རྟའུ་བློ་བཟང་དཔལ་ལྡན་ལ་ཕུལ་བའི་ཁྱིམ་བདག་ཅིག་གི་གུས་འདུན་རྣལ་མ།

112/545

མགར་ཐར་བཀྲ་ཤིས་ཆོས་ལྡན།

སྙིང་རྗེ་དང་གཞན་ཕན་གྱིས་ཐུགས་རྒྱུད་མཛེས་པའི་སྐུ་ཞབས་བློ་བཟང་དཔལ་ལྡན་ལགས། ཁྱེད་ཀྱི་བྱམས་རྩེའི་ཟིལ་བ་རེ་རེ་ཆེས་ཉམས་ཆུང་དང་ཆེས་དཀའ་ངལ་ཆེ་བའི་དྭ་ཕྲུག་མང་པོའི་གསོས་སྨན་དུ་གྱུར་དང་འགྱུར་བཞིན་པའི་དུས་འདིར། ཁ་སང་ཁྱེད་རང་གློ་བུར་དུ་སྐུ་མྱ་ངན་ལས་འདས་པའི་གཏམ་ངན་སེམས་ཀྱིས་མི་བཟོད་པ་ཞིག་ཐོས་པས་ཡིད་སེམས་རབ་ཏུ་གདུང་ནའང་། སྐྱེ་བའི་ཐ་མར་འཆི་བ་ནི་ཆོས་ཉིད་ཅིག་ཏུ་ངེས་པས་ང་ཚོ་སྟེ་ཁྱིམ་བདག་དག་དང་སློབ་མ་ཚོས་སེམས་འཁྲལ་ཇི་ལྟར་བྱས་ནའང་ཕན་ཐོག་མེད་པ་ལོས་ཀྱང་ཤེས། དེར་བརྟེན། འདི་ནས་ཡིག་བརྒྱ་དང་མ་ཎི་སོགས་ཀྱི་དགེ་ལས་འགའ་སྔོན་དུ་བཏང་ནས་ཁྱེད་ཀྱི་ཡོན་ཏན་རྒྱ་མཚོ་ལྟ་བུ་ལས་ཆུ་ཡི་ཐིགས་པ་ཙམ་ཞིག་གླེང་བར་བྱའོ།།

དྭ་ཕྲུག་སྟོང་ཕྲག་དུ་མའི་ཨ་ཕ་རུ་གྱུར་པའི་རྟའུ་བློ་བཟང་དཔལ་ལྡན་ལགས། འདི་ནས་ངས་གུས་འདུན་རུམ་གང་ཁྱེར་ནས་ཁྱེད་ནི་བྱང་སེམས་བདག་ཉིད་ཆེན་པོ་ཞིག་རེད་ཅེས་པའི་བདེན་པའི་བསྟོད་དབྱངས་ཀྱི་མེ་ཏོག་གིས་སྐྱེལ་མ་བྱེད་འོས། དེ་ནི་ང་གཅིག་པུའི་སེམས་འདུན་ཞིག་མིན་པར་ཡུལ་གྱི་སྐྱ་སེར་མང་པོའི་སྙིང་གི་འཕར་ལྡང་གསོན་པོ་ཡིན་པ་དེའོ།། དེ་ནི་ང་གཅིག་པུའི་མིག་ཆུ་དེ་མིན་པར་ཕ་ཡུལ་གྱི་མི་དམངས་ཚོའི་སྐྱོ་བའི་ཤུགས་གླུ་རིང་མོ་དེའོ།། དེའི་ཕྱིར་ང་རང་ཁྱེད་ལ་དུངས་ཤིང་ཁྱེད་ཀྱི་ཕྱག་རྗེས་བཟང་པོ་ལ་ལྷག་ཏུ་དུངས།

སྐུ་ཞབས་ལགས། ཁྱེད་རང་ལ་སྒེར་གྱི་ཁེ་དབང་དང་བཟའ་ཚང་། སྙན་གྲགས་དང་དཔོན་གནས་སོགས་ཀྱི་ཆེད་དུ་འདུར་བའི་ཆེ་གེ་མོ་བ་བརྒྱ་སྟོང་ལས་ལྷག་པའི་ཆོ་ལོ་དང་སྙན་པ་འབུལ་འོས་ཏེ། ཁྱེད་ལ་བཅོས་མ་མིན་པའི་རིགས་ཀྱི་ཟུངས་ཁྲག་གིས་བཞེངས་པའི་རྟག་བརྟན་གྱི་རྡོ་རིང་ཞིག་ཡོད་པས་ཡིན། ཁྱོད་ཀྱིས་དྭ་ཕྲུག་སྟོང་གི་རྣམ་ཤེས་འཁོར་སའི་ཕ་གཞིས་དྲོན་མོ་ཞིག་ཤུལ་དུ་བཞག་ཡོད་པས་ཡིན། ཁྱོད་ཀྱིས་སྦྲགས་སྐད་དང་ལོགས་སྐད་འབའ་ཞིག་གིས་གོ་བརྡ་སྤྲོད་ཀྱིན་པའི་ཁོར་ཡུག་ནག་པོ་དེར་བོད་སྐད་ཡིག་གི་འོད་སྣང་གསལ་པོ་ཞིག་བསྐྲུན་ཡོད་པས་ཡིན། ཁྱོད་ཀྱིས་བོད་ཀྱི་གོམས་སྲོལ་དང་འདུ་ཤེས་ཉམས་པའི་རི་ལུང་རྫོབ་པོ་དག་ཏུ་མི་རིགས་ཀྱི་དཔའ་སྤོབས་དང་ལ་རྒྱ་དངོས་མ་དེ་དགུང་དུ་བཏེགས་ཡོད་པས་སོ།། དེའི་ཕྱིར། ང་རང་ཁྱེད་ལ་དགའ་ཞིང་ཁྱེད་ཀྱི་ལོ་རྒྱུས་སྙན་མོ་ལ་ལྷག་ཏུ་དགའོ།།

ལུས་པོ་ཕྱི་ལོགས་ན་བཞུགས་ཀྱང་རྣམ་ཤེས་ནང་ལོགས་ནས་འཁོར་བའི་རྟའུ་བློ་བཟང་དཔལ་ལྡན་ལགས། ང་རང་ཉིས་སྟོང་གཉིས་ཀྱི་ལོར་རྟའུ་དྭ་ཕྲུག་སློབ་གྲྭ་ལ་མཇལ་བ་ནས་བཟུང་དྭ་ཕྲུག་དག་གི་གནས་བབས་དངོས་མ་དེ་མཐོང་ཐོས་ཀྱི་ཡུལ་དུ་གྱུར་སོང་། མཁའ་དབུགས་གཙང་ཞིང་སྡོད་ཁང་བཟང་པའི་ཁྱེད་ཀྱི་སློབ་གྲྭ་དེ་ནས་དྭ་ཕྲུག་ཚོར་གང་ལ་གང་འདོད་ཀྱི་ཟས་གོས་སོགས་སྦྱིན་པའི་མ་མ་འདུག་ལ། གོན་པ་དང་ཉལ་ཆས་སོགས་ཁྲུད་པའི་མ་མའང་འདུག། གནས་མལ་དང་ཁ་ཏ་གནང་བའི་མ་མ་འདུག་ལ། འགྲོ་འདུག་ལ་ལྟ་སྐྱོང་གནང་བའི་མ་མའང་འདུག། སློབ་སྦྱོང་ལ་ཡར་སྐུལ་གནང་བའི་དགེ་རྒན་འདུག་ལ། ཀུན་སྤྱོད་ལ་དོ་ཁུར་གནང་བའི་སློབ་སྤྱིའང་འདུག། བར་གསེང་ལ་སྤྲོ་སྣང་སྦྱིན་པའི་ཁོར་ཡུག་འདུག་ལ། ནམ་རྒྱུན་དུ་སེམས་ཁུལ་མཛད་པའི་འཛིན་བདག་ཀྱང་འདུག།

ལྷག་པར་དུ། རང་དོན་དུ་རྒྱུ་ནོར་ཏིལ་འབྲུ་ཙམ་ཡང་མི་གསོག་པར་བྱིས་པ་དང་གཞན་དོན་འབའ་ཞིག་གི་ལས་དོན་གཉེར་བའི་དགེ་རྒན་དམ་པ་རིག་འཛིན་དགེ་ལེགས་ཚང་ཡང་སྐབས་དེར་བྱིས་པ་ཚོ་དང་མཉམ་དུ་བཞུགས་འདུག། དུས་དེ་ནས་བཟུང་རྟའུ་བློ་བཟང་དཔལ་ལྡན་དང་རྟ་བྲག་སློབ་གྲྭ་ནི་བདག་མི་སྒེར་གྱི་སློབ་གྲྭ་དེ་མིན་རུང་། བདག་གི་སློབ་གླིང་ལྟ་བུའི་འདུ་ཤེས་དང་དགའ་ཞེན་བླ་ལྷག་ཏུ་འཕེལ་སོང་། དེ་ནི་ང་རང་ཁྱེད་ལ་གུས་པའི་སེམས་འདུན་དང་ཁྱེད་ཀྱི་སློབ་གྲྭ་ལ་གུས་པའི་སེམས་འདུན་གཙང་མ་དེའོ།།

ལོ་འགའི་སྔོན་དུ་ངེད་ཚང་གི་ཚ་བུ་གཉིས་ཕ་རྒན་ཤི་བས་དྭ་ཕྲུག་ཏུ་གྱུར་ནའང་། ཚ་བུ་ཆེ་བ་དེ་རྟ་བྲག་སློབ་གྲྭ་རུ་འཛུལ་བའི་སྐལ་བཟང་ཤར་བྱུང་། དེ་ནི་ཁ་དཔེར། མ་ཉན་རྟ་ཡིས་འཕངས། ཉན་བྱེ་མ་ནང་ལྷུང་ཞེས་པ་དེ་ལོས་ཡིན་སྙམ། དུས་དེ་ནས་བཟུང་རྟ་བྲག་སློབ་གྲྭ་དང་སྐུ་ཞབས་བློ་བཟང་དཔལ་ལྡན་ཁྱོ་ཤུག་གཉིས་ལ་དགའ་ཞེན་ཇེ་ཆེ་དང་དོ་སྣང་ཇེ་ཟབ་ཏུ་གྱུར་སོང་། དྭ་ཕྲུག་ཆུང་ཆུང་ཚོས་རྟ་བྲག་སློབ་གྲྭའི་སྒོ་ཐེམ་སྒོ་བརྒལ་བ་ནས་བཟུང་སྐྱིད་ཀྱི་ཉི་མ་ཤར་བ་རེད་ཟེར་ན་ཏན་ཏན་ལབ་ཆོག་གི་རེད། དེ་ནི་ངའི་མིག་མཐོང་ལག་ཟིན་དུ་གྱུར་པས་རྫུན་གྱི་ཆ་ཅུང་ཟད་ཙམ་ཡང་འདྲེས་མེད། སློབ་གྲྭ་དེར་དྭ་ཕྲུག་ཆུང་ཆུང་ལོ་གསུམ་དང་བཞི་ཅན་མང་པོ་འདུག་ལ། ལོ་ལྔ་དང་དྲུག་ཙམ་ལ་སོན་མ་ཐག་པ་ནི་དེ་བས་ཀྱང་མང་པོ་འདུག། གང་ལྟར་རང་གི་གཅིན་སྐྱག་དང་ཉལ་སའང་བདག་བྱེད་མི་ཤེས་པའི་བྱིས་པ་དེ་ཚོ་རང་གི་ཁྱིམ་ལ་ཐོན་པ་ལྟར་གྱི་ཨ་མ་ཞེས་ནས་འབོད་ས་ཞིག་ཡོད་པ་དེའང་རྟའུ་བློ་བཟང་དཔལ་ལྡན་ཁྱོ་ཤུག་ཟུང་གི་བཀའ་དྲིན་ཉག་གཅིག་ལས་མ་འདས་སོ།།

སྔོན་མ་ཡིན་ན་དཀར་མཛེས་ཁུལ་དུ་ཡོད་པའི་རྟ་བྲག་སློབ་གྲྭ་འདི་སློབ་ཆུང་དང་སློང་འབྲིང་གཉིས་ཀྱིས་གྲུབ་ཅིང་ནང་དུ་བོད་ཀྱི་ཐུན་མིན་གྱི་ལག་རྩལ་སོགས་དང་དབྱིག་ཡིག་དང་རྩིས་འཁོར་སོགས་སྦྱང་ཚན་མང་དུ་ཡོད་ནའང་། ཕྱིས་སུ་ཕྱི་ནང་གསང་གསུམ་གྱི་རྒྱུ་རྐྱེན་དུ་མའི་དབང་གིས་ད་ཆར་སློབ་ཆུང་ཙམ་ལས་མི་འདུག། ཕྲན་ལ་གཞན་ད་དུང་མགོ་ལོག་རྟ་བྲག་སློབ་གྲྭར་ཆ་རྒྱུས་ཆེན་པོ་མེད་ནའང་ད་ཆར་དགེ་རྒན་དང་སློབ་གསོ། སློབ་མ་དང་ཁོར་ཡུག། ཆ་རྐྱེན་དང་བཀོད་སྒྲིག། ལྷག་པར་ཏུ། སྦྱང་འབྲས་དང་ཀུན་སྤྱོད་སོགས་འགྲན་ཟླ་དང་བྲལ་བ་ཞིག་འདུག་ཅེས་པ་སློབ་གྲྭ་འདིའི་མགོ་གཙོ་ཨ་ཁུ་བྱམས་པའི་ཞལ་ནས་ཐོས། མ་ཟད། མགོ་ལོག་རྟ་བྲག་སློབ་གྲྭའི་སློབ་གཙོའི་གསུང་བཤད་རིན་ཐང་ཅན་ཞིག་དྲ་ལན་ནས་མཐོང་ཐོས་ཀྱི་ཡུལ་དུ་གྱུར་པའང་ཀུན་གྱིས་མཁྱེན་གསལ་ལྟར་རེད། ད་ལོར་ཡང་དྭ་ཕྲུག་གཉིས་ཀྱི་སྙིང་སྟོབས་དང་ལྷག་བསམ་དྲ་ལམ་ནས་གསལ་པོ་མཐོང་བའང་བཤད་མ་དགོས་པ་ཞིག་རེད། མ་ཟད། མགོ་ལོག་རྟ་བྲག་སློབ་གྲྭར་ཡོད་པའི་ཕ་ཡུལ་གཅིག་པའི་ལས་བཟོ་བ་དང་དྭ་ཕྲུག་རེ་ཟུང་ལའང་སྐད་ཆ་རེ་འདྲི་རྒྱུ་བྱུང་བས་དངོས་གནས་མི་འདྲ་ཞིག་ཡོད་ས་རེད་སྙམ་པའི་དགའ་ཞེན་འབུམ་གྱིས་ཁེངས་པར་གྱུར། ལྷག་ཏུ། ཁ་སང་རྟའུ་བློ་བཟང་དཔལ་ལྡན་ཁོང་སྐུ་དངོས་སུ་སྔོན་མགོ་ལོག་རྟ་བྲག་སློབ་གྲྭ་ཕེབས་པའི་བརྙན་ཐུང་ཞིག་ཀྱང་མཐོང་ཞིང་གསུང་བཤད་གྱ་ནོམ་པ་དེའང་ཐོས་སོང་། མཐོང་མ་ཐག་ཏུ་དེ་ནི་བྱང་ཆུབ་སེམས་པའི་མཛད་པ་ལོས་ཡིན་སྙམ་པ་བྱུང་།

ང་ཚོ་ཚང་མས་ངེས་ཅན་དུ་ཤེས་དགོས་པ་ཞིག་ནི། དྭ་ཕྲུག་སུ་ཞིག་སློབ་གྲྭ་འདིར་ཞུགས་ཟིན་པའི་རྗེས་ནས་སློབ་གྲྭས་སློབ་མ་དེར་ཕྱི་ནང་གསང་གསུམ་ལ་ལྟ་སྐྱོང་དང་འགན་ཁུར་བླ་ན་མེད་པ་ཞིག་གནང་གི་འདུག། བུ་སྐྱེ་ན་དགའ་ལྡན་ཁྲི་ལ་བདག་པོ་མེད་ཅེས་པའི་དཔེ་ལྟར་སློབ་མ་སུ་ཞིག་གིས་ཆེད་ཚན་དང་དངོས་ཚན་འདོན་ཐུབ་པ་དང་། ཞབས་འཇུག་སློབ་མ་དང་འབུམ་རམས་པ་སོགས་འདོན་ཐུབ་ནའང་སློབ་མ་དེར་འདྲ་མཉམ་གྱིས་མཐུན་རྐྱེན་སྦྱོར་གནང་མཛད་ཀྱི་འདུག། མ་ཟད། རྟའུ་སློབ་འབྲིང་སོགས་ཐག་ཉེ་སའི་སློབ་འབྲིང་དག་ཏུ་རྒྱུགས་འཕྲོད་པའི་སློབ་མ་དག་གིས་ཀྱང་གཟའ་མཇུག་དང་གུང་གསེང་གི་སྐབས་ཐམས་ཅད་དུ་ཕྱིར་རྟ་བྲག་སློབ་གྲྭར་ཡོང་ནས་རང་གི་ཁྱིམ་ལྟར་ཟ་བཏུང་ལ་རོལ་བ་དང་གོན་རྒྱུ་བཀྲུ་བ་སོགས་ཀྱིས་མཚོན་པས་འཚོ་བ་རོལ་བཞིན་མཆིས། གཞན་བྲག་མགོ་དང་དཀར་མཛེས། ལྕགས་ཟམ་ཁ་དང་དར་མདོ། བོད་ཡིག་སློབ་གྲྭ་དང་ལྷོ་ནུབ་སློབ་ཆེན་སོགས་ཐག་རིང་གི་སློབ་གྲྭར་བཞུགས་པའི་སློབ་མ་དག་ཀྱང་གུང་གསེང་གི་སྐབས་ཕྱིར་སློབ་ཆུང་དུ་ལོག་ནས་དྭ་ཕྲུག་ཆུང་ཆུང་ཚོར་བདག་སྐྱོང་དང་གསབ་ཁྲིད་སོགས་བགྱིས་ཏེ་ཁྱིམ་ཚང་གཅིག་གི་མིང་སྲིང་ལྟར་ཕན་ཚུན་ལ་བརྩེ་ཞིང་ཧ་ཅང་སྐྱིད་པའི་འཚོ་བ་ཞིག་རོལ་བཞིན་ཡོད་པ་འདིའང་མི་རིགས་ལ་ཤ་ཞེན་ཟབ་པའི་སྐུ་ཞབས་བློ་བཟང་ལྡན་མཆོག་གི་སྐུ་དྲིན་ཉག་གཅིག་ཡིན་ནོ།།

དམ་པ་ཁོང་གི་བཀོད་སྒྲིག་འོག་ནས་བཙུགས་པའི་སློབ་གྲྭ་འདི་གཉིས་ལས་སློབ་མཐར་ཕྱིན་པའི་སློབ་མ་མང་དག་ཅིག་ནི་སྤྱི་ཚོགས་ཀྱི་ལས་རིགས་སོ་སོར་ཞུགས་ཏེ་ལས་དཀའ་སྣ་ཚོགས་བྱེད་བཞིན་པ་སྟེ། དཔེར་ན། མགོ་ཁྲིད་དང་སློབ་གཙོ། ཚོང་པ་དང་ཁེ་ལས་པ། དགེ་རྒན་དང་གཞུང་ཞབས་པ་སོགས་མང་དུ་ཡོད་པར་མ་ཟད། ཞབས་འཇུག་སློབ་མ་དང་སློབ་ཆེན་པ་སོགས་ཤིན་ཏུ་མང་ངོ་།། མ་ཟད། ད་ལྟར་སློབ་གྲྭ་རང་དུའང་དགེ་རྒན་དང་འཛིན་བདག་སོགས་ཀྱི་བྱ་གཉེར་བ་མཁན་སོགས་ཀྱང་མང་པོ་འདུག། འདི་ནས་མཐར་ཕྱིན་པའི་སློབ་མ་དག་ལ་མཚོན་ན་སློབ་གྲྭ་གཞན་ནས་ཡོང་བའི་སློབ་མ་དག་དང་མི་འདྲ་བར། སྤྱི་སེམས་ཆེ་བ། ཟླ་ཕོག་དང་སློབ་མ་གཉིས་ལས་སློབ་མ་གཙོ་བོར་འཛིན་པ། དུས་རྒྱུན་དུ་སློབ་གྲྭའི་བྱ་བཞག་ཆེ་འབྲིང་ཆུང་གསུམ་ལ་དོ་ཁུར་ཆེ་བ། སྒྲིག་ལམ་དང་སློབ་སྦྱོང་ཟུང་དུ་སྦྲེལ་བ། གཞོན་ལ་བྱམས་སྐྱོང་དང་རྒན་པར་བརྩི་བཀུར་ཆེ་བ་དང་། སློབ་ཁྲིད་བཀོད་སྒྲིག་དང་ལས་བྱ་ནན་བཅོས་བྱེད་པ། བོད་སྐད་གཙང་མ་དང་བོད་ཞེན་བླ་ལྷག་ཏུ་ཆེ་བ། ཆོས་ལ་དད་པ་དང་བློ་རིག་སྒྲིམ་པ་སོགས་ཀྱིས་མཚོན་པའི་ཁྱད་ཆོས་འབུར་དུ་འདུག་ཅེས་ངས་གདེངས་ཚོད་མཐོན་པོའི་སྒོ་བས་བཤད་ཐུབ་པའོ།། མཚོན་ཙམ་ཞུ་ན། ལོ་ན་ཆུང་བའི་རྟའུ་སློབ་འབྲིང་གི་དགེ་རྒན་ཚེ་རིང་རྡོ་རྗེ་ལྟ་བུ་ལ་སྦྱར་ནས་བཤད་ནའང་ང་ཚོའི་རྫོང་མཁར་གྱི་དགེ་སློབ་དང་མི་དམངས་ཡོངས་ལ་ཆ་རྒྱུས་ཡོད་པ་ཞིག་སྟེ། དགེ་རྒན་དེ་ནི་ལོ་ན་ཆུང་རུང་སྤྱི་སེམས་ཆེ་བ་སོགས་ཀྱི་བསྟོད་བསྔགས་ཀྱིས་སློབ་གྲྭ་ཡོངས་ལ་ཁྱབ་ཡོད་པ་ལྟ་བུ་རེད། འདི་དག་ཚང་མ་མཐར་གཏུགས་ནས་བཤད་ན་སྐུ་ཞབས་བློ་བཟང་དཔལ་ལྡན་གྱི་བཀའ་དྲིན་ཉག་གཅིག་ལ་ཐུག་ཡོད་པར་གདོན་མི་ཟའོ།།

ཕྱོགས་གཞན་ཞིག་ནས་བཤད་ན། རྟའུ་བློ་བཟང་དཔལ་ལྡན་ལགས་ནི་བོད་ཀྱི་ནུབ་ལུགས་གསོ་རིག་འབུམ་རམས་པ་ཐོག་མ་དེ་ཆགས་ཡོད་པའང་སྔོན་ནས་ཐོས་མྱོང་ཞིང་། ཉེ་བའི་ལོ་ཤས་རིང་དྲ་ལམ་ནས་ཁྱེད་ཀྱིས་ནུབ་ལུགས་གསོ་རིག་གི་ཁྱད་ཆོས་སྣ་ཚོགས་འཆད་ཁྲིད་དང་། ཁྱད་པར་དུ། མཆིན་ནད་དང་སྙིང་ནད། ཁྲག་གཤེར་གྱི་ནད་སོགས་ཀྱི་སྐོར་ནས་ལྗགས་ཁྲིད་སྣ་ཚོགས་མཛད་པ་དེ་དག་ཀྱང་མང་དུ་ཉན་མྱོང་། དེས་སྨན་པ་དང་གསོ་རིག་སྦྱོང་མཁན་མང་པོར་ཕན་ཐོག་ཆེན་པོ་བྱུང་རབས་གླེང་གིན་འདུག། དེང་རབས་འཆད་ཁྲིད་དེས་ནད་པ་མང་པོར་ཁ་ཚ་དགོས་གཏུག་གི་ཕན་ཐོག་ཆེ་རབས་གླེང་མཁན་ཡང་མི་ཉུང་བ་ཞིག་འདུག། མ་ཟད། གོ་ཐོས་ལྟར་ན་སྔོན་འཇར་མན་རྒྱལ་ཁབ་ནས་ཕྱི་རྒྱལ་བ་མང་པོས་ཁྱེད་ལ་ཁྱོད་ནི་ཨེ་ཤ་ཡའི་མགོ་ནག་ཅིག་ཡིན་པས་སྨན་ཡག་པོ་ཤེས་རྒྱུ་མ་རེད་ཅེས་པའི་མཐོང་ཆུང་འོག་ནས་མཚར་ལོངས་བྱུང་རབས་འདུག། ཁྱེད་ཀྱི་བརྙས་བཅོས་དེའི་འོག་ནས་ཆོད་སེམས་དང་དཔའ་སྤོབས་ཆེན་པོས་ཐོད་བརྒལ་གྱིས་རྒྱལ་ཁབ་དེའི་སྨན་རམས་པ་གྲགས་ཅན་དུ་གྱུར་ཅིང་བོད་ཀྱི་ན་གཞོན་ཞིག་གི་རླབས་ཆེ་བའི་སྙིང་སྟོབས་འཛམ་གླིང་ལ་མངོན་པ་སོགས་ཀྱི་གྲུབ་འབྲས་འབུར་དུ་ཐོན་ཡོད། བྱ་བཞག་དེ་དག་ལས་ཁྱོད་ནི་སྐྱེ་བོ་ཕལ་བ་གཞན་དང་མི་འདྲ་བར་ཤེས་རབ་དང་བརྩོན་འགྲུབ་ཟུང་དུ་སྦྲེལ་བའི་ཕུགས་རྒྱང་རིང་བའི་དེང་རབས་བོད་ཀྱི་ན་གཞོན་སྙིང་རུས་ཅན་ཞིག་ཡིན་པའང་སྨོས་མ་དགོས་སོ།།

ལྷག་ཏུ། ཁྱོད་ནི་བོད་ཀྱི་ཐུན་མིན་གྱི་གླུ་གར་སྒྱུ་རྩལ་ལ་དགའ་ཞིང་དུངས་བ་ཙམ་དུ་མ་ཟད། རང་གི་དགའ་ཕྱོགས་དེ་ལག་ཏུ་བསྟར་ཐུབ་པའི་སྐྱེ་བུ་དམ་པ་ཞིག་སྟེ། ཁྱེད་ཀྱིས་བརྩམས་ཆོས་སུ་གྱུར་བའི་ཆེད་བསྒྲིགས་བརྙན་འཁོར་འགའ་མགོ་གཙོ་ཨ་ཁུ་བྱམས་པས་སྔོན་ནས་བདག་ལ་སྤྲད་ཅིང་ངས་འགྲོ་འདུག་གི་སྐབས་མང་པོར་ལན་མང་ཉན་པ་ཡིན། དེའི་ཕྱིར། ཁྱེད་ཀྱི་བརྩམས་པའི་གཞས་ཚིག་རེ་ལ་བོད་ཀྱི་རྩམ་དྲི་དང་མར་དྲི་ཡིས་ཁྱབ་ནས་འདུག་ཅིང་། ཁྱེད་ཀྱིས་འགུག་པའི་དབྱངས་རྟ་རེ་ལ་ལ་དྭགས་དང་ལྷ་ས་སོགས་ཀྱི་རྣམ་འགྱུར་ས་ལེར་མངོན་ཐུབ། ཁྱེད་ཀྱིས་བཏང་བའི་གླུ་གཞས་རེ་ལ་ཧི་མ་ལ་དང་པོ་ཏ་ལ་སོགས་མཐོང་ཐུབ་པས་ཁྱེད་ནི་ངེས་པ་དོན་གྱི་བོད་ཀྱི་སྒྱུ་རྩལ་བ་ཞིག་ཀྱང་ཡིན་པར་ངེས།

ལྷག་ཏུ། ཁྱེད་ཀྱི་མནབས་པའི་བོད་ཆས་དེར་བབ་ཆགས་པའི་ཁྱད་ཆོས་འདུག་ཅིང་། ཁྱེད་ཀྱི་གྱེར་བའི་གདངས་དབྱངས་རེ་ལ་ལྷོད་ཆགས་པའི་ཉམས་གཤིས་འདུག། ཡིན་རུང་། ཁྱེད་ནི་མདོ་སྨད་ཀྱི་གཞས་ཚིག་རྩོམ་མཁན་ཚོ་ལྟ་བུའི་ང་རྒྱལ་མེད་ལ། མདོ་སྟོད་ཀྱི་གཞས་པ་ཚོ་ལྟ་བུའི་ཧམ་པ་མེད་པའི་སྒྱུ་རྩལ་བ་རྣམ་མ་ཞིག་རེད། དེའི་ཕྱིར། ཁྱེད་ནི་བྱེ་མའི་ཐང་ནས་སྨིན་པའི་གངས་ལྷ་མེ་ཏོག་ཅིག་རེད། ཁྱེད་ཀྱི་ཡོ་རབ་གླིང་ནས་དར་བའི་སྦྲང་དཀར་རྩམ་པ་ཞིག་རེད། ཁྱེད་ནི་ཚ་བའི་འཇིག་རྟེན་ནས་འབབ་བའི་ཁ་བའི་འདབ་མ་ཞིག་རེད། ལྷག་ཏུ། ཁྱེད་རང་ལ་བྲན་གཡོག་དང་དབུལ་ཕོངས་ཀྱི་ངན་གཤིས་ལས་ཐར་བའི་སྐུ་དྲག་བཟང་པོ་ཞིག་གི་ཚུགས་ཀ་འདུག།

དེའི་ཕྱིར། ཁྱོད་ནི་བྱམས་པ་དང་བརྩེ་བ་ཡིས་ཕྱུག་པའི་སེམས་དཔའ་ཆེན་པོ་ཞིག་རེད། ཁྱོད་ནི་སྒྱུ་རྩལ་དང་ཉམས་འགྱུར་གྱིས་ཁེངས་པའི་དབྱངས་ཀྱི་ལྷ་དབང་ཞིག་རེད། ཁྱོད་ནི་གཞན་ཕན་དང་ལྷག་བསམ་གྱིས་བྲན་པའི་གཡུ་ཐོག་གསར་མ་ཞིག་རེད། ཁྱེད་ལ་དབང་བའི་དངོས་རྫས་ཐམས་ཅད་དྭ་ཕྲུག་ཚོར་ཕུལ་ཡོད། ཁྱེད་ལ་མཆིས་པའི་ཡོན་ཏན་ཡོད་ཚད་མི་རིགས་ལ་བཏབ་ཡོད། ཁྱེད་ལ་ཡོད་པའི་ལྷག་བསམ་གཙང་མ་གངས་རི་ལ་བཅོལ་ཡོད། དེར་བརྟེན། ཁྱེད་ནི་རིགས་ཀྱི་དཔའ་བོ། དོན་གྱི་མཁས་པ། བྱང་ཆུབ་སེམས་པ། སངས་རྒྱས་གསོན་པོ། མཁན་ཆེན་དམ་པ། དགེ་བཤེས་ཆེན་པོ། སྤྲུལ་བའི་སྐུ་མཆོག། མགོན་མེད་སྐྱབས་གནས། རེ་ས་དམ་པ། བདག་ཉིད་ཆེན་པོ། ལྷག་བསམ་ལྡན་པ། ཤེས་འབྱོན་གཉིས་ལྡན་སོགས་བོད་ཡུལ་དུ་གཙོ་རྒྱུགས་ཆེ་བའི་ཐ་སྙད་བཟང་པོ་ཐམས་ཅད་ཁྱེད་ལ་དབང་ཞིང་ཁྱེད་ལ་སྦྱར་ན་འོས་ཤིང་འཚམས་པ་ཞིག་རེད་དོ།།

མཇུག་ཏུ་འདས་པོ་ཁོང་གིས་ཚེ་འདིའི་སྡིག་སྒྲིབ་ཉེས་ལྟུང་ཐམས་ཅད་ཉེ་བར་ཞི་ནས་བར་དོའི་འཇིགས་སྐྲག་སྐད་ཅིག་ཙམ་མེད་པར་མྱུར་བ་མྱུར་དུ་སྐུ་བཞིའི་རྒྱལ་བའི་གོ་འཕང་རིན་པོ་ཆེ་མྱུར་དུ་ཐོབ་པར་གྱུར་ཅིག།

2019/2/8ཉིན་གྱི་སྔ་དྲོར་བཀྲ་ཤིས་ཆོས་ལྡན་གྱིས་རྫ་སེར་ཤུལ་ནས་བྲིས་པ་དགེའོ།།