ཡུལ་ཤུལ་གྱི་སློབ་གསོ་ཅུས་ལ་སྤྲིངས་པའི་འཕྲིན་ཡིག

25/470

ང་ཚོ་ལ་ཆུང་དུས་ནས་དབྱིན་ཡིག་སློབ་སའི་ཁོར་ཡུག་དགོས།

 

ཆུང་ནས་ཆེ་བར་ཡུལ་ཤུལ་ནས་ནར་སོན་ཞིང་སློབ་གྲྭ་ཆུང་འབྲིང་རིམ་གྱིས་འགྲིམས་ཏེ་རང་ཉིད་ཀྱིས་ཅི་འཇོན་གང་འཇོན་གྱི་སྒོ་ནས་སློབ་གྲྭ་ཆེན་མོར་འགྲིམས་པའི་སློབ་མ་ནི་ལོ་རེ་ནས་ལོ་རེ་ཇེ་མང་རེད་འདུག ལོ་རེ་རེ་བཞིན་ཡུལ་ཤུལ་གྱི་བོད་ཡིག་འཛིན་གྲྭ་ནས་མཐར་ཕྱིན་པའི་སློབ་མ་ཚོར་སྤྱི་མཐུན་གྱི་དཀའ་ངལ་ཞིག་འཕྲད་སྲིད་པ་ནི་དབྱིན་ཡིག་མི་ཤེས་པའི་དཀའ་ངལ་རེད་འདུག ཕྲན་གྱིས་འདིའི་སྐོར་ནས་རྩོམ་ཐུང་ཞིག་འབྲི་བསམ་གྱིན་ཡུན་རིང་ཞིག་འགོར་སོང་། སྤྱིར་ང་ལྟ་བུའི་ཤེས་རིག་གི་རྨང་གཞི་ཞན་ཞིང་ཀླད་པའི་འཁོར་རྒྱ་དམན་པ་ཞིག་གིས་བྲིས་པའི་རྩོམ་ལ་རིན་ཐང་ཆེ་ཆེར་མཆིས་མི་སྲིད་ཀྱང་། རང་ཉིད་ཀྱང་དཀའ་ངལ་དེར་རྒྱུད་ཀྱིན་པའི་སློབ་བུ་ཞིག་ཡིན་པའི་ཆ་ནས་ཅུང་ཙམ་གླེང་དགོས་པའི་འོས་འགན་ཞིག་རང་བཞིན་གྱིས་ཕྲག་ཐོག་ཏུ་བབས་སོང་། དེ་བས་ངས་ཨ་ཉོག་མཁས་མཁས་དང་ཐུ་གུ་རྣོ་རྣོའི་ཚུལ་གྱིས་མ་ཡིན་པར་རང་ཉིད་ཀྱི་མཐོང་ཐོས་མྱངས་གསུམ་བདེན་པ་ལྷད་མེད་ཀྱིས་ཅུང་ཙམ་གླེང་བར་བྱའོ།།

དང་པོ། ཡུལ་ཤུལ་གྱི་བོད་ཡིག་འཛིན་གྲྭའི་མཐར་ཕྱིན་སློབ་མ་ཚོས་དབྱིན་ཡིག་མི་ཤེས་པས་མཐོ་རྒྱུགས་ལ་ཞུགས་དུས་ཕམ་ཁ་ཉོ་བ།

མཐོ་རྒྱུགས་ནི་མི་ཚེའི་བརྒྱུད་རིམ་ཁྲོད་ནས་དཀྱོག་མཚམས་གལ་ཆེན་ཞིག་ཡིན་པ་ནི་མིག་མཐོང་ལག་ཟིན་རེད། སྤྱིར་བཏང་དབྱིན་ཡིག་ཤེས་མི་ཤེས་ཀྱིས་མཐོ་རྒྱུགས་དང་འབྲེལ་བ་ཆེ་པོ་མེད་པའི་སྣང་བ་ཞིག་སྟེར་འོང་མོད། གལ་ཏེ་དངོས་གཞི་སྐར་གྲངས་ཀྱི་ཚད་གཞི་ལོན་ཡོད་ན་དབྱིན་ཡིག་གི་སྐར་གྲངས་ཀྱིས་མཐོ་རྒྱུགས་ཀྱི་རྒྱུགས་འབྲས་ལ་བར་ཆད་ཅི་མེད་མོད། འོན་ཏེ་དངོས་གཞི་སྐར་གྲངས་ཀྱི་ཚད་གཞི་ལོན་མཁན་གྱི་སློབ་མ་ནི་ཧ་ཅང་ཉུང་ཉུང་རེད། དངོས་གཞི་སྐར་གྲངས་ཀྱི་ཚད་གཞི་མ་ལོན་ན་དབྱིན་ཡིག་གི་སྐར་གྲངས་བསྣན་ཏེ་ཆེད་སྦྱོང་བདམས་དགོས་པ་རེད། དེའང་ཆེད་སྦྱོང་ཡག་པོ་ཞིག་ལག་ཏུ་ཡོང་མི་ཡོང་ནི་སྐར་གྲངས་ལ་རག་ལས་སོ།། སྐབས་དེར་དབྱིན་ཡིག་གི་སྐར་གྲངས་ནི་ཧ་ཅང་གལ་ཆེན་ཞིག་ཏུ་གྲུབ་ཡོད་པ་ནི་སྨོས་མི་དགོས། འོན་ཏེ་དབྱིན་ཡིག་རྩ་བ་ནས་སློབ་མ་མྱོང་པའི་ཡུལ་ཤུལ་གྱི་བོད་ཡིག་འཛིན་གྲྭའི་མཐར་ཕྱིན་སློབ་མ་ཚོས་སྐར་གྲངས་ག་ཚད་ལོན་པ་བློ་དང་རིག་པས་དཔྱད་ཐུབ་ལགས། དེ་བས་ཡུལ་ཤུལ་གྱི་བོད་ཡིག་འཛིན་གྲྭའི་མཐར་ཕྱིན་སློབ་མ་ཚོའི་ལག་ཏུ་ཆེད་སྦྱོང་ཡག་པོ་ཞིག་ཡོང་བ་ནི་དཀའ་ཁག་ཅུང་ཆེ་བའི་དོན་དག་ཅིག་ཏུ་གྲུབ་ཟིན་པ་རེད། མཐོ་རྒྱུགས་ནི་རང་ཉིད་ཀྱི་མི་ལོ་བཅུ་གཉིས་ཀྱི་ཡུན་ལ་སྔ་ལངས་འཕྱི་ཉལ་བྱས་ཏེ་འབད་བརྩོན་བྱས་པའི་གྲུབ་འབྲས་ལ་བརྟག་དཔྱད་བྱེད་པའི་བརྒྱུད་རིམ་གལ་ཆེན་ཞིག་ཡིན་ལ། ཆེད་སྦྱོང་ནི་རང་ཉིད་མ་འོངས་པའི་དུས་སུ་ས་གང་ནས་དོན་དག་ཅི་ཞིག་བསྒྲུབ་དགོས་པའི་ལས་དབང་ལ་ཐད་ཀར་འབྲེལ་བ་ཡོད་པའི་གདམ་ག་རླབས་ཆེན་ཞིག་ཏུ་བགྲང་ན་ཆོག ཡུལ་ཤུལ་གྱི་བོད་ཡིག་འཛིན་གྲྭའི་མཐར་ཕྱིན་སློབ་མ་ཚོས་དབྱིན་ཡིག་མི་ཤེས་པས་མཐོ་རྒྱུགས་ལ་ཞུགས་དུས་ཕམ་ཁ་ཆེན་པོ་ཉོ་བཞིན་ཡོད་པ་ནི་སྨོས་མི་དགོས་ལགས།

གཉིས་པ། ཡུལ་ཤུལ་གྱི་བོད་ཡིག་འཛིན་གྲྭ་ནས་མཐར་ཕྱིན་པའི་ཆེད་སྦྱོང་སློབ་མ་དང་དངོས་གཞི་སློབ་མ་ཚོས་དབྱིན་ཡིག་གིས་ཡུལ་ཁག་གཞན་པའི་སློབ་མ་ཚོ་རྗེས་མི་ཆོད་པ།

དངོས་གཞི་སློབ་མ་དང་ཆེད་སྦྱོང་སློབ་མ་གང་ཡིན་ཡང་དབྱིན་ཡིག་སློབ་དགོས་ཀྱིན་འདུག ཡུལ་ཤུལ་གྱི་བོད་ཡིག་འཛིན་གྲྭ་ནས་མཐར་ཕྱིན་པའི་སློབ་མ་ཚོས་དབྱིན་ཡིག་གི་དབྱངས་གསལ་ཙམ་ཡང་ངོས་མི་ཟིན་པས། ཡུལ་ཁག་སོ་སོའི་སློབ་མ་ཚོའི་རྗེས་རྩ་བ་ནས་ཆོད་ཀྱིན་མི་འདུག དེའི་རྐྱེན་སློབ་མ་མང་ཆེ་ཤོས་ཤིག་དབྱིན་ཡིག་སློབ་ཁྲིད་ལ་སློབ་བྱོལ་བྱེད་ཀྱིན་ཡོད་ལ། སློབ་བྱོལ་མ་བྱས་ཀྱང་མང་ཆེ་ཤོས་ཤིག་གཉིད་བསྡད་ཡོད་པ་རེད། སྒོམ་པ་མ་ཡིན་གོམས་པ་ཡིན་ཞེས་པ་ནང་བཞིན་རིམ་གྱིས་སློབ་ཁྲིད་གཞན་པ་ཚོ་ལའང་གཉིད་མ་བསམ་ས་ནས་གཉིད་འགྲོ་བར་གོམས་འདུག དེ་བས་དབྱིན་ཡིག་སློབ་མ་མྱོང་རྐྱེན་སྦྱོང་གཞི་གཞན་པ་ལའང་གང་ལ་གང་འཚམས་ཀྱིས་གནོད་པ་ཐོན་ཀྱིན་པ་འདྲ། མི་མང་ཆེ་ཤོས་ཀྱིས་སློབ་བྱོལ་བྱེད་པ་དང་གཉིད་ཡུར་བ་ནི་སློབ་མ་རང་ཐོག་གི་གནད་དོན་རེེད་ཅེས་བརྗོད་སྲིད་ཀྱང་། ངས་འདི་ནས་ཞུ་འདོད་པ་ཞིག་ལ་དབྱིན་ཡིག་གི་དབྱངས་གསལ་ཙམ་ཡང་སྦྱོང་མ་མྱོང་པའི་མི་ཞིག་ལ་སློབ་ཆེན་གྱི་དབྱིན་ཡིག་ཁྲིད་པ་ནི་ཨ་མའི་མངའ་ལས་བཙས་མ་ཐག་པའི་བྱིས་པ་དམར་རྗེན་མ་ཞིིག་ལ་ཤ་བཟའ་རུ་འཇུག་པ་ལྟ་བུ་ཞིག་ཡིན་པས། ཧ་ཅང་དཀའ་ཁག་ཆེ་བ་ཞིག་རེད་འདུག

གསུམ། ཡུལ་ཤུལ་གྱི་བོད་ཡིག་འཛིན་གྲྭ་ནས་མཐར་ཕྱིན་པའི་སློབ་མ་ཚོས་དབྱིན་ཡིག་ལ་འབད་བརྩོན་མང་པོ་བྱེད་དགོས་རྐྱེན་སྦྱོང་གཞི་གཞན་པ་ཚོ་ཇེ་ཞན་དུ་འགྲོ་བ།

ཡུལ་ཤུལ་གྱི་སློབ་མ་ཉུང་ཤས་ཤིག་གིས་དབྱིན་ཡིག་ལ་འབད་པ་མཐའ་གཅིག་ཏུ་བྱེད་ཀྱིན་འདུག སྤྱིར་དབྱིན་ཡིག་ལ་འབད་པ་བྱེད་རྒྱུ་ནི་ཧ་ཅང་ཡག་པོ་རེད། འོན་ཀྱང་སློབ་མ་དེ་ཚོས་དུས་ཚོད་མང་པོ་ཞིག་བཀོལ་ཏེ་དབྱིན་ཡིག་ལ་འབད་བརྩོན་བྱས་པ་རེད། དེ་བས་སྦྱོང་གཞི་གཞན་པ་ཚོ་ནི་ཇེ་ཞན་ཏུ་འགྲོ་བའི་གནས་ཚུལ་མཆིས་ཀྱིན་འདུག དེའང་ཐང་གི་རྡོ་བླངས་ཏེ་རུམ་གྱི་གྲོ་ལྷུང་པའི་དཔེ་ལས་མ་འདས་སོ།། འོན་ཏེ་ཡུལ་ཤུལ་གྱི་སློབ་མ་ཚོས་དབྱིན་ཡིག་ལ་འབད་པ་བྱས་ཀྱང་ཡུལ་ཁག་གཞན་པ་ཚོའི་སློབ་མ་ཚོ་རྗེས་ཆོད་མཁན་ནི་ཉུང་ཉུང་རེད།

བཞི་བ། ཡུལ་ཤུལ་གྱི་བོད་ཡིག་འཛིན་གྲྭ་ནས་མཐར་ཕྱིན་པའི་སློབ་མ་ཚོས་དབྱིན་ཡིག་མི་ཤེས་པས་སྦྱངས་འབྲས་ལེགས་ཐོན་གྱི་བྱ་དགའི་དངུལ་ཐོབ་ཀྱིན་མེད་པ།

ཡུལ་ཤུལ་གྱི་སློབ་མ་ཚོའི་ཁྲོད་ནའང་སྦྱངས་འབྲས་བཟང་པོ(སྦྱོང་གཞི་གཞན་པ་ཚོ་ལ་གོ)ཅན་ཡོད་ཀྱང་། ཁོང་ཚོ་དབྱིན་ཡིག་གི་རྒྱུགས་འབྲས་ཀྱིས་མར་འཐེན་འགྲོ་བས་སྦྱངས་འབྲས་ལེགས་ཐོན་གྱི་བྱ་དགའི་དངུལ་ཐོབ་ཀྱིན་མེད་པའི་གནས་ཚུལ་ཡང་མང་པོ་མཐོང་རྒྱུ་ཡོད་པ་རེད།

ལྔ་བ། དབྱིན་ཡིག་གི་རྨང་གཞི་ཞན་ཆེ་བའི་རྐྱེན་གྱིས་ཆེད་སྦྱོང་སློབ་མ་ནས་དངོས་གཞི་སློབ་མར་རྒྱུགས་སྤྲོད་དུས་དང་། ཡང་ན་ཞིབ་འཇུག་སློབ་མར་རྒྱུགས་སྤྲོད་དུས་དཀའ་ངལ་འཕྲད་པ།

ཆེད་སྦྱོང་སློབ་མ་ནས་དངོས་གཞི་སློབ་མར་རྒྱུགས་སྤྲོད་དགོས་ན་རིམ་པ་བཞི་བའི་དབྱིན་ཡིག(四级英语)གི་དཔང་ཡིག་ལོན་དགོས་ཀྱིན་འདུག་པས་དབྱིན་ཡིག་གི་རྨང་གཞི་མེད་པའི་ཡུལ་ཤུལ་གྱི་བོད་ཡིག་འཛིན་གྲྭ་ནས་མཐར་ཕྱིན་པའི་སློབ་མ་མང་ཆེ་ཤོས་ནི་ཟ་འདོད་ཀྱི་འགྲམ་ཆུ་ཁོལ་གྱིན་གཞན་གྱིས་རྒྱུགས་འཕྲོད་པ་ལ་ཡིད་སྨོན་འཆོར་ནས་འདུག་པ་ལས་ཐབས་ལམ་ཅིའང་མ་མཆིས། ཞིབ་འཇུག་སློབ་མར་རྒྱུགས་སྤྲོད་དུས་ཀྱང་རིམ་པ་བཞི་བའི་དབྱིན་ཡིག་གི་དཔང་ཡིག་ལོན་དགོས་ཀྱིན་འདུག་པས་དཀའ་ངལ་ཧ་ཅང་ཆེ་ཚུལ་གླེང་གིན་འདུག འདི་ནས་བརྗོད་ཟིན་པ་ཐམས་ཅད་ང་ཚོ་སློབ་ཆེན་གྱི་སློབ་མ་ཁོ་ན་ལ་འཕྲད་ཀྱིན་དཀའ་ངལ་གྱི་ཟུར་ཙམ་རེད། སྤྱི་ཚོགས་སུ་ཞུགས་རྗེས་དབྱིན་ཡིག་མི་ཤེས་པས་དཀའ་ངལ་མང་ཙམ་འཕྲད་ཀྱིན་འདུག་ཟེར་མཁན་ཡང་ཧ་ཅང་མང་པོ་འདུག རང་ཉིད་དངོས་སུ་ཞུགས་མ་མྱོང་པས་འདི་ནས་མི་ཞུ་བར་བྱ།

ངས་འདི་ནས་རང་ཉིད་གཙོས་པའི་ཡུལ་ཤུལ་གྱི་སློབ་ཆེན་སློབ་མ་ཚོའི་ངོ་མཚང་འབྲུ་བསམ་པ་མིན་ལ། ང་ཚོས་འཇོན་གྱིན་མི་འདུག་ཟེར་ནས་འུ་ཐུག་ཐབས་ཟད་ཀྱི་ངུ་འབོད་མིན། འོན་ཀྱང་ང་ཚོའི་ཡུལ་ནས་སློབ་གྲྭ་ཆུང་འབྲིང་འགྲིམས་ཀྱིན་པའི་བོད་ཡིག་འཛིན་གྲྭའི་སློབ་མ་ཚོ་ལ་དབྱིན་ཡིག་ནི་ངེས་པར་དུ་སྦྱོང་དགོས་པའི་འབོད་སྐུལ་ཙམ་ཞུ་འདོད་པ་ཡིན་ལ། འབྲེལ་ཡོད་ཀྱི་སློབ་གསོ་སྡེ་ཁག་གིས་ང་ཚོའི་ཕ་ཡུལ་གྱི་སློབ་གྲྭ་སོ་སོའི་བོད་ཡིག་འཛིན་གྲྭར་དབྱིན་ཡིག་གི་སློབ་ཁྲིད་ཡོད་པ་གནང་རྒྱུ་ནི་གལ་ཆེན་ཞིག་རེད་འདུག་ཅེས་ཞུ་འདོད་པ་ཡིན།

དབྱིན་ཡིག་སྦྱོང་དགོས་ན་ངེས་པར་ཁོར་ཡུག་ཅིག་དགོས་ཀྱིན་འདུག སྤྱིར་བཏང་ང་ཚོས་སློབ་སྦྱོང་བྱེད་སའི་ཁོར་ཡུག་གཙོ་བོ་གཉིས་ཡོད་པར་སྙམ། གཅིག་ནི་ཁྱིམ་ཚང་ཡིན་ལ། གཅིག་ནི་སློབ་གྲྭ་ཡིན། འོན་ཀྱང་ང་ཚོས་ཤེས་གསལ་ལྟར་ཡུལ་ཤུལ་གྱི་ཁྱིམ་ཚང་མང་ཆེ་ཤོས་ནི་འབྲོག་པ་ཡིན་པས། ལྷན་སྐྱེས་ཀྱིས་ང་ཚོ་ལ་དབྱིན་ཡིག་སློབ་སའི་ཁོར་ཡུག་མེད་ཚར་བ་རེད། གཉིས་པ་ནི་སློབ་གྲྭ་ཡིན་ཡང་ཡུལ་ཤུལ་གྱི་སློབ་གྲྭ་ཆེ་འབྲིང་གི་ནང་དུ་དབྱིན་ཡིག་སློབ་རྒྱུ་ཡོད་པའི་བོད་ཡིག་འཛིན་གྲྭ་ནི་མེད་ཚོད་རེད། མཐོ་འབྲིང་སློབ་གྲྭ་ཁ་ཤས་ཀྱི་བོད་ཡིག་འཛིན་གྲྭར་དབྱིན་ཡིག་ཁྲིད་རྒྱུ་ཡོད་ཀྱང་ཕན་ཐོགས་པ་ཞིག་ནི་མེད་པ་འདྲ། དེ་བས་ང་ཚོའི་ཕ་ཡུལ་གྱི་སློབ་གྲྭ་ཆུང་འབྲིང་གི་བོད་ཡིག་འཛིན་གྲྭར་དབྱིན་ཡིག་གི་སློབ་ཁྲིད་ཡོད་པ་བྱ་རྒྱུ་ནི་ཁ་ཚ་དགོས་གཏུགས་ཀྱི་དོན་དག་ཅིག་རེད་འདུག

ཨ་མདོའི་ས་ཆ་མང་ཤོས་ཤིག་ཏུ་སློབ་ཆུང་ལོ་རིམ་གསུམ་པ་ནས་བོད་ཡིག་འཛིན་གྲྭར་དབྱིན་ཡིག་ཁྲིད་ཀྱིན་ཡོད་པས། ཨ་མདོའི་ས་ཆ་སོ་སོའི་སློབ་མ་ཚོས་དབྱིན་ཡིག་གང་ལ་གང་འཚམས་ཤེས་ཀྱིན་འདུག སྤྱིར་བཏང་ཡུལ་ཤུལ་དང་ཨ་མདོའི་ས་ཆ་སོ་སོ་མཚོ་སྔོན་ཞིང་ཆེན་གྱི་མངའ་ཁོངས་སུ་ཡོད་པ་ནི་འདྲ་འདྲ་ཡིན་མོད། བོད་ཡིག་འཛིན་གྲྭར་དབྱིན་ཡིག་སློབ་རྒྱུ་ཡོད་མེད་ཀྱི་ཐད་ནས་གནམ་ས་ལྟ་བུའི་ཁྱད་པ་འདུག

ངས་གོང་དུ་བརྗོད་པའི་སྐད་ཆ་ཐམས་ཅད་ནི་ཆང་འཐུངས་རྗེས་ཀྱི་ལབ་རྡོལ་མ་ཡིན་ལ། ང་དང་ང་ལྟ་བུའི་ཡུལ་ཤུལ་གྱི་བོད་ཡིག་འཛིན་གྲྭ་ནས་མཐར་ཕྱིན་པའི་སློབ་མ་མང་པོ་ཞིག་གིས་སློབ་ཆེན་སོ་སོ་ནས་འཕྲད་ཀྱིན་པའི་དཀའ་ངལ་དངོས་ཡིན། སློབ་མ་ནི་མི་རིགས་ཤིག་དང་རྒྱལ་ཁབ་ཅིག་གི་མ་འོངས་རྒྱུད་འཛིན་ཡིན་ལ། ས་གནས་ཤིག་འཕེལ་རྒྱས་སུ་འགྲོ་མིན་གྱི་གནད་འགག་གཙོ་ཆེན་ཞིག་རེད། དེ་བས་ཡུལ་ཤུལ་གྱི་མ་འོངས་པའི་འཕེལ་རྒྱས་ལ་ཁ་ཕྱོགས་ནའང་རུང་སློབ་གསོའི་གནས་བབ་ཀྱི་ཐད་ནས་གཞིག་ནའང་ཆོག ཡུལ་ཤུལ་གྱི་སློབ་གྲྭ་ཆུང་འབྲིང་ཁག་གི་བོད་ཡིག་འཛིན་གྲྭ་ལ་དབྱིན་ཡིག་གི་སློབ་ཁྲིད་བཀོད་བསྒྲིག་བྱ་རྒྱུ་ནི་ཧ་ཅང་གལ་ཆེ་བར་འདོད།

རང་ཉིད་ཀྱང་ཡུལ་ཤུལ་ལུང་པའི་སློབ་མ་དཀྱུས་མ་ཞིག་ཡིན་པའི་ཆ་ནས་གནས་ཚུལ་དངོས་ཤིག་ཇི་མ་ཇི་བཞིན་དུ་ཞུས་ཡོད་པས། འབྲེལ་ཡོད་སྡེ་ཁག་གི་དབུ་ཁྲིད་རྣམས་པ་དང་ཁྱད་པར་དུ་སློབ་གསོའི་ལས་དོན་ལ་ཉིན་མཚན་དབྱེར་མེད་ཀྱིས་འབད་བརྩོན་གནང་གིན་པའི་སློབ་གསོ་ཅུས་ཀྱི་དབུ་ཁྲིད་མི་སྣ་དག་གིས་གནས་ཚུལ་ཚབ་ཆེན་འདིའི་སྐོར་ནས་བསམ་གཞིག་དང་རྟགས་དཔྱད་གནང་རོགས་ཞུ་བ་དང་། ཡུལ་ཤུལ་གྱི་སློབ་གསོ་ལ་ཤ་ཚ་སྙིང་ཉེ་མཁན་གྱི་དབུ་ཁྲིད་དམ་པ་ཚོས་ཅིས་ཀྱང་གནས་ཚུལ་འདི་ལ་ཐག་གཅད་ཅིག་ཡོད་པར་མཁྱེན།

༢༠༡༩.༤.༢ཉིན་ཧོར་ཚང་བསྟན་འཛིན་ཕུན་ཚོགས་ཀྱིས།