སྐད་ཡིག་གླེང་བ། འཆི་བསླུ་བས་བརྩམས།

36/470

རུས་པ་དུང་གི་ལྷུ་ཚིགས་མ་འཐོར་གོང་།། དབུག་རྒྱུན་ཐག་པ་ཕྲ་བ་མ་ཆད་སྔོན།། ཕ་ཡུལ་གངས་ཅན་བོད་ཀྱི་རྗེ་འབངས་ལ།། སྲི་ཞུ་ཅུང་ཟད་འགྲུབ་ན་ཅི་མ་རུང་།།

སྤྱིར་མི་རིགས་དེ་དང་དེ་ཡི་སྐད་དང་ཡིག་གེ་ནི་མི་རིགས་དེ་དང་དེའི་སྲོག་གི་ཡང་སྙིང་ངོ་མ་དེ་ཡིན་པས་དེ་ལ་སོ་སོའི་སྐད་ཡིག་ལ་སོ་སོར་བརྩེ་གདུང་ཟབ་ཅིང་བརླིང་བ་རེ་ཡོད་པ་ནི་བཤད་མེད་ཡིན།དེ་ཡང་རང་རྒྱལ་ལྟ་བུ་ལ་མཚོན་ནས་བཤད་ན་གྲངས་ཉུང་མི་རིགས་ཁག་གིས་རང་མི་རིགས་ཀྱི་སྐད་དང་ཡིག་གེ་བེད་སྤྱོད་དང་འཕེལ་རྒྱས་སུ་བཏང་ཆོག་ཚུལ་རྩ་ཁྲིམས་དང་མི་རིགས་ས་ཁོངས་རང་སྐྱོང་བཅའ་ཁྲིམས་དག་ན་གསལ་པོར་གསུངས་ཡོད་ནའང་།ད་ལྟའི་མི་རིགས་རང་སྐྱོང་ས་ཁུལ་གྱི་རྒྱུན་སྤྱོད་ཀྱི་འཚོ་བ་དངོས་ཀྱི་ཁྲོད་དུ་མི་རིགས་ཀྱི་སྐད་ཡིག་དེ་མང་ཆེ་བ་རྒྱའི་སྐད་དང་ཡིག་གེ་ཡིས་ཚབ་བྱས་ཡོད།མི་དམངས་འཐུས་མི་ཚོགས་ཆེན་དང་ཆབ་སྲིད་གྲོས་ཚོགས་རིམ་པ་ཁག་གི་ཡིག་ཆ་དང་སྲིད་གཞུང་གི་འབྲེལ་ཡོད་ཡིག་ཆ་སྔོན་སྲོལ་ལྟར་མི་རིགས་དེའི་སྐད་ཡིག་ཏུ་སྒྱུར་བཞིན་ཡོད་ན་ཡང་།སྲིད་གཞུང་གི་ལས་ཁུངས་རིམ་པ་ཁག་དང་འབྲེལ་ཡོད་ཕྱོགས་ཀྱིས་མི་རིགས་ཀྱི་སྐད་ཡིག་གང་ཐུབ་གང་ལྕོགས་ཀྱིས་ཉམས་རྒུད་དུ་གཏོང་བ་དང་སྣང་ཆུང་དང་ཁྱད་གསོད་བྱེད་པའི་བྱེད་སྟངས་འོག ད་ལྟ་དོན་དངོས་སུ་ལག་ལན་ནི་སྐད་ཡིག་གཞན་པ་ཞིག་གིས་རིམ་བཞིན་དུ་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་གི་ཚབ་བྱས་ཡོད་པ་རེད།བོད་ཀྱི་སྐད་ཡིག་ནི་དེའི་ནང་གི་གཅིག་ཡིན་ལ།འདི་ནི་དབྱངས་དང་གསལ་བྱེད་ལས་གྲུབ་པའི་སྒྲ་སྦྱོར་གྱི་ཡིག་གེ་ཡིན་པས་ཡིག་གེ་རང་ངོས་ནས་མི་འདང་ས་དང་སྐྱོན་ཆ་ཅི་ཡང་ཐེར་འདོན་བྱེད་རྒྱུ་མེད་པ་མ་ཟད་ཚང་མས་ཤེས་གསལ་ལྟར་བོད་ཡིག་ལ་མི་ལོ་བརྒྱ་སྟོང་མང་པོའི་ལོ་རྒྱས་ཡོད་ཅིང་།བོད་ཡིག་གི་ཡིག་ཆ་སྣ་ཚོགས་བྲག་རི་བརྩིགས་བརྩིག་དང་ས་ཆེན་པོའི་རྡུལ་གྱི་གྲངས་དང་མཉམ་པ་ཡོད་ཅེས་སྨྲས་ནའང་འུད་མི་ཆེ་བའི་ཚད་དུ་གནས་ཡོད།རྒྱལ་སྤྱི་དང་རྒྱལ་སྤྱི་མ་ཡིན་པ་མང་པོ་ཞིག་གིས་བོད་རིག་པ་ལ་དོ་སྣང་བྱེད་པ་མ་ཟད་ཞིབ་འཇུག་བྱ་ཡུལ་དུ་གྱུར་ཡོད།འདི་ནི་རང་རྒྱལ་ཀྲུང་གོ་བ་ལ་མཚོན་ན་གཟི་བརྗིད་དང་མ་འོངས་གཞོན་སྐྱེས་ཚོ་ལ་ལེགས་སྐྱེས་རྩ་ཆེན་ཞིག་ཀྱང་ཡིན།ཀྲུང་གོ་གསར་པ་མ་བཙུགས་པའི་སྔོན་ལ་བོད་ལྗོངས་དང་བོད་ཤར་རྒྱུད་ཀྱི་ས་ཁུལ་ཁག་གཞན་པ་ཀུན་གྱིས་སྲིད་གཞུང་གི་ཡིག་ཆ་ཚང་མ་དང་སྤྱི་ཚོགས་འཚོ་བའི་ཁྱབ་ཁོངས་མཐའ་དག་ལ་ཡོངས་ཁྱབ་ཏུ་སྤྱོད་པ་ནི་བོད་ཀྱི་སྐད་ཡིག་ཁོ་ན་ཡིན།ད་ལྟ་ང་ཚོ་གུང་ཁྲན་ཏང་གིས་འགོ་ཁྲིད་པའི་བོད་ཁུལ་ཡོངས་དང་བོད་རང་སྐྱོང་ལྗོངས་སུ་མི་དམངས་འཐུས་ཚོགས་དང་སྲིད་གྲོས་ཀྱི་ཡིག་ཆ་དང་།དེ་བཞིན་སྲིད་གཞུང་གི་ཡིག་ཆ་གལ་ཆེན་འགའ་ཤས་བོད་ཡིག་ཏུ་སྒྱུར་བཞིན་ཡོད་ནའང་།འཚོ་བ་དངོས་ཀྱི་ཁྲོད་དུ་རང་སྐྱོང་ལྗོངས་སྲིད་གཞུང་ནས་ཆེས་གཞི་རིམ་དུ་ཡོད་པའི་ཞང་སྲིད་གཞུང་བར་ཚང་མའི་ཉིན་རྒྱུན་གྱི་དངོས་གཞིའི་ཡིག་ཆ་མི་འདྲ་བ་སྣ་ཚོགས་མང་ཆེ་བ་རྒྱ་ཡིག་གིས་བོད་ཡིག་གི་ཚབ་བྱས་ཡོད།ཚོགས་འདུ་ཆེ་ཆུང་ཕལ་ཆེ་བའི་ཐོག་ཏུའང་མི་རེ་ཟུང་ཕུད་ཚང་མས་རྒྱ་སྐད་བཤད་དགོས་པ་རེད།བྱེད་སྟངས་འདི་ནི་ཐད་ཀར་བཤད་ན་མ་རུངས་ཁོག་བཅུག་གི་སྦྱོར་བ་ལྷུར་ལེན་པ་ཞིག་ལས་མ་འདས།དུས་རབས་སྔོན་མའི་ལོ་རབས་བརྒྱད་ཅུ་པའི་ནང་དུ་ཀུན་གཟིགས་པཎ་ཆེན་བཀའ་དྲིན་ཅན་དེ་དང་ང་ཕོད་སོགས་ཀྱིས་བདག་རྐྱེན་ལ་བརྟེན་ནས་༡༩༨༧ལོར་དངོས་སུ་བོད་རང་སྐྱོང་ལྗོངས་ཀྱི་འཐུས་མི་ཚོགས་ཆེན་གྱིས་བོད་རང་སྐྱོང་ལྗོངས་ཀྱི་བོད་སྐད་ཡིག་སྦྱོང་སྤྱོད་སྤཻལ་གསུམ་གྱི་གཏན་འབེབས་ཞེས་བྱ་བ་ཞིག་བཟོས་ཏེ་བོད་ལྗོངས་ནས་བོད་སྐད་ཡིག་འཛིན་སྐྱོང་བྱེད་པ་ལ་ས་གནས་ཁྲིམས་སྲོལ་གྱིས་འགན་ཁུར་དང་ལམ་སྟོན་བྱེད་པའི་འགོ་ཞིག་ཚུགས་ན་ཡང་ཡུན་རིང་མ་འགོར་བར་པཎ་ཆེན་བཀའ་དྲིན་ཅན་དེ་གློ་བུར་དུ་དགོངས་པ་རྫོགས་པས།དེ་ནས་རིམ་བཞིན་དུ་བོད་སྐད་ཡིག་སྦྱོང་སྤྱོད་སྤེལ་གསུམ་གྱི་གཏན་འབེབས་ཞེས་པ་དེ་ཡིས་ནུས་པ་ཡང་མར་ངོ་བཞིན་དུ་མར་འགྲིབ་ནས་༢༠༠༢ལོར་གོང་གི་གཏན་འབེབས་དེ་ལ་བཟོ་བཅོས་རྒྱག་པ་དེས།བོད་མི་དམངས་ལ་གྱོང་གུན་ཚབས་ཆེན་བཟོས་ཡོད་པ་དང་རྩ་ཁྲིམས་དང་ཡང་མི་མཐུན་པའི་ནོར་འཁྲུལ་རྩིང་པོ་ཞིག་ཡིན་པ།བོད་དམངས་ཚོགས་ཀྱིས་ངོས་འཛིན་དང་བློ་འགྱོད་ཆེན་པོ་བྱེད་བཞིན་ཡོད་ལ་ངེས་པར་དུ་ཡོ་བསྲང་མྱུར་མགྱོགས་སུ་ཡོང་བ་དམངས་ཚོགས་ཀྱི་ཚབ་བྱས་ནས་ཞུ་བ་ཡིན།ཀླད་པ་ལྗང་གུ་ཅན་རེ་འགས་ཟེར་ན་བོད་ཀྱི་སྐད་ཡིག་ནི་རྗེས་ལུས་ཡིན་ཁུལ་དང་སྨྲས་ན་ངོ་ཚ་ཞིག་ཡིན་ཚུལ་སོགས་བཤད་མཁན་ཡོད་ལ་གཏམ་དེའི་རིགས་ནི།རྩ་ཁྲིམས་གཞིར་བཞག་སྟེ་དེ་དག་རྙོག་གྲ་དང་བསྟན་བཤིག་ཡིན་པ་ངོས་འཛིན་བྱས་ཏེ་གད་སྙིགས་བཞིན་དུ་མར་དོར་དགོས།དེས་ན་སྐད་ཡིག་གཅིག་གི་ཚབ་སྐད་ཡིག་གཞན་པ་ཞིག་གིས་བྱེད་པ་ནི་སྐད་ཡིག་ཅིག་ཤོས་དེ་དངོས་སུ་གསོད་པ་ཡིན་པས་ཚབ་བྱེད་གཏན་ནས་མི་རུང་བར་ཤེས་དགོས།རྒྱ་མི་ལ་ལ་ཞིག་གིས་རྒྱ་ཡིག་རྒྱ་སྐད་ནི་སྔོན་ཐོན་ཅན་དང་དེང་རབས་ཅན་ཡིན་ཚུལ་དང་བོད་ཀྱི་སྐད་ཡིག་ནི་རྗེས་ལུས་ཡིན་པ་དང་སྦྱོང་ན་ཕན་པ་མེད་ཚུལ་སྨྲ་བ་ཐོས།

ཁོ་ཚོའི་གཏམ་ནི་འུད་ཤོབ་ཁོ་ན་ཡིན་ཏེ་འོ་ན་ཁོ་རང་ལ་ཁྱེད་ཀྱི་རྒྱ་སྐད་རྒྱ་ཡིག་ནི་རྗེས་ལུས་རེད་སྦྱོང་བ་ལ་ཕན་ཐོགས་གང་ཡང་མེད།དབྱིན་སྐད་དབྱིན་ཡིག་ནི་སྔོན་ཐོན་དང་དེང་རབས་ཅན་ཡིན་པས་རྒྱ་ཡི་སྐད་ཡིག་གི་ཚབ་ཏུ་དབྱིན་སྐད་དབྱིན་ཡིག་བྱེད་དགོས་ཟེར་ན་རྣར་བ་འགྲོ་བའི་གཏམ་རེད་འདུག་གམ།དོན་དངོས་སུ་བོད་ཀྱི་སྐད་ཡིག་གི་ཚབ་ཏུ་རྒྱའི་སྐད་ཡིག་བྱེད་པ་ནི་གནད་འདི་འདྲ་ཞིག་ཏུ་སོང་ཡོད།སྐད་ཡིག་ནི་མི་རིགས་དེ་ཡིས་སྐྲ་བར་གྱི་མིག་དང་ཁོག་པ་ཡི་སྙིང་ལྟ་བུ་དེ་ཡིན་པས་སྨ་འབེབས་བྱ་ག་ལ་རུང་།དེ་བཞིན་དུ་རྒྱ་ཡི་སྤྱི་སྐད་ལ་གྲངས་ཉུང་མི་རིགས་ཁག་གིས་སློབ་སྦྱོང་ཡག་པོ་བྱེད་དགོས་ཀྱང་རྒྱའི་སྐད་ཡིག་གིས་གྲངས་ཉུང་མི་རིགས་ཁག་གི་སྐད་ཡིག་གི་ཚབ་བྱེད་མི་རུང་ལ།འདི་ནི་ཁྲིམས་འགལ་ཡིན་པའང་ཤེས་དགོས།དེས་ན་རྒྱལ་ཁབ་ཅིག་ཡར་རྒྱས་སུ་འགྲོ་དགོས་ན་ཆེས་གལ་ཆེ་བ་ནི་མི་རིགས་འདྲ་མཉམ་ཡོང་རྒྱུ་དེ་ཡིན་ལ་མི་རིགས་འདྲ་མཉམ་ཡོང་དགོས་ན་ངེས་པར་དུ་མི་རིགས་ཕན་ཚུན་བར་གྱི་སྐད་ཡིག་འདྲ་མཉམ་ཡིན་དགོས།སྐད་ཡིག་འདྲ་མཉམ་བྱེད་པ་ལ་རྒྱལ་ཁབ་དེའི་ཆབ་འབངས་སུ་གཏོགས་པའི་མི་རིགས་འདྲ་མིན་ཁག་གིས་ཆོས་ལུགས་དང་རིག་གནས་སྔ་སྲོལ་གྱི་བྱེད་སྒོ་ཁག་ལ་བཀག་འགོག་མེད་པ་ཙམ་དུ་མ་ཟད་རྩི་བཀུར་དང་དེ་ལ་སློབ་སྦྱོང་བྱེད་དགོས།དེ་ཡང་མི་རིགས་དེའི་སྐད་ཡིག་བཀོལ་སྤྱོད་བྱང་ཆུབ་པ་ཞིག་ཡོང་དགོས་ན་རྩ་བ་སློབ་གསོ་གཏང་རྒྱུ་དང་སློབ་གསོ་དེ་ཡང་མ་མཐའ་སློབ་ཆུང་ནས་འགོ་རྩོམ་སྟེ་སྐད་ཡིག་དེའི་སྟེང་དུ་སློབ་ཁྲིད་བྱེད་དགོས།དེ་ལྟར་མིང་དོན་མཚུངས་པ་ཞིག་བྱུང་ན་ད་གཟོད་མི་རིགས་འདྲ་མཉམ་གྱི་མེ་ཏོག་མཉམ་བཞད་དང་མཛའ་མཐུན་གྱི་འོ་ཆུ་གཅིག་འདྲེས་སུ་སྟབས་ཅིག་ཏུ་འོང་བ་ཡིན།དེ་ལྟར་མིན་པ་རྒྱ་ཡི་སྐད་ཡིག་གིས་གྲངས་ཉུང་མི་རིགས་དེའི་སྐད་དང་ཡིག་གེའི་ཚབ་བྱེད་པ་ནི་མི་རིགས་དེའི་སེམས་ནང་དུ་གསུབ་ཏུ་མེད་པའི་རྨ་ཁ་ཞིག་འཇོག་པ་མ་ཟད་བསམ་བཞིན་དུ་མི་རིགས་གཅིག་འཆི་ལམ་དུ་དེད་པ་ཡིན་པས་ཀྲུང་དབྱང་དང་ས་གནས་ཀྱི་དབང་འཛིན་པ་ཚོས་མི་སྒེར་གྱི་ཁེ་ཕན་ཉེ་ཚེ་བ་ཞིག་གི་ཆེད་དུ་འདི་ལ་སྣང་མེད་དུ་མི་འཇོག་པར་བོད་ཀྱི་སྐད་ཡིག་བསྐྱར་གསོའི་མ་ལག་ཚད་ལྡན་ཞིག་སྐྲུན་རྒྱུ་ནི་ཕྱོགས་ཡོངས་ནས་ཤུགས་སྣོན་རྒྱག་རོགས་ཞེས་མི་དམངས་ཀྱིས་ཚབ་བྱས་ནས་ཞུ་བ་ཡིན།དའང་སྐད་ཡིག་འདི་དང་འབྲེལ་བའི་གནད་དོན་གཞན་ཞིག་དཔེར་མཚོན་ཙམ་ཞིག་ཞུས་ན་ཕྱི་རྒྱལ་གྱིས་ཡེ་ཤུལ་ཆོས་གཅིག་པུས་རྗེས་བསྙེགས་པའི་ཀྲུང་གོ་གསར་པའི་མི་འབོར་རྒྱ་ཆ་ག་ཚོད་ཟིན་འགྲོ་བཞིན་ཡོད་པར་ལྟོས་དང་འདི་ནི་ཀྲུང་གོ་བ་ངོ་གནོང་དགོས་པ་ཞིག་དང་མ་འོངས་པར་སླར་གསོ་རྒྱུ་མེད་པའི་འཐུས་ཤོར་ཚབས་ཆེན་ཞིག་ཏུ་གྱུར་ཡོད་པ་རེད།འདི་གལ་ཏེ་སྡང་བའི་དགྲ་བོ་ཞིག་ཡིན་ན་དེར་འགོག་སྲུང་བྱེད་མཁན་གྱི་དྲག་པོའི་དཔུང་ཚོགས་སམ་ཡང་ན་ནད་ངན་ཞིག་ཡིན་པའི་དབང་དུ་བཏང་ན་འདི་གསོ་བྱེད་ཀྱི་སྨན་མཆོག་དེ་ཀྲུང་གོ་རྙིང་པའི་ཕུགས་དམིགས་སྙིང་ནོར་ཞིག་ཡོད་པ་རེད།ཕུགས་ནོར་དེ་གསར་བརྗེའི་ལས་འགུལ་རིམ་པ་ཁག་གི་འོག་ཏུ་འཕྲོ་བརླག་ཏུ་སོང་སྟེ་དེང་སང་རྒྱ་ཡི་སྐད་ཡིག་གི་སྟེང་དུ་ཆ་ཚང་བ་ཞིག་མེད་པ་རེད།དེ་ད་ལྟ་ཆ་ཚང་བར་བཞུགས་ཡོད་པ་ནི་བོད་ཀྱི་སྐད་ཡིག་གཅིག་པུ་ལས་གཞན་ན་མེད་པ་དཔྱོད་ལྡན་གྱི་མཁས་པ་རྣམས་ཞལ་གཅིག་མཐུན་དུ་གྱུར་ཡོད་པ་ལྟར་རེད།དེས་ན་བོད་ཀྱི་སྐད་ཡིག་ལྟ་བུ་གཅིག་ལ་མཚོན་ནས་བཤད་ན་སྐད་ཡིག་འདིའི་སྟེང་ན་ཀྲུང་གོའི་རྩ་འགང་ཆེ་བའི་ཕྱི་འགོག་གི་ལྕགས་རིའམ།ཕྱིའི་འགོས་ནད་སེལ་བའི་གཅིག་ཆོག་གི་སྨན་ཆེན་ལྟ་བུ་དེ་ཡོད་པ་ངོས་ཟིན་ཅིང་།དེ་ཤིན་ཏུ་གལ་ཆེ་བ་མ་ཟད་གནད་འགག་ནང་གི་གནད་འགག་གཅིག་ཡིན་པ་ཤེས་ཡོང་།དེ་ལྟར་ངོས་འཛིན་ཡག་པོ་བྱུང་ན་རང་བཞིན་གྱིས་བོད་སྐད་ཀྱི་རིན་ཐང་རྟོགས་ཐུབ་ལ།རྒྱའི་སྐད་ཡིག་དང་བོད་ཀྱི་སྐད་ཡིག་གཉིས་ཀྱི་བར་ལའང་བེད་སྤྱོད་ཀྱི་རྒྱ་ཁྱོན་ཆེ་ཆུང་ཙམ་ལས་མིའི་རིགས་ཀྱི་ལོ་རྒྱུས་འཕེལ་རྒྱས་ཀྱི་བརྒྱུད་རིམ་ཁྲོད་དུ་དེ་གཉིས་ཀྱི་སྐད་ཡིག་གི་བྱེད་ལས་དང་བྱས་རྗེས་ཀྱི་ཐད་དུ་གལ་ཆེ་ཆུང་གཅིག་མཚུངས་སུ་གནས་ཡོད་པའང་ཤེས་ཐུབ།མདོར་བསྡུས་ན་ཐོབ་ཤོར་ཅི་བྱུང་ཡང་ང་ཚོ་ཚང་མས་ཁྲིམས་ལུགས་གཞིར་བཞག་སྟེ་ཐབས་བཀོད་ཅི་དྲག་འདོན་ནས་བརྩོན་ལེན་བྱ་དགོས་པ་དང་དེ་ལ་ཀྲུང་དབྱང་དང་ས་གནས་ཀྱི་དབང་འཛིན་པ་ཚོས་ཁ་ཞེ་གཉིས་མེད་ཀྱི་སྒོ་ནས་རྒྱབ་སྐྱོར་བྱུང་ན་འབངས་དང་དཔོན་གྱི་བར་དུ་སྔོན་ལས་ལྷག་པའི་བཅོས་མིན་གྱི་མཛའ་མཐུན་ཞིག་འོང་བ་དང་ཕུགས་འདུན་གསར་པ་ཡང་མྱུར་དུ་མངོན་འགྱུར་འོང་བར་ཐེ་མི་ཚོམ་མོ། སྐད་ཡིག་ན་བ་དང་དེ་ལ་སྨན་འཚོལ་བ། ཡང་ན་སྐད་ཡིག་གླེང་བ།

2019/2/6/ནས།