༈བོད་ཡུལ་གྱི་རྟ་ཡི་འབྱུང་ཁུངས་དང་གནས་ཚུལ། ལྡན་མ་མཚོ་སྐྱོམ།

98/545

 

བོད་ཀྱི་གནའ་བོའི་རྟ་གཞུང་དངུལ་དཀར་མེ་ལོང་དང་རྟ་རྒྱུད་མུ་ཏིག་ཕྲེང་བ་སོགས་སུ་མདོ་བ་རྟ་ཡི་འབྱུང་ཁུངས་ནི་གངས་ཏི་སེ་དང་མཚོ་ཕམ་གྱི་འགྲམ་ངོགས་སུ་སྤྲེའུ་དང་བྱ་རྒོད་འདུས་པ་ལས་བྱུང་བར་བཤད་ཅིང་། རྟ་ཡི་བང་རྩལ་མྱུར་དོན་ཡང་བྱ་རྒོད་ཀྱི་རིགས་ལས་ཆད་པས་ཡིན་པར་བཤད་ཡོད། མི་རིགས་གཞན་གྱི་རྟའི་ལོ་རྒྱུས་སྨྲ་མཁན་ཚོས་ཀྱང་ལོ་བྱེ་བ་ལྔའི་ཡར་མར་ནས་སྡེར་མོ་ཅན་གྱི་སྲོག་ཆགས་དེ་རིམ་བཞིན་རྨིག་པ་དང་རྟ་བོན་གྱི་བར་ཐག་ཇེ་རིང་སོང་ནས་རྟ་རྨིག་ཅན་གྱི་འཕོ་འགྱུར་བྱུང་བར་བཤད་པ་དང་ཤིན་ཏུ་མཐུན་པར་གྱུར་ཡོད། བོད་ཡུལ་འདིར་བཙན་པོ་ཁྲི་སྲོང་གི་དུས་ཙ་ན་མིའི་གསོ་རིག་མཁན་བོད་སྨན་མཁས་པ་མི་དགུ་སོགས་སྐྱེད་སྲིང་བྱས་ཤིང་། མདོ་བ་རྟའི་གསོ་དཔྱད་ཀྱི་གཞུང་ལུགས་ཁྲི་སྲོང་རང་གིས་བྲིས་པ་ད་ལྟ་དངོས་སུ་མཐོང་དུ་ཡོད་པ་འདི་ལ་བསམ་ན་རྟ་དང་མི་གཉིས་འདྲ་མཉམ་གྱི་ལྟ་བ་དང་། གཙིགས་མཐོང་ཆེ་ཆུང་གཅིག་ཏུ་བྱས་པར་ཤིན་ཏུ་གསལ། དགྱ་ནག་སོགས་མི་རིགས་གཞན་གྱིས་དམག་གིས་དམག་རྟ་བཤའ་བའི་ལུགས་སྲོལ་ཡོད་ན་ཡང་། བོད་བཙན་པོའི་དུས་སུ་གནག་གླིང་ཕུབ་ནས་དམག་དཔུང་གིས་གནག་བཤའ་བའི་ལུགས་སྲོལ་ལས་རྟ་བཤའ་བའི་ལུགས་སྲོལ་དང་ཁྱི་བཤའ་བའི་ལུགས་སྲོལ་མེད་པ་འདི་ལ་བསམ་ན་བཙན་པོ་ཁྲི་སྲོང་སོགས་ཀྱིས་མི་དང་རྟ་གཉིས་དམར་མཐོང་ཆེ་ཆུང་དོ་མཉམ་བྱས་པས་ཡིན་པར་གོར་མ་ཆག་ཅེས་སྨྲ་བ་ནི་དོན་དུ་གཞོལ་བར་སེམས། སྲང་བཙན་དུས་སུ་ཁྲི་དམག་སུམ་བརྒྱ་དང་ཁྲི་སྲོང་དུས་སུ་ཁྲི་ཤོག་ལྔ་བརྒྱ་ཡོད་པའི་དམག་དཔུང་དང་དམག་རྟ་དོ་མཉམ་པའི་ཟིལ་ཤུགས་ལ་བརྟེན་ནས་བོད་བཙན་པོའི་དབུ་རྨོག་བླ་རུ་བསྟོད་ཅིང་ཆབ་སྲིད་ཆུ་རུ་བསྲིངས་བ་ཅི་ལ་མིན།

བོད་སིལ་བུའི་དུས་སུ་ཡང་འགྲོ་བ་མི་ལ་རབ་འབྲིང་ཐ་གསུམ་དང་། མདོ་བ་རྟ་ལ་རབ་འབྲིང་ཐ་གསུམ། གུ་ཟི་གྲི་ལ་རབ་འབྲིང་ཐ་གསུམ་དབྱེ་བའི་ལུགས་སྲོལ་འདི་འཁྲིགས་ཆགས་སུ་གྱུར་ཅིང་། བོད་མི་རྣམས་ཀྱིས་དམར་འདང་ཆེ་ཤོས་ཀྱི་ཕུག་ནོར་གཅིག་པུ་ནི་མདོ་བ་རྟ་ཡིན་ཞིང་། བོད་ཆོལ་ཁ་གསུམ་ལས་མདོ་སྨད་ཕྱོགས་ཀྱི་རྟ་བཟང་ཆེས་པ་རྒྱུ་མཚན་དུ་བསྒྲངས་ནས་མདོ་སྨད་རྟ་ཡི་ཆོལ་ཁ་ཞེས་བསྙད་ཡོད། ཁམས་ཕྱོགས་གཅིག་པུ་ལ་བསམ་བློ་བཏང་ན་ཆེས་རྟ་བཟང་ས་ནི་ཁམས་ཏྲེ་ཧོར་གྱི་ཧོར་རྟ་ཞེས་པ་དེ་ཡིན་པར་འདོད་ཅིང་། ཏྲེ་ཤོད་པས་བཤད་ན་གླིང་དུས་སུ་ཏྲེ་ཧོར་དཀར་མཛེས་ནི་མདོ་བ་གཡུ་བྱ་རྟེའུ་སྔོན་གྱི་ཕ་ཡུལ་ཡིན་པས་རྟ་བཟང་བར་ཤོད་སྲོལ་ཡོད།

རྟ་ལ་ཅང་ཤེས་ཀྱི་རིགས་དང་བྱོལ་སོང་གི་རིགས་སོགས་ཡོད་པ་ལས་ཅང་ཤེས་རིགས་ཀྱིས་གཡུལ་འཁྲུག་སྐབས་དང་གཟན་གཅན་དང་ཕྲད་ལ་ཉེ་ཚེ་འཚེར་སྐད་འདོན་པ་དང་ལག་བྲོ་རྡུང་བ་སོགས་བྱེད་ནས་བདག་པོ་ཉེན་ཁ་ནས་སྐྱོབ་ནུས་ཤིང་། རྟ་འདི་རིགས་ལ་མངོན་ཤེས་ཡོད་པས་མདོ་བ་རྟ་ཡི་ནོར་བུ་ཡིན་པར་རྟ་རྒྱུད་དུ་བཤད་ཡོད་ཅིང་། དངོས་ཡོད་འཚོ་བའི་ཁྲོད་ནས་ཀྱང་འདི་འདྲའི་རྟ་མཆོག་མང་དུ་ཡོད་པར་མཐོས་ཐོས་སུ་གྱུར་དང་འགྱུར་མུས་ཡིན།

དེང་སང་རྟ་བདག་ཚོས་རྟ་བཟང་པོ་རྣམས་བེད་སྤྱད་ནས་རང་གི་མཚན་སྙན་ཙག་ཙིག་རེ་སྒྲོགས་ཤིང་སྒོར་མོའི་ཡོང་བབ་ཁོ་ན་ལ་སེམས་བཏགས་ཏེ་མདོ་བ་རྟ་ལ་བཅངས་བའི་རིན་ཐང་གི་ལྟ་བ་རྒྱང་དུ་བོར་ཞིང་། རྟ་རྒྱུགས་འགྲན་སྡུར་སྐབས་སུ་རྟ་རྣམས་དབུགས་ཐག་མ་ཆད་བར་དུ་རྒྱུག་ཐལ་ཆེས་པར་རྟེན། དབུགས་འགག་ནས་ཤི་བ་གྲངས་ཀྱིས་མི་ཆོད། འཕོངས་སུ་ལྕག་བཞུར་ཆེས་པས་འབྲུམ་པ་དང་རྣག་གིས་འབགས་ལྷད་དུ་གྱུར་བ་མ་ཟད། རྟ་མང་ཆེ་བ་རྟ་བཤས་བརྒྱག་ནས་ཡ་ང་བའི་བཤས་རར་གསོན་པོར་པགས་པ་བཤུ་ཞིང་། གསོན་པོར་རྐེ་བྲེགས་པ་དང་། གསོན་པོར་གཟུག་ལྷུ་གཅད་པ་སོགས་དམྱལ་བ་ས་ཁར་ཐོན་པ་ལྟ་བུའི་སྡུག་སྔལ་འདི་རིགས་མཐོང་ཚེ་སྔོན་དུས་ཀྱི་སྤྱོད་བཟང་གི་ལྟ་བ་ཚང་མ་དོང་དུ་གཡུགས་ཤིང་། སྒོར་མོའི་ཆེད་དུ་ཐ་ན་ཚེ་སྲོག་འདྲ་མཉམ་གྱི་ལྟ་བ་དང་ཚེ་སྲོང་མཉམ་གནས་ཀྱི་ལྟ་བ་དང་། ཚེ་སྲོག་ཡོངས་ཁྱབ་ཀྱི་ལྟ་བ་སོགས་རྒྱུན་ཤེས་རགས་པ་ཙམ་ཡང་མི་ཤེས་པའི་བླུན་རྟགས་འཛམ་གླིང་དུ་ངོམ་བཞིན་པ་འདི་ངོ་མ་ཐ་ཤལ་གྱི་བྱ་བ་མིན་པར་སེམས་ཡོད་སུ་ཞིག་གིས་སྨྲ་སྲིད།

མདོ་བ་རྟ་ཡི་ཚོང་ལས་འདི་ཁྲོམ་ར་ཅན་དུ་འགྱུར་བའི་འབད་འབུངས་བྱེད་ཅིང་། བོད་ཡུལ་གྱི་ཚོང་ལས་ཉམས་པར་མེད་པའི་གཡང་སྒྲུབ་བྱེད་པར་འབད་དགོས་རྒྱུ་འདི་བོད་ཀྱི་ཤེས་ཡོན་པ་ཚོས་སྣེ་ཁྲིད་ནས་མདུན་དུ་བསྐྱོད་ཅིང་། འཛམ་གླིང་རང་བཞིན་དུ་བསྒྱུར་རྒྱུ་འདི་ཕྲག་ལ་བབ་པའི་འོས་འགན་དུ་བརྩི་རིགས་ཀྱང་དེ་བསྐྱུར་ནས་རྟ་རྒྱུག་འགྲན་བསྡུར་དང་རྟ་ཚོང་བརྒྱག་མཁན་ལ་མཐོང་ཆུང་དང་བསྙས་སྨོད་བྱེད་བཞིན་པ་འདི་ནི་བོད་ཀྱི་ཤེས་ཡོན་པ་ཡིན་པར་རླམས་པ་ཚོའི་ལྟ་རྒྱ་དང་མཐོང་རྒྱ་ཁབ་མིག་ལས་ཆུང་བས་ལན་པའི་ཕྱོགས་སུ་ལྷུང་ཐལ་ཆེས་པའི་གཏམ་དུ་ཤེས་དགོས། ཉིན་འགའི་སྔོན་ནས་ཁམས་འཇོ་མདའི་ཕྱོགས་ཀྱི་རྟ་གཅིག་ལ་ཁྲི་བརྒྱད་ཅུ་ལྷག་སྟེར་ནས་ཉོས་པའི་གནས་ཚུལ་འདི་མཐོང་མ་དག་ཏུ་ཡུ་ཤུལ་ཚེ་དབང་བཀྲ་ཤིས་ཀྱིས་གྲོགས་ཚོམས་སུ་བཀོད་པ་རེད་ཟེར་བའི་རྩོམ་ཐུང་ཞིག་ཏུ་རྟ་ཉོ་མཁན་དེ་ལ་མཐོང་ཆུང་དང་ཚིག་ངན་གྱིས་དྲྭ་ངོས་རྫོད་བཞིན་འདུག་པར་མཐོང་སོང་། ཚེ་བཀྲས་རྩོམ་དེ་བྲིས་པ་ཡིན་མིན་ཅི་ཆ་ཡང་བོད་ཀྱི་ཤེས་ཡོན་པ་གང་མང་ཞིག་གི་ལྟ་ཚུལ་ནི་དེ་རང་ཡིན་པར་ཤིན་ཏུ་གསལ་ཞིང་། རྟ་ཉོ་མཁན་དེ་སྤྲང་པོ་ཡིན་པ་རྒྱུ་མཚན་དུ་བྱས་ནས་རྟ་རིན་གང་ཆེན་པོ་དེ་འདྲ་ཞིག་ཉོ་བ་ནི་ཁ་ལ་ཤིང་ཕོར་མེད་པ་ལ།རྐུབ་ལ་ཟངས་རྫེའུ་ནང་བཞིན་ཐ་ཤལ་ཡིན་པར་བསྒྲངས་སོང་། རྟ་ཉོ་མཁན་དེ་སྤྲང་པོ་ཡིན་མིན་ཅི་ཆ་ཡང་རིན་ཐང་ཅན་གྱི་རྟ་སྐྱབས་ལོའི་གཡང་འཁྲི་ཉོས་མ་ཐག་ནས་སྒོར་ཁྲི་བརྒྱད་ཅུའི་མ་རྩ་སྟོང་སོང་བར་ཁྱེད་ཀྱིས་ཅི་ལྟར་ཤེས་སོང་། རྟ་འདིའི་འབུམ་བརྒྱད་མི་རི་བའི་རྒྱུ་མཚན་གང་བསྒྲངས། རྟ་ཉོ་མཁན་དེ་ལ་ཁྲེལ་རྒོད་དང་མཐོང་ཆུང་བྱེད་དོན་ཅི་སྟོན། ཞིབ་ཏུ་བསམ་ན་རི་བོང་ཅལ་འདྲོག་གི་གཟེབ་དུ་ཚུད་ཅིང་སྨྲས་པ་ཞིག་ཡིན་པ་ལས་རྒྱུ་མཚན་གང་ཡང་མེད།

མི་རིགས་གཞན་པ་ཚོས་སྤྲང་པོ་ཡིན་པ་རྒྱུ་མཚན་དུ་བྱེད་ནས་ཚོང་རླབས་ཆེན་བརྒྱག་ཅིང་། ཉིན་རེ་སྒོར་དུང་ཕྱུར་ཉི་ཤུ་ལྷག་ཙམ་བུ་ལོན་ཟུག་པའི་ལོ་རྒྱུས་ཀྱི་ལམ་རིམ་བརྒྱུད་པའི་སེམས་ཤུགས་ལ་བརྟེན་ནས་ཕྱུག་བདག་ཆེན་པོར་ཆགས་ཚུལ་ལ་སོམས་དང་། ཚོང་ལས་མཁན་ཞིག་ཡིན་ན་རིན་གང་མཐོ་བའི་དངོས་པོ་ཉོ་ཐུབ་པའི་སེམས་ཤུགས་དགོས་རྒྱུ་འདི་མ་རྩ་ཆེ་ཤོས་སུ་བསྒྲང་ཞིང་། སེམས་ཤུགས་ཀྱི་མ་རྩ་འདི་མེད་ཚེ་དཔལ་འབྱོར་གྱི་མ་རྩ་ཇི་ལྟར་ཆེ་ཡང་དབུལ་པོ་ཡིན་པར་སྨྲ་བའི་ཚོང་ལས་རིག་པའི་རྒྱུན་ཤེས་རགས་པ་འདི་ཚོ་མ་ཤེས་པས་ཅལ་འདྲོག་བྱེད་པ་དང་། མཐོང་ཆུང་བྱེད་པ་ནི་ཆེས་ལོད་པའི་གནས་སོ།།

སྤྱིར་བོད་ཀྱི་ཤེས་ཡོན་པ་ཟེར་བ་ཕལ་མོ་ཆེ་ནི་རོང་འབྲོག་མང་ཚོགས་ལ་མགོ་སྐོར་བའི་ཕྱོགས་གཅིག་དང་རོང་འབྲོག་མང་ཚོགས་ལ་མཐོང་ཆུང་བྱེད་ནས་ཁྱེད་ཚོ་ལ་རིག་གནས་མེད་པས་གད་སྙིགས་དང་ཉོབ་ལུད་ཡིན་ཟེར་མཁན་གྱི་ལུགས་གཉིས་ཀ་ལ་རང་ཚུགས་ཀྱི་ལྟ་གྲུབ་མེད་ཅིང་། སྤྱི་ཚོགས་སྣེ་འཁྲིད་པའི་ནུས་པ་མཐོ་གང་མི་འདུག་པས་འུ་ཚོའི་རེ་བ་ཡོད་ཚད་ཐག་གཅོད་པའི་མི་སྣ་འཇོན་ཐང་ཅན་དེ་ད་དུང་མ་འོངས་པའི་གཞོན་སྐྱེས་ཚོ་ལ་རེ་བ་བཅོལ་བ་ལས་ཐབས་གང་ཡང་མེད་པ་འདྲ། སྤྱི་ཚོགས་ཀྱི་སེམས་ཁམས་སྙོག་མ་བྱེད་པ་དང་སྤྱི་ཚོགས་ཀྱི་སེམས་ཁམས་དཀྲུག་མཁན་ཚོས་བསམ་བློའི་གཙོ་བོ་ནི་གཞན་འོག་ཏུ་མགོ་སྐུར་ནས་ཚོང་ལས་དང་དཔལ་འབྱོར་གང་འཕེལ་ཙམ་དུ་དམིགས་པར་ཤིན་ཏུ་གསལ་མོད། ཚོང་ལས་དང་དཔལ་འབྱོར་ཡར་རྒྱས་དགོས་པའི་ཐར་ལམ་མངོན་དུ་གྱུར་དགོས་ན་ཚོང་ལས་རིག་པ་ལ་གཏིང་ཕྱིན་སྦྱངས་ནས་ཚོང་ལས་རིག་པ་ཁྱབ་བརྡལ་གཏོང་བ་འདི་དམིགས་སུ་འཛིན་པར་གནད་དུ་ཆེ་བ་ལས་རོང་འབྲོག་མང་ཚོགས་དང་། གཏོ་བླ་དང་། དཀོར་བླ་སོགས་རིག་གནས་མི་ཤེས་མཁན་དུ་ཁྱེད་ཚོས་བགྲང་བ་དེ་རྣམས་ལ་འཕྱ་དམོད་བྱེད་པ་ནི་ལམ་མེད་ལ་ལམ་དུ་འཚོལ་བའི་བླུན་གཤིས་ཁྲོམ་དུ་སྒྲོགས་པར་ཟད། ངོ་མ་བྱས་ན་རོང་འབྲོག་མང་ཚོགས་ཕལ་མོ་ཆེ་ལ་ཁྱེད་ཅག་ལྟ་བུའི་ཧམ་སེམས་དང་། ཆེ་རློམས། གྲགས་པ་དོན་གཉེར་ཡ་ང་བ་དེ་འདྲ་མི་ཤེས་པ་བདེན་དུ་ཆུག་ཀྱང་རང་མི་རིགས་ལ་ཁ་ཞེ་དཀར་ཞིང་། སྙིང་རྗེས་ཕྱུག་པ། ཁ་ཁོག་མེད་ཅིང་། ཕན་སེམས་ཆེ་བ།གཞན་ལ་མགོ་མི་སྐོར་བའི་ལྟ་གྲུབ་ཀྱི་མཁར་རྫོང་ཤིན་ཏུ་བཙན་ཞིང་བརླིང་བ་འདི་དག་རིག་གནས་ཀྱི་དྭངས་མ་ཡིན་པ་ལས་རིག་གནས་ཟེར་བ་དེ་སུམ་རྟགས་ཤེས་མིན་གྱི་ཚད་ཐིག་བརྒྱག་པ་འདི་སྒེར་གཅོད་པའི་བརླང་གཤིས་རང་དུ་ཤེས་ཐུབ། ཁྱེད་ཚོ་ལ་འཇོན་ཐང་ཡོད་ན་རོང་འབྲོག་མང་ཚོགས་ནང་དུ་དངོས་སུ་སློབ་གྲྭ་བརྒྱག་པ་དང་། འཕྲོད་བརྟེན་གྱི་རྩ་འཛུགས་བྱེད་ནས་མི་སེར་ལ་དགོས་ངེས་ཀྱི་ཤེས་བྱ་དྲིལ་བསྒྲགས་དངོས་རྒྱུ་དང་། མཐུན་སྒྲིལ་གྱི་ཟམ་ཆེན་གཞོམ་གཞིགས་བྲལ་བ་ཞིག་བཙུགས་ཤིང་། སྔར་མེད་ཀྱི་ཐར་ལམ་གསར་བ་ཞིག་ལ་བརྟེན་ནས་མདུན་ཐང་ཉམས་དགའ་བ་དེར་འཚོལ་སྙེག་བྱ་རིགས་པ་འདི་ཤེས་ཡོན་པའི་འགན་ཁྲི་ཡིན་པར་འདུག་ཀྱང་། དེ་བསྐྱུར་ནས་སྐྱ་སེར་བར་དུ་དཀྲུག་ཤིང་བཞག མོ་ཕོ་བར་དུ་འགད་རྫས་བཞག འཇིག་རྟེན་མི་ཆོས་པ་དང་དམ་པ་ལྷ་ཆོས་པ་གཉིས་ཀྱི་བར་དུ་ཕུང་དཀྲུག་བྱེད།

རིག་གནས་གནས་ཡོད་མེད་གཉིས་སུ་བཀར་ནས་རིག་གནས་མེད་མཁན་རེད་ཟེར་བའི་ཕྱོགས་པ་ཁྲེལ་རྒོད་དང་འཕྱ་སྨོད་བྱེད་ལུགས་ལ་ལྟོས་དང་འུ་ཚོའི་ཤེས་ཡོན་པ་རེད་ཟེར་བ་དེ་ཚོའི་ཁ་ཐབས་དང་འཇོན་ཐང་གི་ཚད་གང་དུ་ལྷུང་ཡོད་ཤེས་ཚོད་རེད།

དམ་པ་ལྷ་ཆོས་པ་དང་འཇིག་རྟེན་མི་ཆོས་པའི་ཕྱོགས་གཉིས་གཅིག་ཕན་གཅིག་གྲོགས་དང་། སྐྱ་སེར་གཉིས་གཅིག་ཕན་གཅིག་གྲོགས་དང་། ཕོ་མོ་གཉིས་གཅིག་ཕན་གཅིག་གྲོགས་དང་། རིག་གནས་པ་དང་མངས་ཚོགས་གཉིས་གཅིག་ཕན་གཅིག་གྲོགས་ཀྱི་ཐར་ལམ་ལ་བརྟེན་ནས་མདུན་དུ་བསྐྱོད་ཐུབ་ན་ད་གཟོད་ཡོད་ཚད་ནས་ཡོད་ཚད་ཐག་གཅོད་ཐུབ་པའི་དུས་རིམ་ཞིག་ལ་སླེབས་མི་ཐུབ་པའི་ངེས་པ་གཏན་ནས་མེད་ཅིང་། རྒྱལ་ཁའི་འབྲས་བུ་ངོམ་དུ་རི་བ་ཞིག་དགོས་ཚེ་གཞི་རྩའི་ཆ་རྐྱེན་ཉག་གཅིག་པུ་ནི་འདི་རང་ཡིན་ཞིང་། དེ་ཡོད་པ་གཞི་བྱས་ཐོག་འགྲོ་བ་མི་ལ་དགོས་ངེས་ཀྱི་ལྟ་གྲུབ་ཀྱི་ཁ་སྣོན་དང་། འགྲོ་བ་མི་ལ་དགོས་ངེས་ཀྱི་ལམ་རིམ་ཀྱི་སློབ་སྟོན་གྱིས་རྣོ་འདོན་བྱ་བར་ཤིན་ཏུ་གལ་ཆེ་ཞིང་། ལྟ་བ་མཉམ་གནས་དང་། བསམ་བློ་དོ་མཉམ་གྱི་འདུ་ཤེས་ཆགས་ཐོག གཅིག་ཕན་གཅིག་གྲོགས་ཀྱི་དཀྱེལ་ཡངས་ཀྱིས་ངར་ཤུགས་སྦྲན་ཐུབ་ཚེ་རེ་བའི་མདུན་ཐང་གི་སྣེར་མོ་ཁ་ཐག་ཇེ་ཉེར་འོང་བ་ནི་དངོས་པའི་ཆོས་ཉིད་ཡིན་པར་སེམས་སོ།།།།