས་ཚིག་དང་དགའ་ཚིག་བཤད་ཞོར་པང་དུ་དཔང་ནས་བསྡད། དེ་ནས་ཁོང་གཉིས་ཀྱིས་ཟོག་བོར་རྗེས་མཉམ་པོ་བཙལ་དུ་འགྲོ་རྒྱུ་བྱས་ཏེ་བསྡད། གྲོང་བ་དག་ནི་ཁོང་གཉིས་ལ་ཡིད་སྨོན་ཤོར་བཞིན་བསྟོད་བསྔགས་ཡང་ཡང་བྱེད་བཞིན་གནས་སོ།།

ཉིན་ཞིག་ལ་སྟབས་མ་ལེགས་པ་ཟླ་བ་ལ་ཁྱིམ་ནས་ཆ་འཕྲིན་ཞིག་འབྱོར། ཟླ་བས་བྲེལ་བ་དང་བཅས་བལྟས་ནས་མཇུག་གྲུབ་རྗེས་དབུགས་རིང་ཞིག་མངགས་ཏེ་ལག་གཉིས་ཀྱིས་མགོ་བོ་སྐྱོར་ཏེ་ཡུད་ཙམ་བསྡད། དེ་ནས་གཡུ་མཚོ་ལ་གནས་ཚུལ་ཞིབ་མོ་བཤད་ཅིང་གཡུ་མཚོས་ཁོ་ལ་སེམས་གསོ་ཡང་ཡང་བྱས། ནུབ་ཁའི་ཉི་མས་གྱེས་ཕྱག་ཕུལ་བའི་ས་སྲོད་དེར་ཁོང་གཉིས་ཕན་ཚུན་ཁ་འབྲལ་མི་འདོད་ཀྱང་ཟླ་བ་ཁྱིམ་དུ་མ་སོང་ཐབས་མེད་དུ་གྱུར་ཡོད་སྟབས། མཐར་ཁོང་གཉིས་ཕན་ཚུན་འཐམ་འཁྱུད་བྱེད་བཞིན་མིག་ནས་མཆི་མ་ལྷུང་ཞོར་ཡུད་ཙམ་ལུས། དེ་ནས་ཁོང་གཉིས་ཀྱིས་ཕན་ཚུན་མི་བརྗེད་པའི་དྲན་རྟེན་འཇོག་རྒྱུ་བྱས། ཟླ་བས་གཡུ་མཚོ་ལ་མཛུབ་དཀྲིས་ཤིག་བསྐོན། གཡུ་མཚོས་ཀྱང་ཟླ་བའི་མགུལ་དུ་རང་གིས་བསླས་པའི་སྐེ་རྒྱན་ཞིག་བསྐོན། དེ་ནས་ཟླ་བས་དུས་ཚོད་ཕྱི་པོ་རེད་འདུག་ང་འགྲོོ་ཡིན་ཞེས་བཤད། ཡ་ཡ་ཟེར་ཞོར་གཡུ་མཚོས་ཀྱང་ཕེབས་སྐྱེལ་བྱས། ཁོང་གཉིས་ཕན་ཚུན་འབྲལ་མི་འདོད་པའི་གྱེས་བརྡ་གཏོང་ནས་བར་ཐག་རིང་དུ་གཏོང་དགོས་བྱུང་། དེ་ནས་ཟླ་བས་ཚེ་རིང་ལའང་འགྲོ་དགོས་ཐུབ་པའི་གནས་ཚུལ་ཞིབ་ཅིང་ཕྲ་བ་བཤད་པས་རྒན་པོ་ཚེ་རིང་གིས་ཀྱང་ཁ་འཐེན་འཐེན་དང་ལྕེ་ནར་ནར་བྱེད་ཅིང་གནས་སྟངས་དེ་འདྲ་ཡིན་ན་མ་སོང་ཐབས་མེད་རེད་ཟེར་ཞོར་རྔན་པ་སྤྲད། ཟླ་བས་དགའ་སྡེ་གྲོང་ལ་གྱེས་ཕྱག་ཕུལ་ནས་སོང་ངོ་།།

དེ་ནས་ཟླ་བ་རང་ཁྱིམ་ལ་གློ་བུར་དུ་ཐོན། ཁྱིམ་མི་རྣམས་ཀྱིས་ཟླ་བ་ལ་ལྟ་ནས་ཕན་ཚུན་ཁ་བརྡ་ཅི་ཡང་མེད་པ་ཅུང་ཙམ་ཧོབ་སྟེ་་ལུས་རྗེས། ཨ་མ་པད་མཚོས་ང་ཚོས་ཕ་རྒན་ལ་སྨན་དཔྱད་རིམ་འགྲོ་གང་མང་བྱས་པ་ཡིན། འོན་ཀྱང་ཟེར་ནས་སྐད་ཆའི་མཇུག་སྐྱོང་མ་ཐུབ་ནས་ངུ་ཤུམ་བྱས། མཆོད་ཁང་ནང་ནས་ཀྱང་བླ་མ་འགས་ཚེ་འདས་ཕ་རྒན་གྱི་ཆེད་དུ་རིམ་འགྲོ་འུར་འུར་འདོན་བཞིན་ཡོད་པའི་སྐབས་དེར་ཟླ་བ་ཅི་བྱ་གཏོལ་མེད་དུ་གྱུར་ནས་ངུ་འབོད་བྱས་ཏེ་ལུས། སུ་ཞིག་གིས་མཐོང་ཡང་ངུ་སྙིང་བྲོ་བའི་ཁོང་ཚང་གི་བཟའ་མི་ཁ་འཐོར་དེ་སེམས་ཁོང་དུ་ཆུད་དེ་ལུས། ཡུལ་མི་ཁྱིམ་མཚེས་དག་གིས་ཀྱང་རྒྱབ་སྐྱོར་དང་རོགས་རམ་གང་མང་བྱས། ལྷག་པར་དུ་ཨ་ཁུ་རྡོ་རྗེས་ཁོང་ཚང་གི་བཟའ་མི་རྣམས་ལ་སེམས་གསོ་དང་ཁ་ཏ་ཡང་ཡང་བྱས། ཕ་རྒན་གྱི་ཆེད་དུ་རྒྱུ་ནོར་གང་ཡག་གང་བཟང་དག་བཏང་ནས་འདས་མཆོད་བློ་ཡིད་ཚིམས་པར་བསྒྲུབས།

ཕ་རྒན་ཚེ་ལས་འདས་ནས་ཟླ་བ་གཅིག་ལྷག་སོང་རྗེས་ཉིན་ཞིག་ལ་ཨ་མ་པད་མཚོས་ཟླ་བ་ལ་བཤད་རྒྱུར་ད་ལྟ་བུ་མོ་གཡང་སྐྱིད་ལོ་ན་ཆུང་། བུ་བཀྲ་ཤིས་ཀྱང་ལོ་ན་ཆེར་སོན་མེད་སྟབས། འུ་ཚང་གི་ཁྱིམ་ཚང་ལྟ་སྐྱོང་གི་འགན་འཁྲི་ཆ་ཚང་ཁྱོད་ལ་བབས་ཡོད་ཅེས་བཤད། ཟླ་བས་ཁས་བླངས་དགོས་བྱུང་། སྐབས་དེ་དུས་ནི་ཟླ་བ་ལོ་ཉི་ཤུ་མ་གཏོགས་སོན་མེད། ཁོས་གཞིས་བྱེས་ཀྱི་ལས་ཀ་གང་ཡོད་སྒྲུབ་ཅིང་དྲིན་ཆེན་བའི་ཨ་མ་དང་འདང་ཆེ་བའི་མིང་སྲིང་དག་ལྟ་སྐྱོང་བཟོས་ཏེ་བསྡད་དོ།།

གཡུ་མཚོ་ནི་རང་གི་དགའ་རོགས་དང་བྲལ་བའི་སྡུག་བསྔལ་དང་དྲན་པའི་ན་ཟུག་ལྕི་མོ་ཁུར་ནས་སྔར་བཞིན་ཟོག་རྫི་ལ་འགྲོ་དགོས་ཀྱིན་ཡོད། སྐབས་དེ་དུས་གཡུ་མཚོ་ནི་ལོ་ན་བཅོ་བརྒྱད་མ་གཏོགས་སོན་མེད་པའི་སྨན་ཆུང་མཛེས་ཤིང་ཡིད་དུ་འོང་བ་ཞིག་རེད། མོའི་ཕ་རྒན་དགའ་བས་མོ་ལ་དུས་རྒྱུན་གཅེས་མིང་དུ་གཡུ་ཡི་མཚོ་མོ་ཞེས་འབོད་བཞིན་དགའ་དགའ་དང་གཅེས་གཅེས་བྱེད་བཞིན་ཡོད། ཉིན་ཞིག་ལ་གཡུ་མཚོས་ཨ་ཕའི་ངག་ལས་རང་གི་ཨ་མ་ནི་སྔ་ནས་ཁོ་དང་དང་མ་འགྲིག་ནས་བུ་ཚེ་ཏན་ཁྲིད་དེ་གཞན་ཡུལ་དུ་འཁྱམ་ཞིང་རྗེས་སུ་མི་གཞན་དང་མཉམ་པོར་བསྡད་ཅིང་འཚོལ་བར་རོལ་བཞིན་ཡོད་པར་ཐོས། བསམ་ཡུལ་ལས་འདས་པའི་གཏམ་ངན་དེ་ཐོས་རྗེས་མོ་ནི་སྨྲ་བརྗོད་ཅི་ཡང་མེད་པར་མིག་ནས་མཆི་མ་ཤོར་ཞིང་ངུ་ཤུམ་བྱས་ཏེ་བསྡད།

དེ་ནས་གཡུ་མཚོའི་བསམ་པ་ལ་སྐབས་རེ་ཨ་མ་དང་ཐུག་ན་དྲན། སྐབས་རེ་ཟླ་བ་དང་ཐུག་ན་དྲན། ལན་རེ་རང་གི་གཅུང་པོ་ཚེ་ཏན་དང་ཐུག་ན་དྲན་བཞིན་ཡོད། ཡིན་ཡང་གཡུ་མཚོ་ནི་དེ་དག་དང་ངོ་མ་ཐུག་པར་མ་ཟད་སྐྱོ་གདུང་བསྟུད་མས་འཚོལ་དགོས་བྱུང་། ཉིན་ཞིག་ལ་ཕ་རྒན་ཟླ་བས་སེམས་གསོ་ཡི་ཕྱིར་དུ་རང་གི་བུ་མོ་གཡུ་མཚོ་ཁྲིད་དེ་གྲོང་ཁྱེར་ཞིག་ཏུ་སྤྲོ་འཁྱམ་ལ་སོང་། གླིང་ཁ་དང་ཡུལ་ལྗོངས་སོགས་ལ་ལྟ་སྐོར་དུ་ཁྲིད་ཅིང་ཟ་འདོད་པའི་ཞིམ་ཟས་དང་བཏུང་འདོད་པའི་མངར་ཁུ་ཉོ་འདོད་པའི་རྩེད་ཆས་སོགས་བུ་མོས་ཅི་དགོས་གང་འཐད་ཀྱི་ཅ་ལག་སྣ་ཚོགས་ཉོར་དུ་བཅུག་ནས་རང་ཁྱིམ་དུ་ཕྱིར་ལོག་གོ །

ཉིན་ཞིག་ལ་ཟླ་བས་འདི་ལྟར་དྲན། ཞེ་སྣང་བ་མཐུན་པའི་སྙིང་གྲོགས་གཡུ་མཚོ་དང་ཁ་བྲལ་ནས་དུས་ཡུན་རིང་པོ་སོང་། བཟོད་མི་ཐུབ་པའི་དྲན་གདུང་དང་ན་ཟུག་ནི་སྔ་ལས་ཆེ། ཐུག་འདོད་པའི་འདུན་པ་ནི་འགོག་ཏུ་མེད། ངོ་ཐུག་པའི་སྐལ་བ་ནི་ཧ་ཅང་ཕྲ། དྲིན་ཕ་མ་དང་ཁྱིམ་བཟའ་ཚང་གི་རེ་འདུན་ཉག་གཅིག་ནི་སྣང་མེད་བསྐྱུར་མི་བཟོད་པའི་ཚོད་དུ་ལྷུང་འདུག ད་ནི་ཅི་བྱ་གཏོལ་མེད་དུ་གྱུར་འདུག་སྙམ་ནས་བསམ་བློ་སྣ་ཚོགས་གཏོང་བཞིན་མིག་ཆུ་ཡང་རང་དབང་མེད་པ་ཤོར། དེ་ནས་ཞག་ཁ་ཤས་སོང་རྗེས་ཡང་ཟླ་བས་འདི་ལྟར་དྲན། དྲིན་ཆེ་བའི་ཕ་མ་དང་འདང་ཆེ་བའི་མིང་སྲིང་དག་དང་མི་ཚེ་གཅིག་ལ་མཉམ་དུ་འགྲོ་འདུག་གི་གོ་སྐབས་ནི་སུ་གང་ལའང་དཀོན་པོ་རེད། ད་ནི་རང་ཐག་རང་གིས་གཅད་དགོས་སྙམ། རང་ཉིད་དང་སྐྱིད་སྡུག་མཉམ་དུ་ཁུར་མྱོང་ཞིང་ལྷད་མེད་ཀྱི་བརྩེ་བ་ཟབ་པའི་སྙིང་གྲོགས་གཡུ་མཚོ་བཙལ་དུ་འགྲོ་བའི་དམ་བཅའ་བཞག་ནས་བསྡད་དོ།།

ཉི་མས་ནུབ་རི་མཐོན་པོ་ནས་གྱེས་ཕྱག་ཕུལ་ཞིང་གྲང་རླུང་ཤུར་ཤུར་ལྡང་བའི་ས་སྲོད་དེ་ནས་ཟླ་བ་སྒོ་ཕྱི་རོལ་དུ་ཡར་མར་རྒྱུགས་ནས་བསྡད་ཡོད་པའི་སྐབས་དེ་ཤེད་ནས་ཨ་མ་པད་མཚོས་ཟླ་བ་ཤོག་ཟེར་ནས་བུས་བྱུང་བས་ཟླ་བ་ཡང་ཨ་མའི་ངག་ལྟར་ཁྱིམ་དུ་སོང་། དེ་ནས་ཟླ་བས་ཨ་མ་ལ་སྐད་ཆ་ཞིག་བཤད་རྒྱུ་ཡོད་པའི་རྣམ་འགྱུ་བསྟན་ཞོར་བཤད་ཕོད་མི་ཕོད་ཀྱི་ཚུལ་དུ་ཡུད་ཙམ་བསྡད། ཨ་མ་པད་མཚོས་ཁྱོད་ལ་སྐད་ཆ་ཅི་བཤད་རྒྱུ་ཡོད་དམ། ཨ་མ་ལ་མ་གསང་དྲང་གཏམ་ཤོད་དང་ཆོག་ཅེས་ཟེར། དེས་ན་ཟླ་བ་རབ་ཏུ་དགའ་ནས་འཛུམ་དང་བཅས་ཏེ་ང་སང་ཉིན་དགའ་སྡེ་གྲོང་དུ་ཐེངས་གཅིག་མངགས་རོགས་ཞེས་ལབ་པས་ཨ་མས་ཁྱོད་ལ་དོན་ཅི་ཡོད་ཟེར། གྲོགས་པོ་དང་ངོ་ཤེས་དག་ཐུག་ཏུ་འགྲོ་ཡིན། ད་དུང་དོན་དག་ཕྲན་བུ་ཙམ་རེ་ཡང་ཡོད་ཅེས་ལབ། ཨ་མས་ཡ་ཡ་ཆོག འོན་ཀྱང་ཉིན་ལྔ་ལས་འགོར་མི་ཆོག་ཅེས་ཟེར། ཟླ་བས་ཀྱང་ལགས་སོ་ཞུས་སོ།།

ཕྱི་ཉིན་ནམ་སྐྱ་རེངས་དགུང་ནས་མ་ཤར་གང་། ཉི་འོད་རི་རྩེར་མ་ཕོག་གང་། ཟླ་བ་གཉིད་ལས་སད་དེ་འགྲོ་བའི་གྲ་སྒྲིག་དང་སྟ་གོན་ཆ་ཚང་བྱས། ཨ་མ་པད་མཚོ་ཡང་གཉིད་ལས་སད་ཅིང་མཉམ་དུ་ལངས་ནས་བུ་ལ་ཁ་ཏ་དང་སྨོན་ལམ་ཡང་ཡང་གིས་སྐྱེལ་མ་བྱས། ཟླ་བ་ནི་གཡུ་མཚོའི་ཕྱོགས་སུ་སྤྲོ་སེམས་དང་བྲེལ་འཚུབ་ཀྱི་ངང་དུ་བསྐྱོད།

པད་མཚོ་ཁྱིམ་དུ་ལོག གཡང་སྐྱིད་དང་བཀྲི་ཤིས་གཉིས་གཉིད་ལས་སད་འདུག གཡང་སྐྱིད་ཀྱིས་ཨ་མ་ལ་ཟླ་བ་གང་དུ་བུད་སོང་བ་རེད་ཟེར། ཨ་མས་ཟླ་བ་གྲོང་ཁྱེར་དུ་བུད་ཐལ་ཞེས་ལབ། ཡང་བཀྲ་ཤིས་ཀྱིས་ཅི་ཡི་དོན་དུ་སོང་བ་རེད་ཅེས་དྲིས་པས། ཨ་མས་ཟླ་བ་འགྲོ་དོན་སོགས་ཅི་ཡང་བཤད་མི་འདོད་པའི་རྣམ་འགྱུར་བསྟན་ཞོར་ད་ཁྱེད་གཉིས་ཡར་ལོངས་ཞོགས་ཇ་ཐུངས་ཞེས་ལབ། དེ་ནས་ཁོང་གསུམ་ཞོགས་ཇ་འཐུང་ནས་བསྡད།

ཞག་བཞི་དང་ཉིན་ལྔ་ཙམ་གྱི་རིང་ལ་ཟླ་བ་དགའ་བདེ་གྲོང་དུ་སླེབས། བསམ་ཡུལ་ལས་འདས་པ་ཞིག་ལ་གྲོང་དེའི་རྣམ་པ་དང་གནས་སྟངས་ནི་སྔ་མ་ལས་དགུ་འགྱུར་ཕྱིན་འདུག ཟླ་བས་བསམ་རྒྱུ་འདི་ན་ཅི་ཞིག་བྱས་སོང་བ་ཡིན་ནམ་སྙམ་ཏེ་ཡར་མར་ཕར་ཚུར་ཞིབ་ཀྱིས་བལྟས་པས་མི་དང་ཁང་བ་སོགས་ཆ་རྒྱུས་ཡོད་པ་གང་ཡང་མ་མཐོང་། ཅུང་ཙམ་གྱི་རྗེས་སུ་བྱིས་པ་ལོ་དྲུག་ཙམ་ལོན་པ་གསུམ་ཟླ་བའི་དྲུང་དུ་ཐོན་བྱུང་། ཟླ་བས་གྲོགས་པོ་ཆུང་ཆུང་ཚོ།

ཁྱེད་ཚོས་རྒན་པོ་ཚེ་རིང་ཨེ་ཤེས་ཞེས་ལབ་པས་བྱིས་པ་དག་གིས་སུ་ཡིན་མི་ཤེས་ཟེར་ནས་འགྲོ་གྲབས་བྱེད་འདུག་པས་ཟླ་བས་ཁྱེད་ཚོས་ཅུང་ཙམ་སྒུག་དང་ད་དུང་ང་ལ་འདྲི་རྒྱུ་ཞིག་ཡོད། གྲོང་ཚོ་འདི་ན་ཡོད་པའི་དགའ་བ་ཟེར་བ་དེ་ཨེ་ཤེས། ཁོང་ཚང་ད་ལྟ་གང་ན་ཡོད་རེད་ཅེས་དྲིས་པས་བྱིས་པ་ཚོས་ཧ་མི་གོ་ཟེར་ནས་རྒྱུགས་སོང་། དེ་ནས་ཟླ་བ་གྲོང་དེ་ནས་ཡར་མར་རྒྱུགས་ཀྱང་གཡུ་མཚོ་དང་མོའི་ཁྱིམ་ཚང་གི་གནས་ཚུལ་ཧ་ཅི་ཡང་མ་གོ་ནས་ལྷགས། ཟླ་བས་མུ་འཐུད་ནས་གཡུ་མཚོ་དང་མོའི་ཁྱིམ་གྱི་གནས་ཚུལ་རྩད་གཅོད་ཀྱི་ལས་ལ་ཞུགས། སྐབས་དེ་དུས་ནི་ཟླ་བ་དགའ་སྡེ་གྲོང་དུ་ཐོན་ནས་ཉིན་གཉིས་དང་ཞག་གསུམ་ཙམ་སོང་ཡང་ད་དུང་གནས་ཚུལ་གསལ་པོ་ཧ་མ་གོ།

ཟླ་བ་སྐབས་དེ་ཤེད་ནས་གློ་བུར་དུ་སྔོན་དགའ་བ་ཚང་ཡོད་སའི་གནས་དེར་སླེབས་འདུག ཟླ་བས་ཁོང་ཚང་གང་ན་བུད་སོང་བ་ཡིན་ནམ་སྙམ། ཅུང་ཙམ་གྱི་རྗེས་ནས་ཉེ་འཁོར་དེར་ཡོད་པའི་དགའ་བ་ཚང་གི་ཁྱིམ་མཚེས་མཚོ་མོ་ཚང་དང་བཀྲིས་ཚང་སོགས་ལ་དགའ་བ་ཚང་དང་གཡུ་མཚོའི་གནས་ཚུལ་གང་རེད་ཅེས་ཞིབ་ཅིང་ཕྲ་བ་དྲིས་པས་མཚོ་མོས་བཤད་རྒྱུ་གཡུ་མཚོ་ཚང་ནི་སྒོ་ཟོག་གཅིག་ཀྱང་མ་ལུས་པ་གཞན་ལ་བཙོང་ནས་གྲོང་ཁྱེར་ནང་དུ་གནས་སྤོ་ཚར་རེད་ཟེར། ཟླ་བས་གཞན་ཅི་ཡང་མ་བཤད་པ་ཁྱེད་ཅག་བཀའ་དྲིན་ཆེ་ཟེར་ཞིང་གཡུ་མཚོ་དང་ཐུག་ཐབས་གང་ཡང་མ་བརྙེད་ནས་རང་གི་ཁྱིམ་དུ་མི་ལོག་ཀ་མེད་བྱུང་། ཨ་མ་པད་མཚོས་འཛུམ་མདངས་དང་བཅས་རབ་ཏུ་དགའ་ཞིང་དཀའ་ཨེ་བྱུང་དོན་དག་འགྲུབ་ཨེ་སོང་ཟེར་ནས་ཇ་དྲངས། ཟླ་བས་ཇ་ཧུབ་ཀྱིས་འཐུང་ཞོར་དཀའ་མ་བྱུང་དོན་དག་ཕྲན་བུ་ལེགས་འགྲུབ་བྱུང་མ་སོང་ཞེས་ལབ། སྐབས་དེར་བཀྲ་ཤིས་དང་གཡང་སྐྱིད་གཉིས་ཀྱང་གློ་བུར་དུ་ཁྱིམ་དུ་ཐོན་འདུག ཁོང་གཉིས་ཀྱིས་ཟླ་བ་མཐོང་མ་ཐག་ཟླ་བ་ལ་དགའ་དགའ་གཅེས་གཅེས་བྱས་ཏེ་འཐམ། དེ་ནས་ཁོང་ཚོས་ཟླ་བ་སོང་བའི་ལོ་རྒྱུས་དང་ཁྱིམ་གྱི་གནས་ཚུལ་དག་ཕན་ཚུན་ལབ་གླེང་བྱས་ནས་བསྡད་དོ།།

2018-12-22/ཉིན་མོར་ཁམས་སྡེ་དགེ་ནས་མཇུག་གྲུབ་པར་བྱས།