བསམ་བློ་སྨིན་པའི་འབྲས་རྟགས་བཅུ།

99/545

 

གཅིག

བློ་འབྱེད་ཀྱི་གོ་རྟོགས་སད་ནས་སྤྱི་ཚོགས་སོ་སོར་དང་ལས་རིགས་སོ་སོར་གང་ཡིན་རུང་དེ་གའི་ཡུལ་དངོས་ཀྱི་གནས་ཚུལ་ཆེ་ཕྲ་ཀུན་ལ་བཟང་ངན་འབྱེད་པའི་ཤེས་རབ་ཅིག་ཡོད་ན་ཁྱོད་ཉིད་བསམ་བློ་སྨིན་པའི་འབྲས་རྟགས་རེད།

གཉིས།

གཞན་གྱིས་གཞི་མེད་སྐྱོན་འཛུགས་སོགས་ལ་ཅི་མི་སྙམ་པར་བཏང་སྙོམས་སུ་བཞག་ཐུབ་ན་ཁྱོད་ཉིད་བསམ་བློ་སྨིན་པའི་འབྲས་རྟགས་རེད།

གསུམ།

ཕྱོགས་རིས་འཐེན་ཁྱེར་གྱི་གཟེབ་ཏུ་རང་ཉིད་མ་ཚུད་པར་གུ་ཡངས་འཇིག་རྟེན་ཞིག་རང་ལ་བསྐྲུན་ཐུབ་ནའང་ཁྱོད་ཉིད་བསམ་བློར་སྨིན་པའི་འབྲས་རྟགས་རེད།

བཞི།

གཞན་གྱིས་བསྟོད་བཀུར་སོགས་ལ་མི་ལྟོས་པར་རང་ཉིད་ཀྱི་མདུན་ལམ་ལ་རང་སྐྱ་འཕེར་བ་ཞིག་བྱུང་ཚེ་ཁྱོད་ཉིད་བསམ་བློ་སྨིན་པའི་འབྲས་རྟགས་རེད།

ལྔ།

མི་ཆོས་དང་ལྷ་ཆོས་ལོགས་སུ་མ་དགར་བར་གཉིས་ཀའི་སོ་སོའི་རིན་ཐང་དེ་གཅིག་ཤོས་ཀྱིས་གཅིག་ཤོས་གོ་མ་བཀག་པར་གཉིས་ཀ་མཉམ་གཤིབ་མཉམ་གནས་གཅིག་གྲོགས་གཅིག་ཕན་ཞིག་ཏུ་བྱུང་ཚེ་ཁྱོད་ཉིད་བསམ་བློ་སྨིན་པའི་འབྲས་རྟགས་རེད།

དྲུག

ལྟ་བ་སྣ་མང་གི་ཁོར་ཡུག་འདིར་རིན་ཐང་གི་ལྟ་བའི་ཁ་ཕྱོགས་མ་ནོར་བར་བློ་གྲོས་ཀྱིས་ལེགས་ཉེས་འབྱེད་ཐུབ་པ་ཞིག་བྱུང་ཚེ་ཁྱོད་ཉིད་བསམ་བློ་སྨིན་པའི་འབྲས་རྟགས་རེད།

བདུན།

རང་ལྟ་མཆོག་འཛིན་གྱིས་ངན་གོམས་དབང་དུ་མ་བཏང་བར་རིས་མེད་དཔྱད་བརྗོད་ཀྱིས་ཤེས་རབ་ཅིག་ནམ་སྐྱེས་ན་དེ་དུས་ཁྱོད་ཉིད་བསམ་བློ་སྨིན་པའི་འབྲས་རྟགས་རེད།

བརྒྱད།

ཉེ་ཁོར་གྱི་ཁོར་ཡུག་ཆུང་ཆུང་ཞིག་ཆེན་པོ་རུ་མི་རློམ་ཞིང་འཛམ་གླིང་སྤྱིའི་འཕོ་འགྱུར་དང་གནས་ཚུལ་ལ་ཞིབ་མཇུག་དང་འདས་སོང་གི་བྱ་བཞག་ཡོད་ཚད་ཤེས་རབ་ཀྱིས་ལེགས་ཉེས་བླང་དོར་འབྱེད་པའི་སྤོབས་པ་ཞིག་ཡོད་ཡོང་དུས་ཁྱོད་ཉིད་བསམ་བློར་སྨིན་པའི་འབྲས་རྟགས་རེད།

དགུ

གཞན་གྱི་རིན་ཐང་གི་ལྟ་བ་སྣ་ཚོགས་ལ་དང་ལེན་གྱིས་འགན་ཁྲི་མ་བབ་ཀྱང་དེ་ཉིད་བརྩི་འཇོག་དང་གུས་བཀུར་ཞུ་བའི་བསམ་བློ་ཞིག་ཡོང་ཚེ་ཁྱོད་ཉིད་བསམ་བློ་སྨིན་པའི་འབྲས་རྟགས་རེད།

བཅུ།

དཔེ་ཆའི་རང་ཉིད་མ་བཀླགས་པར་རང་ཉིད་ཀྱིས་དཔེ་ཆར་ཀློག་ཐུབ་པའི་ཤེས་རབ་རྣོ་ངར་ཅན་ཞིག་ཡོད་ན་ཁྱོད་ཉིད་བསམ་བློ་སྨིན་པའི་འབྲས་རྟགས་རེད།

༢༠༡༩/༣/༣༡ཉིན་ཆར་སྤྲིན་ཅན་གྱིས།