རྐུ་ཕམ་ལས་རྫས་ཀྱི་རིན་ཐང་གི་དྲིས་ལན།

113/545

དྲི་བ་འདོན་མཁན། སྙོམ་ལས་པ། དྲིས་ལན། དགེ་བཤེས་འཇམ་དཔལ་བློ་ཤེས།

དྲི་བ་དང་པོ། དགེ་ཚུལ་སློང་རྣམས་ལ་མ་བྱིན་ལེན་གྱི་ཕམ་པ་དང་ཕམ་འདྲ་འབྱུང་བ་ལ་དེང་གི་རྒྱ་སྒོར་ལ་ཆ་བཞག་ན། སྒོར་ག་ཚད་བརྐུས་ན་ཕམ་པ་དང་ཕམ་འདྲ་འབྱུང་གི་རེད།

ལན། སྤྱིར་བཏང་ནས་འདུལ་བ་ལུང་དང་མདོ་རྩ་བ་སོགས་སུ་ཀ་ཤ་པ་ནའི་ཐོག་ནས་གསུངས་ཡོད་པ་དེ་ལ་རྒྱ་བོད་ཀྱི་མཁས་པ་རྣམས་ཀྱིས་ཡུལ་དུས་སོ་སོའི་དབང་གིས་གསུང་ཚུལ་སྣ་ཚོགས་ཤིག་བྱུང་ཡང་གྲགས་ཆེ་བ་འགའ་ཞིག་མཆིས། དང་པོ་བོད་ཀྱི་འདུལ་བའི་གཞུང་ཆེན་དག་གི་མ་ཕྱི་ལྟ་བུ་ཀུན་མཁྱེན་མཚོ་སྣ་བ་ཤེས་རབ་བཟང་པོའི་གསུང་འདུལ་བ་མཚོ་ཊཱིཀ་ལས། དེ་ལྟར་ན་ཡུལ་དུས་དེ་ན་རྒྱལ་ཁྲིམས་ཡོད་ན་ཚད་ཇི་ཙམ་ཞིག་བརྐུས་ན་གསོད་པའི་ཉེས་པ་ཡོད་པ་དེ་ཙམ་གྱིས་ཕམ་པར་འགྱུར་བའོ། །འདི་ལ་ལུང་རིགས་གཉིས་ལས། ལུང་རྣམ་འབྱེད་ལས་མ་ཤ་ཀ་ལྔ་བརྐུས་ན་རྒྱལ་པོ་མ་སྐྱེས་དགྲས་གྱད་ལ་བཀྲི་ཞིང་སྲོག་དང་དབྲལ་པར་བྱེད་པ་དེ་བཞིན་དུ་དགེ་སློང་གིས་མ་ཤ་ཀ་ལྔ་བརྐུས་ན་ཕམ་པར་འགྱུར་ཞེས་གསུངས་ཏེ། གསོད་པའི་ཆད་པའི་ཚད་དང་རིན་ཐང་མཉམ་སྟེ་བཅས་པ་མཛད་པ་དེ་ནི་འདིའི་ལུང་ཡིན་ནོ། །རིགས་པས་ཀྱང་སངས་རྒྱས་ཀྱིས་རང་གི་ཉན་ཐོས་རྣམས་ཉེས་པ་ལས་བཟློག་པར་བྱེད་པ་དང༌རྒྱལ་པོས་རང་གི་མི་སྡེ་རྣམས་ཉེས་པ་ལས་བཟློག་པར་བྱེད་པ་ལ་ཆད་པ་རབ་ཕམ་པའི་ཆད་པ་དང༌ཆད་པ་རབ་གསོད་པའི་ཆད་པ་སྟེ། རང་རང་གི་ཆད་པ་རབ་ཀྱི་རིན་ཐང་དུ་མཚུངས་པའི་ཕྱིར་རོ། །ཞེས་ལུང་རིགས་མཐའ་དཔྱོད་དང་བཅས་པ་ནན་ཏན་དུ་གསུངས་པ་གནས་ལུགས་ཅན་གྱི་གསུངས་ཡིན་ཡང་། དུས་རབས་ཀྱི་འགྱུར་བའི་དབང་གིས་དེང་སང་འཛམ་གླིང་གི་ས་ཕྱོགས་ཕལ་ཆེ་བར་མི་ལ་སྲོག་ཁྲིམས་གཅོད་པའི་ལུགས་མེད་པར་བྱེད་བཞིན་པ་དང་། མི་གསོད་པའི་སྲོག་རིན་ལ་ཁ་ཧམ་ཆེ་ཆུང་ལྟ་བུས་ཆེ་ཆུང་སྣ་ཚོགས་ཤིག་ཡོང་བ་ལས་གཏན་ཁེལ་ཞིག་མེད་པས་དེའི་ཚད་ཀྱི་སྒོ་ནས་རིན་ཐང་གི་ཚད་འཇལ་བའི་ཐབས་ཤེས་ལེགས་པོ་ཞིག་རྙེད་དཀའ་བར་གྱུར་འདུག གཉིས་པ་བོད་ཀྱི་མཁས་པ་སྔ་མ་རྒྱ་འདུལ་འཛིན་གྱིས་རྟ་རྒོད་མ་རེའི་རིན་ཐང་ལ་མཛད། སྦ་ཏི་དགྲ་བཅོམ་པས་ནས་ཁལ་བཞིའི་རིན་ཐང་ལ་མཛད། བུ་སྟོན་རིན་པོ་ཆེས་ཚོང་འདུས་མགུར་མོ་བཞིའི་རིན་ཐང་ལ་མཛད་པ་དེ་དག་ཀྱང་ཡུལ་དུས་དེ་ལ་འཚམ་པའི་རིན་ཐང་གི་ཚད་ལ་ཐུགས་ཀྱི་གཏད་སོ་རེ་དང་གཞུང་གི་དགོངས་པ་ལེན་ཚུལ་གནད་ཆེ་བ་རེ་ཡོད་པ་ནི་འདུལ་གཞུང་སོ་སོར་གསལ་ཡང་། དེ་ཡང་རིན་ཐང་གི་ཚད་འཇལ་བྱེད་དུ་འཇོག་ན་ནི་ཤིན་ཏུ་ཁྱབ་ཆུང་སྟེ་ཡུལ་གྲུ་མང་པོ་ཞིག་ལ་དངོས་པོ་དེ་དག་མི་སྤྱོད་ཅིང་དེ་དག་གི་རིན་ཐང་གི་ཚད་ཀྱང་ངོས་བཟུང་དུ་མེད་པས་སོ། ། གསུམ་པ་རྒྱལ་བ་དགེ་འདུན་གྲུབ་ཀྱི་རིན་ཕྲེང་ལས། དེས་ན་སེ་བ་གསུམ་ཙམ་ལ་དངོས་པོ་ངེས་པར་ཚང་སྟེ་དོན་བརྒྱད་མར། རྒྱ་གར་གྱི་རིན་ཐང་དང་སྦྱར་ན། དངུལ་ཞོ་གཅིག་ཙམ་བརྐུས་ན་ཕས་ཕམ་པར་བརྩིའོ། །ཞེས་མ་བྱིན་ལེན་གྱི་ཕམ་པ་སྐྱེ་བའི་གཞིའི་ཡན་ལག་གི་རིན་ཐང་གི་ཚད་ལ། སྔོན་གྱི་མཁས་པའི་བཞེད་སྲོལ་ཁག་ལ་དགག་གཞག་མཛད་དེ་རང་ལུགས་ལ་གསེར་སེ་བ་གསུམ་གྱི་རིན་ཐང་དང་། དངུལ་ཞོ་གང་གི་བརྒྱད་ཆའི་རིན་ཐང་ཅན་གྱི་དངུལ་ལོ་དང་རྒྱུ་ནོར་བརྐུས་ན་མ་བྱིན་ལེན་གྱི་ཕམ་པ་སྐྱེ་བར་གསུངས་པ་ལྟར། ཀུན་མཁྱེན་བླ་མ་འཇམ་དབྱངས་བཞད་པའི་རྡོ་རྗེ་དང་། པཎ་ཆེན་བློ་གྲོས་ལེགས་བཟང་སོགས་མཁས་པ་མང་པོས་དེ་བཞིན་དུ་མཛད་དོ། །འདི་ལྟར་བརྩི་དགོས་པའི་ཁུངས་ལུང་མང་པོ་ཡོད་པ་འདུལ་གཞུང་སོ་སོར་གཟིགས་ན་གསལ། དངུལ་ཞོ་གང་ཞེས་པ་དང་དངུལ་ཞོ་གང་གི་བརྒྱད་ཆ་གསུངས་པ་སོགས་ནི་ཡུལ་དུས་ཀྱི་དབང་གིས་གསེར་སེ་བ་གསུམ་གྱི་རིན་གོང་ལ་དངུལ་གྱི་རིན་གོང་མི་འདྲ་བ་འབྱུང་བའི་རྒྱུ་མཚན་གྱིས་ཡིན་སྙམ། འདི་ནི་ལག་ལེན་ཤིན་ཏུ་དོག་མཐའ་ནས་བཟུང་བ་ཡིན་པར་གོར་མ་ཆག གསེར་སེ་བ་གཅིག་ནི། གསེར་ཞོ་གང་ཆ་བརྒྱ་ལ་བགོས་པའི་ཆ་གཅིག་གི་ལྗིད་ཚད་ཀྱི་མིང་ཡིན། སྤྱིར་གསེར་ཞོ་གང་ནི་དེང་གི་བརྩི་ལུགས་ལྟར་གྱི་གྷ་རམ་(gram)ལྔའི་ཚད་ཡིན་ཏེ། ཞོ་བཅུ་ལ་སྲང་གང་དང་སྲང་བཅུ་ལ་རྒྱ་མ་གང་། རྒྱ་མ་གང་ལ་གྷ་རམ་ལྔ་བརྒྱ་ཡོད་པས་སོ། །དེ་རིང་གསེར་གྱི་རིན་གོང་གྷ་རམ་གཅིག་ལ་རྒྱ་སྒོར་༣༢༠ ཡིན་པའི་དབང་དུ་བྱས་ན་ཞོ་གང་ལ་རྒྱ་སྒོར་༡༦༠༠ དང་སེ་བ་གསུམ་ལ་རྒྱ་སྒོར་༤༨ ཐོབ་པ་ཡིན། དེ་རྐུ་ཕམ་སྐྱེ་བའི་རྫས་ཀྱི་རིན་ཐང་གི་ཚད་ཡིན། དེས་ན། ཕལ་ཆེར་རྒྱ་སྒོར་༤༠ ནས་ ༥༠ བར་བརྐུས་ན་ཕམ་པ་སྐྱེ་བ་ཡིན། བཞི་པ་ཤར་ཆེན་ངག་དབང་ཚུལ་ཁྲིམས་ཀྱི་འདུལ་བ་མཚོ་ཆེན་གྱི་སྡོམ་རྨ་སྡོམ་ལས། རང་ལུགས་གསེར་ཞོ་བརྒྱད་ཆའོ་དངུལ་བརྒྱད་ཆ། །གསུངས་པ་དངུལ་ཐུར་གྱི་ཞོ་བརྒྱད་ཆ་ལ། །བྱ་ཡི་འདེགས་བྱའི་རྫས་ནི་དངུལ་མ་ཡིན། །ཞེས་གསུངས་པ་ལྟར་ན། གསེར་ཞོ་གང་གི་བརྒྱད་ཆ་ལ་མ་བྱིན་ལེན་གྱི་ཕམ་པའི་རྫས་ཀྱི་རིན་ཐང་གི་ཚད་དུ་མཛད་དེ། རྗེ་བཙུན་རེད་མདའ་བས་གསེར་ཞོ་ཕྱེད་ཀྱི་རིན་ཐང་ལ་རྫས་ཀྱི་རིན་ཐང་གི་ཚད་དུ་མཛད་པ་དང་ཕལ་ཆེར་འདྲ། རྫས་ཀྱི་རིན་ཐང་གི་ཚད་དེ་ལྟར་ན་གསེར་ཞོ་གང་གི་བརྒྱད་ཆའི་རིན་ཐང་གི་རྒྱུ་ནོར་བརྐུས་ན་ཕམ་པ་སྐྱེ་བ་ཡིན་པས་དེ་ལ་གསེར་གྱི་རིན་གོང་རྒྱ་སྒོར་ ༣༢༠ བརྩིས་ན་དེང་སྐབས་རྒྱ་སྒོར་༢༠༠ ཙམ་ལ་མ་བྱིན་ལེན་གྱི་རྫས་ཀྱི་རིན་ཐང་ཚང་བ་ཡིན། འདི་ནི་གདན་སའི་དགེ་བའི་བཤེས་གཉེན་མང་པོ་ཞིག་གིས་ཀྱང་གསེར་ཞོ་གང་ཡས་མས་ཤིག་གིས་ཕམ་པ་རེད་དཱ་གཟབ་གཟབ་དགོས་ཞེས་གསེར་ཞོ་གང་གི་བརྒྱད་ཆའི་ཚད་ལ་འཇོག་ཚུལ་གསུང་རྒྱུན་ཡོད་པ་ལྟར་ཡིན་ལ། རྟ་དང་འབྲུ་དང་ཚོང་འདུས་མགུར་མོ་སོགས་ཀྱིས་རིན་ཐང་བརྩི་ཚུལ་ནི་ཡུལ་དུས་ཀྱིས་འགྱུར་འགྲོ་བས་ཡུལ་དུས་གང་ལ་ཡང་ཅུང་ཟད་འགྱུར་དཀའ་ཞིང་འཛམ་གླིང་གི་ས་ཕྱོགས་ཀུན་ཏུ་རིན་ཐང་གཅིག་གྱུར་ཡིན་པའི་རིགས་གསེར་གྱི་རིན་ཐང་གི་ཐོག་ནས་བརྩི་བ་འདི་ཉིད་ཤིན་ཏུ་ལེགས་པ་ཡིན་ནོ། །དགེ་སློང་གི་མ་བྱིན་ལེན་གྱི་ཕམ་པའི་རྫས་ཀྱི་རིན་ཐང་གི་ཚད་གང་ཡིན་པ་དེ་དགེ་ཚུལ་ལ་མ་བྱིན་ལེན་གྱི་ཕམ་འདྲའི་རྫས་ཀྱི་རིན་ཐང་གི་ཚད་ཡིན་ནོ། །

དྲི་བ་གཉིས་པ། མི་ཁྲི་གཅིག་གིས་གྲུབ་པའི་ཚོགས་པ་ཞིག་གི་སྤྱི་དངུལ་སྒོར་གཅིག་བརྐུས་ན་སྒོར་ཁྲི་བརྐུས་པའི་ཉེས་པ་ཡོད་གསུངས་མོད་ཀྱང་། དགེ་ཚུལ་སློང་གིས་ཚོགས་པ་མི་ཁྲི་ཡི་སྤྱི་དངུལ་སྒོར་བཅུ་བརྐུས་ན་དགེ་ཚུལ་སློང་ལ་མ་བྱིན་ལེན་གྱི་ཕམ་པ་དང་ཕམ་འདྲ་འབྱུང་ངམ།

ལན། འདི་ལ་མི་བརྒྱ་ཅན་གྱི་ཚོགས་པ་ཞིག་གི་སྒོར་བརྒྱ་བརྐུས་ན་མི་བརྒྱ་ཐམ་པའི་ཅ་ལག་སྣེ་གཅིག་བརྐུས་པ་ཡིན་མོད། སྒོར་ཁྲི་གཅིག་བརྐུས་པའི་ཉེས་པ་ཡོད་པར་ཇི་ལྟར་བཤད། དེ་འདྲ་འབྱུང་སྟངས་མེད་ཚོད་རེད། དཔེར་ན། ཚོགས་པ་ཞིག་གི་སྒོར་བརྒྱ་བརྐུས་པ་ལ། སྒོར་ཁྲི་གཅིག་བརྐུས་སོང་ཟེར་ནས་ཁྲིམས་ཐག་གཅོད་ལུགས་ཤིག་གཏན་ནས་མེད་ཅིང་། ཚོགས་མི་རེ་རེའི་སེམས་ངོར་ང་ཚོའི་ཚོགས་པའི་མ་དངུལ་སྒོར་བརྒྱ་བརྐུས་སོང་བསམ་པ་ཙམ་ཞིག་མ་གཏོགས་མི་རེ་རེའི་རྩ་ནས་སྒོར་བརྒྱ་རེ་བརྐུས་སོང་བསམ་པ་ཞིག་ཡོང་མི་ཤེས་པའི་ཕྱིར་དང་། འདུལ་བ་ཡུལ་དུས་དང་བསྟུན་དགོས་པས་མི་ཞིག་གིས་ཚོགས་པ་ཞིག་གི་སྒོར་བརྒྱ་བརྐུས་པས་ཚོགས་མི་རེ་རེ་ལ་སྒོར་བརྒྱ་རེ་བརྐུས་པའི་ཉེས་ཁྲིམས་གཅོད་པ་འཛམ་གླིང་ན་མེད་པའི་ཕྱིར་རོ། །དགེ་ཚུལ་སློང་གི་སྡོམ་པ་ཡོད་པ་ཞིག་གིས་མི་བརྒྱ་ཡོད་པའི་ཚོགས་པ་ཞིག་གི་འཇོག་རྫས་སྒོར་བཅུ་བརྐུས་ན་ཕམ་པ་མི་འབྱུང་སྟེ། ཚོགས་པ་སྤྱིའི་ཆ་ནས་རྫས་ཀྱི་རིན་ཐང་མ་ཚང་བའི་ཕྱིར། དེ་འདྲའི་བགོ་རྫས་སྒོར་བཅུ་བརྐུས་ན་ཡང་ཕམ་པ་མི་འབྱུང་སྟེ། མི་རེ་རེ་ལ་བལྟོས་པའི་རིན་ཐང་མ་ཚང་བའི་ཕྱིར། འདི་ལ་ཤེས་དགོས་པ་ཞིག་ལ། ཕམ་པ་སྐྱེ་བའི་རྫས་ཀྱི་རིན་ཐང་རྒྱ་སྒོར་ ༢༠༠ ཡིན་པ་ཆ་བཞག་ན། བཅས་ལྡན་དགེ་སློང་གཅིག་གིས་མི་བཅུ་ཡོད་པའི་ཚོགས་པ་ཞིག་གི་འཇོག་རྫས་སྒོར་ ༢༠༠ བརྐུས་ན་ཡན་ལག་གཞན་ཚང་ན་ཕམ་པ་སྐྱེ་ཡང་། ཚོགས་པ་དེའི་བགོ་རྫས་སྒོར་ ༢༠༠ བརྐུས་ན་ཕམ་པ་མི་སྐྱེ་སྟེ། ཚོགས་མི་རེ་རེ་ལ་བལྟོས་པའི་རིན་ཐང་མ་ཚང་བས་སོ། །འོན་ཀྱང་ཕམ་པའི་ན་སྨད་ནི་སྐྱེ་བ་ངེས་སོ། ། སྤྱིར་བཏང་ཚོགས་པའི་རྫས་བརྐུས་པའི་ཕམ་པ་སྐྱེ་བ་ལ། རྫས་དེ་ལ་འཇོག་རྫས་དང་བགོ་རྫས་གཉིས་སུ་ཕྱེ་དགོས། དེ་ལ་བྱ་བྲལ་དགེ་བཤེས་སྐལ་བཟང་རྣམ་རྒྱལ་གྱི་གསུང་། བྱ་སྡོམ་ལས། བཅུ་ཡི་འཇོག་རྫས་བཅུ་ཡི་འཇོག་རྫས་ཕྱིར། །རིན་ཐང་ཚང་བ་གཅིག་གིས་ཕམ་པ་བསྐྱེད། །བཅུ་ཡི་བགོ་རྫས་བཅུ་ཡི་བགོ་རྫས་ཕྱིར། །རིན་ཐང་ཚང་བ་བརྒྱ་ཐོབ་དགོས་བཅུ་ཡི། །འཇོག་རྫས་བགོ་རྫས་བགོ་རྫས་འཇོག་རྫས་ཕྱིར། །བརྐུས་ན་རིན་ཐང་ཚང་བ་བཅུ་འཐོབ་དགོས། །ཞེས་གསུངས་པ་ལྟར་མི་བཅུ་ཡི་འཇོག་རྫས་མི་བཅུ་ཡི་འཇོག་རྫས་ཀྱི་ཆེད་དུ་བརྐུས་ན་རིན་ཐང་ཚང་བ་གཅིག་གིས་ཕམ་པ་སྐྱེ་བ་ཡིན། མི་བཅུ་ཡི་བགོ་རྫས་མི་བཅུ་ཡི་བགོ་རྫས་ཀྱི་ཆེད་དུ་བརྐུས་ན་རིན་ཐང་ཚང་བ་བརྒྱ་ཐམ་པ་མ་བྱུང་ན་ཕམ་པ་མི་སྐྱེ། མི་བཅུ་ཡི་བགོ་རྫས་དང་འཇོག་རྫས་ཀྱི་ཆེད་དུ་འཇོག་རྫས་བགོ་རྫས་སོ་སོ་ནས་བརྐུས་པ་གང་ཡིན་ཡང་རིན་ཐང་ཚང་བ་བཅུ་རེ་མ་བྱུང་ན་ཕམ་པ་མི་སྐྱེ་བ་ཡིན་པས་དེ་ལུགས་ཀྱིས་རིགས་པ་སྦྱོར་ཤེས་དགོས་སོ། །

དྲི་བ་གསུམ་པ། དཔེར་ན་དགེ་སློང་ཞིག་གིས་ཚེས་གཅིག་ལྟ་བུ་ལ་རིན་ཐང་ཚང་བའི་དངོས་པོ་ཞིག་བརྐུས་ནས་ཐོབ་བློ་སྐྱེས། ཚེས་གཉིས་ལ་འགྱོད་པ་སྐྱེས་ཏེ་ཚེས་བཞི་ལྟ་བུ་ལ་དངོས་རྫས་དེ་བདག་པོ་ལ་ཕྱིར་སྤྲད་ན་དགེ་སློང་དེ་ལ་མ་བྱིན་ལེན་གྱི་ཕམ་པ་འབྱུང་ངམ།

ལན། འདི་ནི་ཅུང་ཟད་སྟབས་བདེ་ཞིག་རེད། ཚེས་གཅིག་ལ་རིན་ཐང་ཚང་བའི་དངོས་པོ་ཞིག་བརྐུས་ནས་ཐོབ་བློ་སྐྱེས་པ་དང་མཉམ་དུ་ཕམ་པ་སྐྱེས་ཟིན་པ་ཡིན་པས། ཚེས་བཞི་པར་དངོས་རྫས་ཕར་སྤྲད་པ་མ་ཟད། ལྡབ་ལྔ་འགྱུར་གྱིས་སྤྲད་པ་དཔེར་ན། སྒོར་སྟོང་གཅིག་ལ་སྟོང་ལྔ་སྤྲད་ན་ཡང་བདག་པོ་ཤིན་ཏུ་དགའ་ཞིང་བློ་བདེ་བ་ཙམ་ཞིག་གི་ཕན་པ་ནི་ལོས་ཡོད་མ་གཏོགས། ཚེས་གཅིག་ཉིན་ནས་མ་བྱིན་ལེན་གྱི་ཕམ་པ་བྱུང་ཟིན་པ་ཡིན་པས། ཕམ་པ་མེད་པར་གྱུར་པ་མིན་ལ་སྒོར་ཕྱིར་སྤྲད་པས་ཕྱིར་བཅོས་པའི་གོ་ཡང་མི་ཆོད་པ་རེད། གལ་སྲིད་ཕྱིར་བཅོས་བྱེད་འདོད་ན་ཚེ་དེ་ལ་བསླབ་བྱིན་དགེ་སློང་བྱས་ཏེ་དག་ཐབས་བྱེད་པ་ལས་འོས་མེད། ཚེ་དེ་ལ་ཕྱིར་མི་འོང་གི་འབྲས་བུ་འཐོབ་ན་དོན་ལ་ཕམ་པ་དག་ཀྱང་དག་མིང་མི་ཐོབ། ཚེ་དེ་ལ་དགྲ་བཅོམ་པའི་འབྲས་བུ་འཐོབ་ན་དོན་ལ་ཕམ་པ་དག་ཀྱང་དག་མིང་ཡང་ཐོབ་པ་ཡིན་ནོ། །

འཕྲོས་དོན་གལ་ཆེན་ཞིག འདིར་རྫས་ཀྱི་རིན་ཐང་ཤེས་པ་ལས་ཀྱང་རྐུ་བའི་ངོ་བོ་དང་ས་མཚམས་ངོས་ཟིན་པ་གལ་ཆེ་བས། མ་བྱིན་ལེན་གྱི་ཕམ་པའི་སྐོར་ལས་འཕྲོས་ཏེ་གནད་དོན་འགའ་ཞིག་ཞུ་འདོད་བྱུང་། མ་བྱིན་ལེན་གྱི་ཕམ་པ་ཞེས་པའམ་རྐུ་ཕམ་འདི་ལ་ཤིན་ཏུ་གཟབ་དགོས་ཏེ་ཕམ་པ་བཞི་ལས་ཤིན་ཏུ་འབྱུང་སླ་བ་དེ་མ་བྱིན་ལེན་གྱི་ཕམ་པ་དང་རྫུན་ཕམ་གཉིས་ཡིན། སྐབས་འགར་བཅས་ལྡན་དགེ་སློང་རང་གིས་མ་ཤེས་པར་མ་བྱིན་ལེན་གྱི་ཕམ་པ་སྐྱེས་ཟིན་པ་དེ་འདྲ་ཡང་ཤིན་ཏུ་སྲིད་པ་ཡིན་ཏེ། མདོ་རྩ་བ་ལས། སྦྱོར་བ་ལ་མེད་ན་དེ་མ་བྱས་པ་ཉིད་མ་ཡིན་ནོ། །ཞེས་པ་ལྟར་རོ། །དེ་ཡང་། མ་བྱིན་ལེན་གྱི་སྐོར་འདི་ལ་འདུལ་བ་ལུང་ཞུ་བ་ལས། བཙུན་པ་རྐུ་བ་རྣམ་པ་དུ་མཆིས། ཉེ་བར་འཁོར་དྲུག་སྟེ། ནན་ཁུགས་ཀྱིས་རྐུ་བ་དང་། སྒྱུ་ཐབས་ཀྱིས་རྐུ་བ་དང་། གཏམས་པ་རྐུ་བ་དང་། ཕྱིར་བསབ་པ་རྐུ་བ་དང་། དངན་འཐེན་གྱིས་རྐུ་བ་དང་། ཆོས་རྐུ་བའོ། །དེ་དག་ལས་དུ་ཞིག་གིས་མཐར་འགྱུར། ཆོས་རྐུ་བ་མ་གཏོགས་པ་གཞན་ཐམས་ཅད་ཀྱིས་མཐར་འགྱུར་རོ། །ཞེས་གསུངས་པས། རྐུ་བ་ཞེས་པ་འཇིག་རྟེན་ཕལ་བས་བཤད་ཚུལ་ལྟར་འཇབ་ཏེ་བདག་པོའི་མི་མཐོང་ས་ནས་རྫས་ཁྱེར་སོང་བ་ཙམ་ལ་གོ་བ་ནི་གཏན་ནས་མིན། དེས་ན། རྐུ་བ་དྲུག་ལས་ཆོས་རྐུ་བ་མ་གཏོགས་པ་རྐུ་བ་གཞན་ལྔ་པོ་གང་ཡིན་ཡང་རྫས་ཀྱི་རིན་ཐང་ཚང་ན་རྐུ་ཕམ་སྐྱེ་བར་དངོས་སུ་གསུངས་སོ། །དེ་ལ་རྐུ་བ་དྲུག་ངོས་འཛིན་མདོ་ཙམ་བྱས་ན། ༡ ནན་ཁུགས་ཀྱིས་རྐུ་བ་ནི། མཐུ་དང་དབང་ལ་སོགས་པས་ནན་གྱིས་འཕྲོག་པ་ལ་ཟེར། དཔེར་ན། ཕ་རོལ་པོས་སྤྲོད་འདོད་མེད་བཞིན་དུ་དབང་ཡོད་དང་འབྲེལ་དེ་ཅ་དངོས་དེ་དགོས་ཚུལ་ནན་གྱིས་བསྐུལ་ནས་ཁྱེར་སོང་བ་ལྟ་བུ། ༢ སྒྱུ་ཐབས་ཀྱིས་རྐུ་བ་ནི། རྒྱན་འཇོག་གི་རྩེད་མོ་ལས་རང་གི་མ་ཡིན་པའི་རྒྱུ་དངོས་གང་ཐོབ་པ་ཁྱེར་བ་ན་སྒྱུ་ཐབས་ཀྱིས་རྐུ་བ་ཟེར། དཔེར་ན། བཅས་ལྡན་དགེ་སློང་ཞིག་གིས་ཤོ་བག་མ་ཅཱང་སོགས་ལ་རྒྱན་འཇོག་བྱས་ཏེ་རང་གི་མ་ཡིན་པའི་སྒོར་༢༠༠ ཡན་ཐོབ་པ་ན་རྐུ་ཕམ་སྐྱེ་བ་ཡིན། འདི་གྲྭ་པ་ཚོས་ཤིན་ཏུ་གཟབ་དགོས་སོ། ། ༣ གཏམས་པ་རྐུ་བ་ནི། གཞན་གྱིས་རང་ལ་ཅ་དངོས་གང་ཞིག་བཅོལ་བའམ་གཏམས་པ་ན་ཡུན་རིང་ཙམ་སོང་ནས་ཤེས་བཞིན་དུ་གཡོ་ཐབས་སྣ་ཚོགས་ཀྱིས་ཅ་དངོས་དེ་ཕྱིར་མི་སྤྲོད་ཅིང་མཐར་སྤྲོད་མི་དགོས་པར་བློ་ཐག་ཆོད་པའི་ཚེ་བརྐུས་པ་ཡིན། ༤ ཕྱིར་བསབ་པ་རྐུ་བ་ནི། གཞན་གྱི་རྒྱུ་དངོས་རང་གིས་བསྐྱིས་པ་དེ་ཞི་དྲག་གི་གཡོ་ཐབས་སྣ་ཚོགས་ཀྱིས་ཕྱིར་མི་སྤྲོད་ཅིང་ཐོབ་བློ་སྐྱེས་པའི་ཚེ་བརྐུས་པ་ཡིན། ༥ དངན་འཐེན་གྱིས་རྐུ་བ་ནི། གཞན་གྱིས་གླ་བླངས་ཏེ་ལས་བྱས་ཟིན་པར་གཡོ་ཐབས་ཀྱིས་གླ་མི་སྦྱིན་པར་ཐོབ་བློ་སྐྱེས་པའི་ཚེ་བརྐུས་པ་ཡིན། ༦ ཆོས་རྐུ་བ་ནི་མདོ་ལ་སོགས་པའི་ལུང་གི་ཆོས་བཀའ་ལུང་མེད་བཞིན་དུ་བློར་འཛིན་པ་སོགས་སོ། །རྐུ་བ་འདི་དག་ལས་དང་པོ་གཉིས་འཇིག་རྟེན་ན་རྐུ་བར་མ་གྲགས་ཤིང་དང་པོ་ནི་བདག་པོས་རང་ལ་བློས་ཐོངས་ནས་སྤྲད་སོང་བ་ལྟ་བུ་དང་གཉིས་པ་ནི་རྒྱན་འཇོག་གིས་རྒྱུ་དངོས་ཐོབ་ན་རང་གིས་ལེན་པ་འོས་འཚམ་ཡིན་པའི་བསམ་ཚུལ་གཅིག་གྱུར་དུ་ཡོད་པས། དེ་གཉིས་ལུང་གིས་རྐུ་བ་ཡིན་པར་གསལ་བར་མཛད་ལ། གཞན་གསུམ་ནི་དོན་ལ་རྐུ་བ་ཡིན་ཡང་གཡོ་ཐབས་ཀྱིས་སྤྲོད་མི་དགོས་པར་གྱུར་པས་རྐུ་བ་མ་ཡིན་ནམ་སྙམ་པའི་དོགས་པ་བསལ་ཏེ་རྐུ་བ་ཡིན་པར་གསུངས་སོ། ། འདི་དག་ལས་ཤེས་དགོས་པའི་གནད་དོན་ནི། དེང་སྐབས་བླ་གྲྭ་མང་པོས་མི་ཆེན་དང་ཚོང་དཔོན་སོགས་ལ་སྦྲན་ཏེ་སྦྱིན་བདག་ལ་ནན་གྱིས་བསྐུལ་བ་ལས་རྒྱུ་དངོས་སྣ་ཚོགས་ཐོབ་པ་དང་། ད་དུང་སྤྲུལ་སྐུ་དང་མཁན་པོ་དགེ་བཤེས་སོགས་མིན་བཞིན་དུ་ཡིན་མདོག་བྱེད། སློབ་གྲྭ་དང་དགོན་པ་སོགས་བཞེངས་ཀྱིན་མེད་ན་ཡོད་མདོག ཚེ་ཐར་དང་སྲོག་བླུ་རོགས་སྐྱོར་འདྲ་མིན་ལ་ཁ་གཡར་ནས་རྒྱུ་དངོས་གཡོ་ལེན་བྱེད་པ། ད་དུང་སྒོར་ཁྲི་བཅུ་ཡི་འགྲོ་སོང་ཅན་ཞིག་ལ་སྒོར་ཁྲི་ལྔ་བཅུའི་རྩིས་ཁྲ་བཟོས་ཏེ་དགོན་པ་དང་སློབ་གྲྭ་སོགས་སྤྱིའི་མིང་ཐོག་ནས་རང་དོན་དུ་རྒྱུ་དངོས་ཐོབ་སྟེ་རིན་ཐང་ཚང་ན་དགོན་པ་ལ་ཁེ་བཟང་ཞིག་ཡོད་མེད་མི་ཤེས་ཀྱང་བཅས་ལྡན་དགེ་སློང་རང་ལ་ཕམ་པ་བྱུང་ཟིན་པ་དང་། ད་དུང་མངོན་ཤེས་དང་རྟོགས་པའི་ཡོན་ཏན་མ་ཐོབ་པ་ཞིག་ཐོབ་ཡོད་མདོག་གི་ཚུལ་འཆོས་ཀྱིས་གཞན་མགོ་བསྐོར་ཏེ་རྒྱུ་ནོར་བླངས་པར་རིན་ཐང་ཚང་ན་དགེ་སློང་ཞིག་ཡིན་ན་རྫུན་ཕམ་དང་རྐུ་ཕམ་གཉིས་གང་སྔར་སྐྱེས་ན་དེས་སྡོམ་པ་ཉམས་པར་འགྱུར་བ་ཡང་ཤེས་དགོས་སོ། །