གནས་བརྟན་འདུལ་བ་འཛིན་པ་དགེ་བཤེས་ཡེ་ཤེས་བྱམས་པ།

26/470

 

ལྔ་བཅུ་ང་དགུའི་ཡར་སྔོན་ནས་འཛིན་གྲྭ་ཕལ་ཆེར་ཐོན་ཚར་ཡོད་ས་རེད། མཧཱ་པཎ་ཆེན་དགེ་བཤེས་ཡེ་ཤེས་དབང་ཕྱུག་དང་རྒྱལ་རོང་མཁན་ཟུར་ངག་དབང་ཐེག་མཆོག་སོགས་དང་འཛིན་གྲྭ་གཅིག་པ་རེད། ཁོང་ནི་ཆུང་ནས་མ་བཅོས་རང་ཆས་ཀྱི་ཞི་དུལ་ཡིན་པ་རྒྱུས་ཡོད་རྣམས་ཀྱིས་གསུངས་པ་བདག་གིས་ལན་མང་པོ་ཐོས། སྤྱི་ལོ་༡༩༩༦ ལོ་ལ་ང་རང་ཁོང་གི་མདུན་དུ་དོན་བདུན་ཅུ་ནས་བཟུང་སྐབས་དང་པོ་སྤྱི་དོན་ཆོས་འཁོར་བར་དུ་དཔེ་ཁྲིད་ལ་གཅར་རྒྱུའི་སྐལ་བ་བྱུང་། མི་རྣམས་ཀྱིས་རྒན་ཡེ་ཤེས་བྱམས་པ་དགྲ་བཅོམ་པ་ཐང་ལ་ཕེབས་པ་ལྟ་བུ་ཡོད་རེད་གསུངས་སྲོལ་ཡོད་པ་ལྟར། ལམ་དུ་ཕེབས་སྐབས་གཡས་གཡོན་གང་ལ་མི་གཟིགས་ཤིང་། འཚོགས་སུ་གྲལ་མཚེས་ལ་སྐད་ཆ་ཡེ་ནས་མི་བཤད་པ་མ་ཟད། མི་སུ་ལ་ཡང་ཡག་ཉེས་སྐད་ཆ་རྩ་བ་ནས་བཤད་མི་དར། མཚམས་རེར་ལྷ་སར་ཡོན་བདག་འགའ་རེས་ཁྱིམ་ལ་གདན་འདྲེན་སྐབས་བརྙན་འཕྲིན་ལ་གཟིགས་དར་བའི་ལུགས་སྲོལ་མེད། དམ་ཆོས་འདུལ་བའི་ཕྱག་བཞེས་སྤྱན་གཉའ་ཤིང་གང་ཕན་ཆད་མི་ལྟ་བ་དང་། ཞལ་ལག་མཆོད་དུས་མཁུར་ཚོས་གཡས་གཡོན་གང་ནས་འབུར་འབུར་མི་ཐོན་པ་བཞེས་འདུག །ཞལ་ལག་གྲུབ་པའི་རྗེས་སུ་ཤིང་ཕོར་ཁ་སྦུགས་ནས་བཞག །དེ་ནི་མི་རྟག་པ་དྲན་ཆེད་རེད་ཟེར། དེ་རིང་ཟ་མ་ཟོས་ཀྱང་སང་ཉིན་ཕོར་པ་འདི་སྤྱད་ནས་ཟ་མ་བཟའ་རྒྱུ་ཡོད་མེད་མི་ཤེས་བསམས་པའི་འདུ་ཤེས་སྒོམ་ཡོད་ས་རེད། དེ་ནས་ཆངས་བུ་ཞིག་མདུན་ན་བཞག་ནས་ཡི་དྭགས་ལ་བསྔོ་བའི་སྔགས་གསུངས།

དཔེ་ཆ་ལ་ཧ་ཅང་མཁས་པ་ཡིན་པས་ལྷ་རམས་ཨང་དང་པོའི་མཚན་རྟགས་བཞེས་ཡོད་བསམས་སོང་། རྗེས་སུ་སེ་ར་དགོན་པའི་མཁན་ཁྲི་ལ་ཡང་ཕེབས་པ་རེད། ཉམས་བཞེས་གཙོ་བོ་དགོང་མོ་ཆུ་ཚོད་བདུན་པ་ཙམ་ནས་སྒོམ་ལ་ཞུགས་ནས་ཆུ་ཚོད་བཅུ་པ་ཙམ་ལ་གྲོལ་གྱི་འདུག །དེ་ནས་ལྟུང་བཤགས་གསུང་བཞིན་ཕྱག་བརྒྱ་ཕྲག་ལོན་པ་ཕུལ་ནས་གཟིམ་ལ་ཁུག །ཞོགས་པ་ཆར་ཅན་ཆུ་ཚོད་གསུམ་པ་ལ་བཞེངས་ནས་ནམ་གསལ་དུས་ཡི་དམ་ཁག་གི་བདག་བསྐྱེད་ཞལ་འདོན་གསུངས་ཚར་བ་གནང་། དེ་ནས་ཕྱག་དཔེ་ཁྲིད་པ་དང་། ཕྱག་དཔེ་གཟིགས་རྟོག་གནང་འདུག

།ཉིན་ཞིག་བདག་ཁོང་གི་མདུན་ན་དཔེ་ཁྲིད་ཉན་བཞིན་བསྡད་སྐབས་གློ་བུར་དུ་གྲྭ་གསར་ཞིག་འབྱོར་ནས་ཁ་བཏགས་དང་ཤོག་ཆག་ཅིག་ཕུལ་ནས་

ད་ལྟ་ཁོང་ཚོའི་སྤུན་མཆེད་བུ་མོ་ཞིག་ཟ་ཁང་ནང་ལ་ཁ་ཁྲག་སྐྱུངས་ནས་གྲོངས་བཞག །དེའི་བསྔོ་རྟེན་ཡིན་ཞུས་སོང་། རྒན་ལགས་དེ་མ་ཐག་ཨ་ཁ་སྙིང་རྗེ་གསུངས་ནས་ནམ་རྒྱུན་ཞལ་རས་མདོག་དཀར་པོ་འདྲ་ཡོད་ཀྱང་། གདོང་མདོག་དམར་རྐྱང་ཆགས་སོང་། གཟིམ་ཁྲིའི་སྔས་འགོའི་འགྲམ་ལ་ཕྱག་དཔེ་རྩིག་ས་ཆག་སྒྲོམ་རྙིང་པ་ཞིག་ཡོད་པ་དེ་ལ་གཟིགས་ནས་སྤྱན་འགུལ་སྐྱོད་གང་ཡང་མེད་པ་སྙིང་རྗེ་སྐར་མ་ལྔ་ཙམ་ཞིག་བསྒོམས་སོང་། དེའི་རྗེས་ནས་དཔེ་ཆ་ཁྲིད་མཚམས་དེ་ནས་ལམ་རིམ་འཆི་བ་མི་རྟག་པའི་སྐོར་ལ་འཕྲོས་ཏེ། ངེས་པར་དུ་འཆི་དགོས་པ་དང་། ནམ་འཆི་ཆ་མེད་། འཆི་བའི་ཚེ་ཆོས་མ་གཏོགས་གང་གིས་ཀྱང་མི་ཕན་པ་བཅས་རྩ་བ་གསུམ་དང་ཐག་ཆད་པ་གསུམ། རྒྱུ་མཚན་དགུ་བཅས་གསུངས་གནང་སོང་བས་ད་ལྟ་ཡང་གསལ་ལེར་དྲན་གྱི་འདུག །

དུས་སྙིགས་མ་འདི་འདྲ་ལ་གནས་བརྟན་འདུལ་བ་འཛིན་པ་དང་སྡེ་སྣོད་ལ་མཁས་པ་ཁོང་ད་ལྟ་འཚོ་ཞིང་བཞུགས་ཡོད་པ་འོ་ཅག་གི་བསོད་ནམས་རེད།།