བོད་ཀྱི་བྱིས་པ་རྣམས་ལ་ཕུལ་བའི་ཚིག་ཚོགས་ཐོས་པ་དགའ་སྐྱེད། མགར་ཐང་དཀར།

107/545

བོད་ཀྱི་བྱིས་པ་རྣམས་ལ་ཕུལ་བའི་ཚིག་ཚོགས་ཐོས་པ་དགའ་སྐྱེད།

 

དང་པོ།

སྤྱིར་བཏང་བོད་ཀྱི་བྱིས་པ་སུ་ཡིན་ཡང་སློབ་མ་ཞེས་པའི་མཚན་ཉིད་དེ་རང་སྟེང་ལ་འབྱར་བ་ནས་བཟུང་ཆེས་རྒྱུས་མངའ་ལོན་དགོས་ས་དང་ཞེན་ཁོག་ལ་འཇུག་དགོས་ས་ནི་གསལ་བྱེད་སུམ་ཅུ་ཇི་ལྟར་སློབ་ན་བསླབ་ཐུབ་པ་དང་། གསལ་བྱེད་སུམ་ཅུར་ངེས་རྗེས་ད་གཟོད་བསླབ་བྱ་གཞན་པར་སེམས་ཤུགས་གཅིག་འདུས་ཀྱིས་བསླབ་རྒྱུ་དེ་གལ་ཆེ་བར་འདོད།

གཉིས་པ།

ངས་བོད་ཀྱི་བྱིས་པ་རྣམས་སློབ་མར་འཇུག་སྐབས་ངེས་པར་ཐོག་པར་གསལ་བྱེད་སུམ་ཅུར་ངེས་དགོས་ཟེར་དོན་ཡང་ངའི་ཕྱོགས་ཞེན་གྱི་སྐད་ཆ་གང་འདོད་ལབ་པ་མིན་གྱི། རྒྱུ་མཚན་ཅི་ཡིན་ཟེར་ན་ང་ཚོ་མི་སུ་དང་གང་ཡིན་ཡང་རང་ཉིད་ཁོར་ཡུག་ག་འདྲ་ཞིག་ནས་ནར་སོན་ན་དེ་གའི་ཡུལ་སྲོལ་དང་སྐད་ཡིག་ལ་ཅུང་ཙམ་རྒྱུས་མངའ་ཡོད་པས། རྨང་གཞི་དེའི་སྟེང་ནས་ད་གཟོད་ཡར་ལངས་ནས་ཡར་འཁོར་མར་འཁོར་དང་། ཡར་ལྟ་མར་ལྟ་བྱས་ན་སེམས་ཤུགས་ཀྱང་ཡུན་གྱིས་སྐྱེད་སྲིང་བྱེད་ཐུབ་པར་སེམས། དེ་གང་ནས་ཤེས་ཐུབ་ཟེར་ན། ང་རང་ཉིད་ཀྱང་ཆུང་དུས་ནས་བོད་ཀྱི་རང་སྐྱོང་ས་ཁུལ་ནས་མཚར་ལོངས་བྱུང་སྟབས། མང་པོ་མི་ཤེས་མོད། གང་ལྟར་སློབ་ཆུང་ནས་སློབ་ཆེན་གྱི་བརྒྱུད་ལམ་དེ་ཐེངས་གཅིག་མྱངས་ཟིན། མྱོང་བ་དེའི་སྡོམ་ནས་ལབ་ཀྱི་ཡོད། ང་སློབ་ཆུང་ལ་ཐོག་མར་གོམ་ཁ་བསྒྱུར་སྐབས་རྒྱ་ཡིག་དང་རྒྱ་སྐད་ཟེར་བ་དེ་ཆེས་རྒྱུས་མེད་ཀྱི་ཐ་སྙད་ཞིག་དང་ཆ་མེད་ཀྱི་སྐད་ཆ་ཞིག་ཏུ་སྣང་། དེ་དུས་སུ་ང་ལ་ཆེས་བག་ཆགས་ཟབ་པ་དང་ཆེས་ཡི་ཀ་སྟེར་བའི་བསླབ་བྱ་ནི་བོད་སྐད་དང་བོད་ཡིག་རེད། བོད་སྐད་དང་བོད་ཡིག་གིས་ང་ལ་སློབ་མ་ཞེས་པའི་མཚན་ཉིད་འདི་བྱིན་པ་ཡིན་ཟེར་ནའང་མི་ཆོག་རྒྱུ་མི་འདུག

གསུམ་པ།

ང་སློབ་ཆུང་དུ་ཡོང་དུས་སློབ་གྲོགས་མང་ཆེ་བ་རང་ས་གནས་ཀྱི་རེད། ཁོ་ཚོ་ཡང་ང་དང་འདྲ་བར་དཔེ་དེབ་སྣ་གསུམ་ལས་བོད་ཡིག་དཔེ་ཆར་རེག་ཙམ་བྱས་ནས་འདུག རྒྱུ་མཚན་ཁོ་ཚོས་རྒྱ་ཡིག་དཔེ་ཆ་དང་གྲངས་རིག་དཔེ་ཆ། བོད་ཡིག་དཔེ་ཆ་གསུམ་གྱི་ཕྱི་ཤོག་ངོས་ཀྱི་དཔེ་ཆའི་མིང་ཀློག་མི་ཤེས་པ་གཅིག་ཡིན་ཡང་། བག་ཆགས་ཞིག་གི་དབང་གིས་བོད་ཡིག་གི་དཔེ་ཆར་ལག་པས་བྱིལ་བ་རེད། དེ་བས་བོད་ཀྱི་བྱིས་པ་ཞིག་ལ་ཆ་མཚོན་ན་ཆེས་ཐོག་མར་སློབ་ལ་འཇུག་སྐབས་ངེས་དགོས་པ་དང་ཤེས་དགོས་པ་ནི་བོད་ཡིག་གསལ་བྱེད་སུམ་ཅུ་ཡིན། གལ་སྲིད་བོད་ཡིག་གསལ་བྱེད་སུམ་ཅུར་ཁ་ཡ་མ་བྱས་པར་རྒྱ་ཡིག་(a o e )་དང་གྲངས་རིག་(1 2 3 )་ལ་ནན་གྱིས་འཇུག་ཏུ་བཅུག་པ་ནི་སློབ་མའི་སེམས་ཁམས་ཀྱི་ནད་རྙིང་ཞིག་གམ་སློབ་མ་ཡུལ་ལ་ལོག་བྱེད་ཀྱི་ཐབས་ལམ་ཉག་གཅིག་ཡིན་པས་བརྩེ་བའི་དགེ་རྒན་རྣམ་པར་ནན་གྱི་ཞུས་པ་ལགས། ངས་གོང་གསལ་བཤད་པའི་སྐད་ཆ་དེ་དག་དོན་རྩ་ཅི་ཡང་མེད་པར་བཤད་པ་མིན། ང་རང་ཉིད་ཀྱི་སློབ་གྲོགས་རྣམས་ཀྱི་ནང་ནའང་དཀའ་ཁག་དེ་དག་ལ་བཟོད་མ་ཚུགས་པར་ཡུལ་ལ་ལོག་ནས་སློབ་གྲྭར་འགྲོ་བའི་སྐལ་བ་མ་བྱུང་བ་མི་ཉུང་། དེ་ཡང་གནད་དོན་གང་རེད་ཟེར་ན་དགེ་རྒན་གྱི་གཅར་རྡུང་དང་སྡིག་མོ་བྱས་པ་ལན་སོང་བ་མིན་གྱི་རང་རང་སོ་སོར་ཆེས་བག་ཆགས་ཟབ་ཤོས་དང་ཆེས་འབྲེལ་འདྲིས་ཆེ་བའི་སྐད་རིགས་ཀྱི་ཐད་ནས་གཅེས་པར་མ་བཟུང་བར་བསླབ་བྱ་སོ་སོ་ཐོག་མ་ཉིད་ནས་དོ་མཉམ་གྱིས་སོང་བས་ལན་སོང་། སྤྱིར་བཏང་དེང་སྐབས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁམས་ཀྱི་རྩ་ཁྲིམས་ལས་ཀྱང་མི་རིགས་འདྲ་མཉམ་དང་སྐད་རིགས་འདྲ་མཉམ་གྱི་སྲིད་ཇུས་གླེང་གིན་ཡོད་པ་བདེན་ཀྱང་། ཐོག་མ་ཉིད་ནས་བསླབ་ལ་འཇུག་སྐབས་འདྲ་མཉམ་གྱི་སྲིད་ཇུས་ལག་ལ་བསྟར་ན་ཅུང་ཙམ་འཁྲུལ་ཡོད་པར་སྣང་། དེ་གང་རེད་ཞེ་ན། མི་བུ་སོ་སོར་བཞག་པའི་བག་ཆགས་རེད། གལ་ཏེ་བག་ཆགས་ཀྱི་རྨང་གཞིའི་སྟེང་ནས་སྐད་ཡིག་འདྲ་མཉམ་གྱི་ལམ་ལ་མ་ཞུགས་ན་མི་རིགས་སོ་སོའི་ཡིག་རྨོངས་ཀྱི་ཐད་ནས་ཀྱང་ཅུང་ཙམ་ཐལ་ཇེ་དྲགས་དུ་འགྲོ་ཉེན་ཆེ་བར་སེམས།

བཞི་བ།

ད་ལྟ་རྒྱལ་ནང་རྒྱལ་ཕྱིར་བྱ་བ་ལས་ན་ངེས་པར་དུ་ཤེས་དགོས་པ་ནི་རྒྱ་ཡིག་དང་རྒྱ་སྐད་རེད། གལ་ཏེ་བོད་ཀྱི་བྱིས་པ་རྣམས་ཀྱང་ཆུང་དུས་ནས་སློབ་ལ་འཇུག་སྐབས་བོད་ཡིག་རྨང་གཞི་བྱས་ནས་རྒྱ་ཡིག་དང་རྒྱ་སྐད། མཐའ་ན་མི་རིགས་གཞན་གྱི་སྐད་རིགས་སྦྱང་བརྩོན་གྱི་ཐད་ལ་ཤུགས་རྒྱག་ཏུ་མ་བཅུག་ན་མ་འོངས་པར་དཀའ་བློས་ཅུང་མང་པོ་རྒྱག་དགོས་ས་རེད། དེའི་ཕྱིར་བོད་ཀྱི་བྱིས་པ་རྣམས་ལ་བག་ཆགས་ཟབ་པའི་སྐད་ཡིག་རྒྱུད་འཛིན་གྱི་སེམས་ཤུགས་ནན་གྱིས་སྐུལ་ཞོར་སྐད་རིགས་གཞན་པ་སློབ་སྦྱོང་བྱེད་པའི་ལམ་སྣེར་ཁྲིད་ན་ནི་ཐབས་ཀྱི་ནང་གི་མཆོག་ཡིན་འདུག ང་རང་ཉིད་ལ་མཚོན་ནའང་འདྲ། ད་ལྟ་ང་དང་མཉམ་ཏུ་སློབ་གྲྭར་འགྲིམ་པའི་སློབ་གྲོགས་རྣམས་ཡིན་ནའང་ཆོག ཚང་མས་ལམ་ཀ་འདི་རྒྱུན་བསྲིང་སྟབས་ད་རག་བར་དུ་སློབ་གྲྭར་འགྲིམས་ནས་ཤེས་རིག་གི་བདུད་རྩི་ཅི་འདོད་རེག་ཐུབ་པ་བྱུང་སོང་བ་རེད། དེ་བས་མང་པོ་ལབ་པས་ཀྱང་ཕན་མི་ཐོག་པས། གནད་ཀྱི་ནང་གི་གནད་གཙོ་བོ་དེ་ཙམ་ཡིན་པ་འདྲ།

ལྔ་བ།

དེ་ལྟ་ན་དེང་གི་ཁྲིམས་ལུགས་དང་འཆམ་མཐུན་གྱི་ལམ་བུ་ཧ་ཅང་བཟང་སྟབས། ངས་ཀྱང་འཕེལ་རྒྱས་ཀྱི་ཐད་ལ་འཕེལ་རྒྱས་ཀྱི་ལམ་བུ་དུལ་འབྲུ་ཙམ་རེ་སྦྱིན་ན་ཅིས་ཀྱང་མི་ཆོག་པ་མེད་པར་སེམས་བྱུང་།ད་ཆའི་སྙིང་གཏམ་དུམ་ཚན་འདི་ཤེས་ལྡན་ཀུན་གྱི་ཐུགས་ལ་འཇགས་པར་འཚལ།། །།

༢༠༡༩/༣/༢༥