དགོན་པའི་ནང་དུ་རྨོངས་དད་ཀྱིས་ཁེངས་པའི་རྐྱེན་རྩ་ཅིག བདེ་མཆོག་དཔལ།

103/545

ད་ལྟ་བོད་ཀྱི་ནང་པའི་རྟེན་གཞི་ལྟ་བུར་གྱུར་པའི་ཆོས་སྡེའམ། དགོན་པའི་ནང་དུ་རྨོངས་དད་ཀྱི་རྫོང་མཐུག་ལ། རྟོག་དཔྱོད་རིག་གནས་ཀྱི་མཁའ་དབུགས་ཧ་ཅང་དཀོན་པ་ནི་དོན་དངོས་རེད། དེའི་རྐྱེན་ནི་ཡོད་ཚད་ལ་དད་པ་སྔོན་དུ་འགྲོ་དགོས་པ་དང་། ལྷག་པར་དུ་དགོན་པའི་ནང་དུ་འབྲི་ཀློག་ཤེས་ཙམ་མ་གཏོགས། སུམ་རྟགས་དག་གསུམ་ངེས་པར་དུ་ཤེས་དགོས་པའི་ལམ་ལུགས་བྱུང་མྱོང་མེད་པར་ཐུག་འདུག

སྔོན་ནས་ད་བར་ཆོས་གྲ་ཆེན་པོ་ཚོས་སློབ་གཉེར་རྒྱུན་བསྐྱངས་ཀྱང་། མཁས་པ་ཉུང་ངུ་ལས་མ་ཐོན་པའང་སུམ་རྟགས་སྙན་ངག་ཆོས་པའི་སྤང་བྱར་བཟུང་བས་ལན་འདུག་ལ། དགོན་པ་དང་ཆོས་སྡེ་རི་ཁྲོད་ཀུན་ལའང་ཡིག་ཀློག་ཤེས་པ་ཙམ་གྱིས་འགྲིག་པར་བརྩི་ནས་ཆོ་ག་འདོན་ཤེས་པ་དང་བསྙེན་པ་གསོག་ཤེས་པ་མཆོག་ཏུ་རློམ་པའི་འདུ་ཤེས་སྐྱོ་བོ་དེ་འདྲ་སྐྱེད་བསྲིང་བྱས་པས་རྨོངས་དད་ཅན་དུ་གྱུར་སོང་བ་རེད།

ནང་རིག་པ་ནི་ཟབ་ཅིང་རྒྱ་ཆེ་བའི་གཞུང་ལུགས་གཏིང་ཟབ་པོ་ཡིན་ན། དེ་ཉིད་ཀྱི་ཚིག་དོན་ཀུན་དཔྱིས་ཕྱིན་པ་རྟོགས་ཐབས་ནི་བརྡ་སྤྲོད་རིག་པ་དཔྱིས་ཕྱིན་ཤེས་མིན་ལ་རག་ལས་ཡོད། བཀའ་བསྟན་གསུང་འབུམ་རྩ་ཆེན་ཡིན་ཟེར་བ་ཀུན་ཀྱང་། ཤོག་བུའི་ངོས་སུ་བརྡ་སྤྲོད་རིག་པས་བཟུང་ནས་གནས་ཡོད་པའི་ཕྱིར། དེའི་དོན་ཆ་ཚང་པོ་ཤེས་པ་ལ་བརྡ་སྤྲོད་རིག་པ་ཡག་པོ་སྦྱང་རྒྱུ་ནི་འགག་རྩ་དངོས་ཡིན་པས་སོ།།

ང་ཚོས་སྔ་ནས་ད་བར་སྐས་ཀ་མ་འཛེགས་པར་ཐོག་ཁར་བསྙེགས་པའི་ལམ་ལུགས་ལ་བརྟེན་ཡོད། བཤད་གྲ་རྣམས་སུམ་རྟགས་དག་གསུམ་གྱི་རྨང་གཞི་མེད་པར་ཆེས་མཐོ་བའི་གཞུང་བཀའ་པོད་ལྔ་སོགས་གཏིང་ཟབ་མོ་རྣམས་འཆད་ཉན་ལ་འཁྲིད་པ་དང་། སྔགས་ཆོག་གྲ་ཚང་རྣམས་སུ་སུམ་རྟགས་དག་གསུམ་མི་སློབ་པར་ཀློག་ཤེས་ཙམ་ལ་སྔགས་ཀྱི་ཆེས་མཐོའི་ཆོ་ག་ཁག་རྣམས་བློ་འཛིན་གྱིས་ཆོག་པར་འཛིན་པའི་ལུགས་ཡིན་པ་འདི་ཡིས་རང་ལམ་རང་གིས་བརླག་ཡོད།

གྲ་བཙུན་ཕལ་མོ་ཆེས་ཀྱང་སྔགས་ཆོག་སོགས་བློར་བཟུང་ནས་འདོན་ཤེས་ན་ཡོན་ཏན་དུ་རློམ་ཞིང་། འདོན་པ་ཁོ་ནས་འགྲིག་པའི་ལམ་ལུགས་དེའི་དབང་གིས་ན། ནང་དོན་ལ་བསམ་མནོ་གཏོང་སྲོལ་རྩ་བ་ནས་མེད་པས། ནེ་ཙོའི་སྤུན་དུ་གྱུར་ནས་ནང་རིག་ངོ་མ་རྩ་བ་ནས་ཤེས་ཀྱི་མེད་ལ། ཕན་ཡོན་ཆེན་པོ་ཡོད་རབས་ཀྱི་གཟུངས་སོགས་འདོན་པས་མགོ་འཁོར་ཡོད་ལ། དེའི་ཤུགས་རྐྱེན་གྱིས་མང་ཚོགས་ཚོས་ཀྱང་། ཁ་ཏོན་འདོན་ཤེས་པ་ཙམ་གྱིས་ཆོག་པར་བརྩིས་ནས་ནང་དོན་གང་ཡིན་ཨེ་ཤེས་རྩ་བ་ནས་བསམ་མནོ་གཏོང་གི་མེད་པའི་ཁོར་ཡུག་བཙོག་པ། རྨོངས་དད་ཀྱི་རྫོང་མཐུག་པོ་འདི་བྱུང་འདུག

ད་ལྟ་གཞུང་ནས་སློབ་གསོར་མཐོང་ཆེན་གནང་བས། སློབ་གྲ་བ་མང་པོས་སྐད་ཡིག་གསུམ་མི་ཤེས་པ་མེད་པའི་དུས་རབས་ཡིན་ཀྱང་། བཤད་གྲ་ཁ་ཤས་ནང་སུམ་རྟགས་ཁྲིད་པས་ཅུང་ཟད་ཤེས་མཁན་ཡོད་ནའང་། ལྟོས་བཅས་ལ་སེར་མོ་བ་དགུང་ལོ་ཉི་ཤུ་ཡན་ཕལ་ཆེ་བས་བོད་ཡིག་རང་ཡང་ཐེབས་ཆག་འབྲི་ཀློག་ཤེས་ཙམ་ལས་མེད་པ་མངོན་སུམ་རེད། ཚང་མར་རྒྱུགས་ལེན་བྱས་ན་ཤེས་གསལ་རེད། ལུགས་འདིས་ནང་བསྟན་ངོ་མ་དར་བ་ལ་ཕན་མ་ཐོགས། མི་སྒེར་ལ་ཕན་མ་ཐོགས་པའི་མིའ་མང་པོ་གསོས་པ་ཙམ་རེད། སེར་མོ་བ་ཡི་གེ་ཀློག་ཤེས་ཙམ་ལས་ནང་དོན་གང་ཡང་མི་ཤེས་པའམ། གོ་བ་གང་ཡང་ལེན་མི་ཤེས་པ་རྣམས་ཀྱི་མི་ཚེ་ནི་སྔ་ས་ནས་སྟོང་ཟད་དུ་བཏང་ཚར་བ་རེད། ལམ་ལུགས་འདིས་སྔ་ནས་ད་བར་གྲ་བཙུན་ཅི་ཙམ་གྱི་མིའ་ཚེ་རྩ་བརླག་བཏང་ཡོད།

ང་ཚོའི་མགོ་ཁྲིད་སྔ་མ་ཚོས་ལོ་རྒྱུས་ལ་འགན་འཁུར་མ་མྱོང་བས། ཡོངས་སུ་ཆུ་ལ་བསྐུར་ནས་ཅི་ཡང་མེད་པ་འདི་བྱུང་ལ། མགོ་ཁྲིད་ད་ལྟ་བས་ཀྱང་ལོ་རྒྱུས་ལ་འགན་མ་འཁུར་བའི་རྟགས་ནི། ལོ་ངོ་སུམ་ཅུའི་རིང་ལ་རྨང་གཞིའི་རིག་གནས་བརྡ་སྤྲོད་ཁོང་དུ་ཚུད་ཐབས་ལ་ཤུགས་བརྒྱབ་པའི་ལམ་ལུགས་ཤིག་བྱུང་མྱོང་མེད། ལོ་ངོ་སུམ་ཅུ་སོ་བདུན་རིང་རྨང་གཞི་གང་ཡང་མེད་པར་འཆད་ཉན་དང་། འདོན་པ་རྐྱང་འདོན་ནས་ཉི་མ་བསྐྱལ་ཡོད། ཞུ་ཡིག་ལེགས་པོ་ཅིག་འབྲི་དགོས་ནའང་དཀའ་ངལ་འཕྲད་འཕྲད་པ་རེད།

ཁོར་ཡུག་དེའི་དབང་གིས་གྲྭ་བཙུན་ཕལ་མོ་ཆེ་ནང་པའི་རིག་གནས་ལ་སྙིང་ནས་དགའ་ཞེན་ནི་མེད། གང་ལྟར་ནེ་ཙོ་བཞིན་འདོན་འདོན་བྱས་ན་འཚོ་བ་ནི་འཁྱོལ་འགྲོ་བས། བོད་ཡིག་ཆ་ཚང་བ་སྦྱང་ནས་ཁོང་དུ་ཆུད་པར་འབད་བརྩོན་བྱེད་པའི་གྲ་བཙུན་ནི་ཧ་ཅང་ཉུང་ཉུང་ཆགས་པ་འདི་རེད། ལམ་ལུགས་སྡུག་དྲགས་པའི་དབང་གིས་ལོ་ན་དར་མ་ཡིན་པ་ཀུན་གྱི་མི་ཚེ་དེ་སྟོང་ཟད་བཏང་ཚར་བ་རེད།

ད་ནི་མ་འོངས་པར་རྨོངས་དད་ལས་གྲོལ་ཆེད་བརྡ་སྤྲོད་རིག་པ་རང་རྐྱ་འཕེར་བ་སློབ་པའི་འཆར་གཞི་དང་ལམ་ལུགས་བཟོ་དགོས་ལ། ད་ཡོད་ལོ་ན་ཆུང་བ་རྣམས་ཀྱི་མི་ཚེ་སྟོང་ཟད་གཏོང་མི་རུང་བས། ད་ནི་སྔར་ལམ་མུན་ནག་ལ་མུས་འཐུད་མ་འགྲོ་བར། དུས་རབས་ཉེར་གཅིག་པའི་ནང་པ་ནི་ཤེས་ལྡན་གྱི་ནང་པ་ཡིན་དགོས་པ་ལས། རྨོངས་དད་ཅན་གྱི་ནང་པ་ཡིན་མི་རུང་བས། མ་འོངས་པའི་རྨང་གཞིའི་སྒྲིག་བཀོད་དང་རྨང་གཞིའི་འཛུགས་སྐྲུན་བྱ་དགོས། རྒན་གཞོན་ཚང་མས་བོད་ཡིག་བརྡ་སྤྲོད་ལེགས་པོ་སྦྱོང་དགོས།

ངས་འདི་ལྟར་བཤད་དོན་ནི་རིགས་འདི་ཉིད་རྨོངས་དད་ཀྱི་མུན་ནག་ལས་གྲོལ་དགོས་ན། རྨོངས་དད་ཀྱི་འབྱུང་རྩ་ནས་བསྔོག་དགོས། མང་ཚོགས་ལ་རྨོངས་དད་བསླབ་མཁན་ནི་བླ་གྲ་དགོན་གསུམ་ཡིན་ལ། དེ་དག་རྨོངས་དད་པར་གྱུར་དོན་རྨང་གཞི་རིག་གནས་ལ་སློབ་སྦྱོང་བྱ་སྲོལ་མེད་པར། དད་པ་སྔོན་དུ་འགྲོ་བ་དང་། འབྲི་ཀློག་ཤེས་ཙམ་ལས་བྱེད་པོ་དང་ལྷ་སྒྲུང་ཡིན་མིན་སོགས་དཔྱད་བརྗོད་ཀྱི་ནུས་པ་མེད་པས། ཡོངས་སུ་རྨོངས་སོང་བ་འདི་ཡིན་པའི་གནད་ཀྱི་ཡིན་ནོ།།