སྒྲུང་གཏམ་བྲི་བར་ཇི་ལྟར་འཇུག་དགོས། རྩོམ་པ་པོ། བྱང་སྐར།

109/545

ཁྱེད་སྒྲུང་གཏམ་འབྲི་བར་དགའ་ཚེ། གཟབ་དགོས་ས་ཁ་ཤས་འདུག་སྙམ།

 

དང་པོ། དཔེ་ཀློག་གི་ཐད།

བོད་ཡིག་ལས། གེ་སར་སྒྲུང་མང་ཆེ་ཤོས་དང་། རྣམ་ཐར་རྟོགས་བརྗོད་མང་ཆེ་ཤོས། ཆོས་འབྱུང་དེབ་ཐེར་མང་ཆེ་ཤོས་བཀླག་ཐུབ་ན་དགའ།དེ་ནི་སྐད་ཆའི་སྒྱུ་རྩལ་ལ་ནང་བྱན་ཆུད་པའི་ཕྱིར་དུ་ཡིན་པར་མ་ཟད། དེ་དག་བཀླགས་པས། བོད་མིའི་ཐུན་མོང་མ་ཡིན་པའི་འཇིག་རྟེན་གྱི་ལྟ་བ་དང་། མི་ཚེའི་ལྟ་བ། རིན་ཐང་གི་ལྟ་བ། མཛེས་དཔྱོད་ཀྱི་ལྟ་བ་བཅས་མ་ནོར་བར་ཤེས་འགྲོ་ཞིང་། བོད་ཀྱི་སྔ་རབས་ད་འབྱུང་གང་ལའང་སྐྱུ་རུ་ར་ལག་མཐིལ་དུ་བླངས་པ་ལྟར་གྱི་རྒྱུས་ཡོད་པར་གྱུར་ཏེ། བོད་མིའི་སྣང་བརྙན་ལེགས་པར་བཞེང་ཐུབ་ངེས་ཡིན། ད་ལྟའི་བོད་ཀྱི་སྒྲུང་གཏམ་པ་ཕལ་མོ་ཆེས་བོད་མ་རྒྱའི་ར་མ་ལུག་གི་སྐད་ཆ་མ་གཏོགས། རང་སྐད་གཤའ་མ་ལྷད་མེད་ཅིག་བྲི་ཐུབ་མེད་པ་དང་བོད་མིའི་སྣང་བརྙན་ཡང་གསོན་ཉམས་དོད་པོ་ཞིག་བཞེང་ཐུབ་མེད་པས་ན། སྐྱོན་དེ་དག་ངེས་པར་བྱས་ནས་སེལ་བར་བྱ་རྒྱུ་གལ།

རྒྱ་ཡིག་ལས། གནའ་རབས་གྷི་རིག་གི་ལྷ་སྒྲུང་དང་ཟློས་གར། དམ་པའི་གསུང་རབ་དང་། རིག་རྩལ་བསྐྱར་དར་སྐབས་ཀྱི་རྩོམ་རིག་མཁན་པོ་དག་གི་སྒྲུང་གཏམ་ཚང་མར་ངེས་ཆ་ཡོད་ན་འགྲིག་ཅིང་། དེ་ནས་ནུབ་ཕྱོགས་ཉེ་རབས་ཀྱི་སྒྲུང་རྩོམ་དག་བཀླགས་ན་ལེགས། སྒྲུང་རྩོམ་དེ་དག་ལ་བག་ཆགས་ཟབ་མོ་ཞིག་བཞག་སྟེ་ཞོག་རྗེས། གཞི་ནས་ནུབ་ཕྱོགས་དེང་རབས་ཀྱི་དང་དེང་རབས་རྗེས་ཀྱི་སྒྲུང་རྩོམ་དག་ལ་ག་ལེར་བལྟས་ན་འཚམ། དེ་བཞིན། དཔེ་ཀློག་གི་གོ་རིམ་མི་འཁྲུགས་རྒྱུ་ནི་གལ་ཆེན་ནང་གི་འགངས་ཆེན་ཞིག་ཡིན།

 

གཉིས་པ། འཚོ་བའི་ཐད།

ཁྱེད་ཉིད་བོད་མིའི་སྣང་བརྙན་གཟུགས་ཅན་དུ་བཞེང་ཐུབ་མཁན་དང་། བོད་པའི་འཚོ་བ(བྱུང་བ)བཅོས་མིན་དུ་སྟོན་ཐུབ་མཁན། བོད་ཀྱི་བྲོ་བ་ཇི་བཞིན་དུ་མཚོན་ཐུབ་མཁན། གཞན་མིའི་ཡིད་འཕྲོག་ཅིང་རང་མིའི་སེམས་འགུགས་པའི་རྩོམ་པ་པོ་ཞིག་ཡོང་འདོད་ན། སློབ་གྲྭ་ཐོན་རྗེས་ཕ་ཡུལ(བོད་པ་མང་པོ་འདུས་སྡོད་བྱ་ཡུལ)དུ་མ་མཐའ་ཡང་རང་ལོ་བཞི་བཅུའི་བར་དུ་བསྡད་ན་ལེགས། མ་བསྡད་ན་ནམ་ཞིག་གང་བྲི་རྒྱུའི་འཚོ་བས་དབུལ་འགྲོ། གཏིང་ཟབ་པའི་འཚོ་བའི་མྱོང་བ་ངོ་མ་ཞིག་མེད་ན་སྒྲུང་བྲི་རྒྱུ་མེད་འགྲོ།

 

གསུམ་པ། བསམ་བློའི་ཐད།

སྒྲུང་ལ་བསམ་བློ་མེད་པ་ནི་སྤགས་ལ་མར་ཆུར་མེད་པ་འདྲ། ངེད་ཅག་འགྲོ་བ་མིའི་རིགས་ནི། མི་ལ་རང་དབང་དང་ཐོབ་ཐང་དང་འདྲ་མཉམ་དང་རྩིས་ཐང་སོགས་མེད་པ་ནས་ཡོད་པའི་ཕྱོགས་སུ་འགྲོ་བཞིན་ཡོད་ལ། དེ་བཞིན་དུ། ཆབ་སྲིད་ཀྱི་གནས་སྟངས་ཀྱང་སྒེར་གཅོད་ནས་དམངས་གཙོའི་ཕྱོགས་སུ་ཕྱིར་མི་ལྡོག་པར་འགྲོ་བཞིན་ཡོད། ཡོངས་ཁྱབ་རིན་ཐང་གི་གནད་ཀ་མ་རྟོགས་ན་རིན་ཐང་བྲལ་བའི་སྒྲུང་གཏམ་འབྲི་རྒྱུ་སྟོང་སེམས་ཡིན།

དེས་ན། རང་དབང་རིང་ལུགས་དང་ཁྲིམས་སྲིད་དམངས་གཙོའི་སྐོར་གྱི་དེབ་བམ་རྩོམ་ཡིག་གང་མང་མང་བཀླགས་ནས་དེ་རིགས་ལའང་མི་རྨོངས་པ་ཞིག་ངེས་པར་དགོས་ཚོད། ངེད་ཅག་གི་ད་ལྟའི་རྩོམ་པ་པོ་ཚོར་དེ་སྐོར་གྱི་ཤེས་ཡོན་གྱིས་མི་འདང་ཞེ་ནའང་ཐལ་ཆ་ཆེར་མེད་པ་འདྲ། ཇི་ལྟར་བསམ་བློ་བཏང་རུང་། བོད་ལ་ད་ཕན་རླབས་ཆེ་བའི་སྒྲུང་གཏམ་མཁན་པོ་ཞིག་འབྱོན་ཐུབ་མེད་པའི་རྩ་བ། རྩོམ་པ་པོ་ཚོར་གོང་དུ་བཤད་ཟིན་པའི་མཐུན་རྐྱེན་དེ་བཞི་མ་ཚང་བ་ལ་ཐུག་མེད་དམ་སྙམ། ཉ་ཉོག་མང་པོ་བཤད་ཚར། འགྲིག་མིན་རང་གི་ཤེས་རབ་ཀྱིས་བརྟག་འཚལ། ཅི་བཤད་ཉན་དགོས་པའི་རེ་བ་ཤིག་སྲོ་ཙམ་ཡང་མེད། རྒྱ་ཡིག་གི་དེབ་དེ་དག་མ་བཀླགས་པའི་གོང་དུ། <<西方文学史>>ཞིག་ཉོས་ནས་བལྟས་ན་འཇུག་བདེ། རྒྱ་ནག་གི་རྩོམ་ལ་ནི་མ་བལྟས་ཀྱང་མི་སྐྱོན། མཇུག་མཐར་ཡང་བསྐྱར་ནན་ཏན་དུ་ཞུ་རྒྱུ་ཞིག་ལ། གནའ་རབས་ཀྱི་དང་ཉེ་རབས་ཀྱི་སྒྲུང་རྩོམ་ལ་ངེས་ཤེས་ཡག་པོ་ཞིག་འདྲོངས་རྗེས་མ་གཏོགས། ནུབ་ཕྱོགས་དེང་རབས་ཀྱི་དང་དེང་རབས་རྗེས་ཀྱི་སྒྲུང་རྩོམ་དག་ལ་མ་བལྟས་ན་དགའ། དེ་གནད་འགག་ཅིག་ཡིན། སེམས་ལ་བཟུང་ན་ཕན་ཡོང་།

ཅིའི་ཕྱིར་ཞེ་ན། ངེད་ཅག་གི་རྩོམ་པ་པོ་མང་དག་ཅིག་གིས་དེ་ལས་ལྡོག་ཟླ་རྐྱང་རྐྱང་བྱས་པས། སོ་སོའི“གྲོད་ཁོག”གིས་ལེགས་པར་འཇུ་མ་ཐུབ་པར་སྲོག་རླུང”ལྟ་བུ་ཞུགས་ཏེ། བྲིས་པའི་སྒྲུང་རྩོམ་དག་ནི་ཅི་ཡིན་འདི་ཡིན་མི་ཤེས་ཟེར་མཁན་ང་གཅིག་པུ་ག་ལ་ཡིན་ཏེ། ཤེས་ནས་སྨྲ་མཁན་ཡང་མང་པོ་འདུག རྩ་བ་དེད་ན། དེ་ནི་ངེད་ཅག་བོད་ལ་ནུབ་ཕྱོགས་དེང་རབས་ཀྱི་དང་སྒོས་སུ་དེང་རབས་རྗེས་ཀྱི་འཚོ་བའི་མྱོང་བ་གང་ཡང་མེད་སྟབས། སྒྲུང་རྩོམ་དེ་རིགས་ལ་གོ་བ་དག་མ་ཞིག་ལེན་ཐབས་བྲལ་སོང་བས་ལན་སྙམ། གཞན་དུ། རྩོམ་པ་པོ་དག་ལ་ཤེས་རབ་མེད་སོང་བས་ཡིན་གྱི་མ་རེད། ད་དེ་ཙམ་གྱིས། ཁྱེད་ཀྱི་བསམ་དོན་ཡིད་བཞིན་དུ་འགྲུབ་པར་ཤོག བདེ་མོ།

2016.9.30