འགྲེལ་ལྷག་ཅིག

114/545

བླུན་པོ་རྩོད་ལ་དགའ་བ་ཁག་ཅིག་ནི་ནམ་ཡང་དོན་དག་མེད་སར་དོན་དག་བཙལ་རྒྱུར་དགའ་སྟེ། རང་རིགས་ཀྱི་སྐྱེས་མཆོག་དང་བཀའ་དྲིན་བྱས་པ་ཅན་རེ་འདས་པ་ཐོས་འཕྲལ། དྲ་གྲོགས་ཚོས་རང་བཞིན་ངང་གིས་ཕངས་ཤིང་གུས་ལ་རྗེས་སུ་དྲན་པའི་མྱ་ངན་གྱི་ཞུ་ཚིག་རེ་བརྗོད་ན་ཡང་།ཕྱིར་དགོས་མེད་ཀྱི་དམོད་ཚིག་ལུང་པ་གང་བྱོ་ཡོང་སྟེ། དཔེར་ན་༼བོད་པ་ཚོས་མི་འདས་རྗེས་ད་གཟོད་རྗེས་དྲན་བྱེད། གསོན་དུས་དྲིན་མི་ཤེས།ཤི་ཚར་དུས་སེམས་སྡུག་ཁུལ་གྱིས་ཚུལ་འཆོས་ཀྱི་རྣམ་འགྱུར་སྟོན་པ་རེད་༽ཟེར་བ་སོགས་ལྟ་བུ། སྣང་ཚུལ་དེ་རིགས་ལ་ཁོ་བོས་སྔོན་ཆད་གངས་ལྗོངས་ཁུ་བྱུག་གདུ་བྷེ་ལགས་ལ་རྗེས་དྲན་བྱེད་དུས ཀྱང་གསལ་བཤད་བྱས་མྱོང་མོད།ད་ཡང་དགོས་པའི་དབང་གིས་བསྐྱར་ཟློས་ཤིག་བྱས་ན།

༡ མི་འདས་རྗེས་ད་གཟོད་རྗེས་དྲན་བྱེད་པ་འདི་འཛམ་གླིང་སྤྱི་ལུགས་རེད།གསོན་ཡོད་དུས་རྗེས་དྲན་བྱེད་པ་ཞིག་གོ་མ་མྱོང་།

༢ མི་ཞིག་ལ་ཆ་ཚང་བའི་གདེང་འཇོག་གནད་ལ་འཁེལ་བ་ཞིག་བྱེད་དགོས་ན་དེ་ཉིད་འདས་ཚར་དུས་བྱེད་པ་ལས་གསོན་ཐོག་ན་ཡོད་དུས་བྱེད་ཐབས་མེད།བོད་པས་བླ་མ་སོགས་འདས་རྗེས་ད་གཟོད་དེའི་རྣམ་ཐར་རྩོམ་པ་དང་། རྒྱ་ནག་གིས་盖棺论定(པར་སྒམ་གྱི་ཁ་བརྒྱབ་རྗེས་སྤྱི་སྡོམ་བྱེད)ཟེར་བ། ཕྱི་གླིང་བས་དུར་མཆོད་ཀྱི་མཛད་སྒོའི་སྟེང་ཤི་བོའི་མི་ཚེར་གདེང་འཇོག་བྱེད་ཀྱིན་པ་སོགས་ཡོངས་ཁྱབ་ཏུ་མི་འདྲ་བ་ཆེར་མེད།

༣ མི་ཡི་བཟང་ངན་ལེགས་ཉེས་ནི་མི་ཚེ་གང་བོར་བལྟས་ཏེ་གདེང་འཇོག་བྱེད་པ་ལས།དོན་བཟང་གཅིག་བྱས་པས་བཟང་ཐག་མི་ཆོད་ཅིང་།དོན་ངན་གཅིག་བསྒྲུབས་པས་ངན་ཐག་མི་ཆོད།

༤ གསོན་པོར་བསྟོད་པ་བྱས་ན་རྨོངས་དད་དང་ཆེ་བསྟོད་ཀྱི་ས་བོན་དུ་འགྱུར་ཉེན་ཆེ་ཞིང་།ལོ་རྒྱུས་སྟེང་ཚེ་སྟོད་མི་བཟང་བོ་དང་ཚེ་སྨད་ལ་མི་ངན་པར་གྱུར་བའི་དཔེར་བརྗོད་ཀྱང་མང་།

༥ མི་ཞིག་གིས་ཚེ་ཡི་མཐའ་ཟད་རག་བར་ཏུ་ཡང་དག་པའི་ལམ་མ་བོར་ཞིང་།བསླུ་བྲིད་དང་གནོན་ཤུགས་སྣ་ཚོགས་ཀྱི་ཁྲོད་ནས་གཞན་ཕན་གྱི་ལས་དོན་བྱེད་ཐུབ་ན་ད་གཟོད་རླབས་ཆེན་གྱི་མིག་དཔེར་བཟུང་ཆོག་པ།

༦ རང་རིགས་ལ་བཀའ་དྲིན་དང་བྱས་རྗེས་མི་མང་པོ་ཡོད་མོད། ཕལ་མོ་ཆེས་ཁུ་སིམ་མེར་ཕྱག་ལས་གནང་བཞིན་ཡོད་པས་ཀུན་ལ་གསལ་ཆ་མེད་ཅིང་།འདས་རྗེས་རྒྱུས་ཡོད་ཀྱི་མི་ཚོས་ངོ་སྤྲོད་ལ་བརྟེན་ནས་ད་གཟོད་ཧ་གོ་བ་སོགས་རྒྱུ་མཚན་རབ་ཏུ་མང་བའོ།།

སྤྱིར་མི་གོ་བ་ཅན་ཞིག་ལ་གོང་གི་གནས་ལུགས་དེ་ཙམ་གསལ་བཤད་མ་བྱས་ཀྱང་ལོས་གོ་མོད།བློ་རིག་རྒྱུན་ལྡན་དུ་མི་གནས་པ་འགའ་རེར་མ་མཐའི་རྒྱུན་ཤེས་འདི་ཙམ་ཡང་འགྲེལ་བསྐྱར་འགྲེལ་མི་བྱེད་ག་མེད་རེད།—

༢༠༡༩/༢/༦ཉིན་གྱི་ས་སྲོད་དུ་གནས་མཆོག་གླང་ཆེན་འགྱིང་རིའི་འདབས་རོལ་དུ་ཤར་མར་སྦྱར་བའོ།། མང་རྒྱན་གྱིས།