《ཤོའོ་ཧྲེན་ཁའི་སྡིག་བཤགས 》བཀླགས་རྗེས་ཀྱི་སེམས་ཁྲལ། ཁ་ཆར།

16/464

སེམས་ཁྲལ་ཞེས་པ་ནི་མི་བུ་གང་རུང་ཞིག་གི་ཐོབ་ཐང་དང་དབང་ཆ་ལ་ཉེན་ཁ་ཕྲད་པའམ། ཡང་ན་རང་དང་རང་དང་ཉེ་བ་གང་ཞིག་གི་ཁེ་དབང་ལ་གནོད་འཚེ་ཕོག་པའམ་ཕོག་ལ་ཉེ་ན་རང་བཞིན་དུ་སྐྱེས་ཡོང་བའི་སེམས་ཆུང་ཞིག་རེད།
1
《 ཤོའོ་ཧྲེན་ཁའི་སྡིག་བཤགས 》(肖申克的救赎)ཞེས་པའི་བརྩམས་སྒྲུང་དེ་ནི་ཨ་རིའི་རྩོམ་པ་པོ་གྲགས་ཅན་ཧྲི་ཏི་ཧྥེན•ཅིང(斯蒂芬·金)གིས་བརྩམས་གནང་ཞིང་། ཁོང་ནི་ཟུར་ཟ་དང་འཕྱ་སྨོད། ངོ་རྒོལ་དང་མིག་ལོག་ཁྲོད་རྒྱུན་མི་ཆད་པར་རྩོམ་འབྲིའི་བྱ་བར་ཞུགས་ཤིང་། ལད་མོ་ནས་གསར་རྩོམ་དང་། གསར་རྩོམ་ནས་བསྐྱར་ཟློས། བསྐྱར་ཟློས་ནས་གསར་རྩོམ་གྱི་བྱ་བར་གཞོལ་ཏེ། སྣག་ཤོག་གཉིས་ལ་བརྟེན་ནས་ཕྱུག་བདག་གི་གདན་ཐོབ་ཐོབ་པའི་རྩོམ་པ་པོ་གྲགས་ཅན་ཞིག་ཡིན་འདུག ཁོང་གིས་བྲིས་པའི་བརྩམས་སྒྲུང་དག་གློག་བརྙན་དུ་བཅོས་སླ་བས། 1990ལོའི་སྟོན་ཀར་བསྡོམས་རྩིས་བྱས་པར་གཞིགས་ན། ཟླ་བ་གཅིག་གི་ནང་སྐབས་ཐོག་གཅིག་ལ་ཁོང་གི་བརྩམས་སྒྲུང་གཅིག་ཨ་རིའི་བརྙན་འཕྲིན་འཕྲིན་ལམ་ཁག་ནས་སྟོན་གྱིན་ཡོད་པ་དང་། བརྩམས་སྒྲུང་གཉིས་གློག་བརྙན་ཁང་དུ་སྟོན་བཞིན་ཡོད་པ། བརྩམས་སྒྲུང་གཞན་ཞིག་ཕབ་ལེན་བྱེད་བཞིན་པའི་སྒང་ཡིན་འདུག དེ་ལྟར་ན། དེ་ལས་བབས་པའི་བོར་ཆེན་གྱི་དཔལ་འབྱོར་ཡོང་སྒོ་ཡང་བརྗོད་ག་ལ་དགོས། ཧྲི་ཏི་ཧྥེན•ཅིང་གིས་ཚེ་སྟོད་ལ་བྲིས་པའི་བརྩམས་སྒྲུང་མང་ཆེ་བ་ནི། དམར་དྲི་དང་འཇིག་སྐྲག ཉག་ཉིག་དང་སྦག་གཙོག འཇིག་རྟེན་གྱི་གྲགས་ཚོད་ལས་བརྒལ་ཞིང་བློ་ངོར་མི་ཤོང་བའི་ནུས་པ། རྫུ་འཕྲུལ་སོགས་ཀྱི་གྲུབ་ཆ་གཙོ་བོར་བྱས་ཤིང་། དེས་རྐྱེན་པས་ཁོང་གིས་བྲིས་པའི་བརྩམས་སྒྲུང་ལ་ཀློག་པ་པོ་མང་ལ་དེབ་ཁང་ན་བྲིན་ཁ་རྒྱུགས་ཀྱང་། ཨ་རིའི་རྩོམ་འབྲི་བའི་སྡེ་ནས་ཁས་ལེན་མི་བྱེད་ཅིང་རིག་གཞུང་རྒན་པོ་འགས“ གད་སྙིགས ”ཅེས་དམའ་འབེབ་པར་བྱས། མ་བསམ་ས་ན་ཧྲི་ཏི་ཧྥེན•ཅིང་ལ་བློ་གཅོང་གཅིག་ཡོད་ན་དེ་ཡིན་ངེས་ལ། རེ་འབྲས་ཀློང་ན་ཧྲི་ཏི་ཧྥེན•ཅིང་ལ་ཡིད་ཕམ་གཅིག་ཡོད་ནའང་དེ་ཡིན་ངེས་པས། མཐར་སྔོན་གྱི་བརྩམས་སྒྲུང་དག་དང་མི་འདྲ་བའི 《 ཤོའོ་ཧྲེན་ཁའི་སྡིག་བཤགས 》ཀྱི་དབུ་ཁྱུད་བརྩམས་གནང་ཞིང་། ཧྲི་ཏི་ཧྥེན•ཅིང་རང་ཉིད་ཀྱི་སྐད་ཆ་ལྟར་ན“ངས་འདི་ཐོག་བཏང་པའི་བསམ་བློ་དེབ་གཞན་གང་ལས་ཀྱང་མང་བ་ཡོད”ཅེས་པ་དེ་རེད། ཕྱིས་སུ་བརྩམས་སྒྲུང་དེ་ཉིད་གློག་བརྙན་དུ་བཅོས་ཅིང་། ལོ་དེའི་ཨའོ་སེ་ཁའ(奥斯卡)བྱ་དགའ《ཨ་ཀན་གྱི་རྣམ་ཐར 》( 阿甘正传)ལ་སྤྲད་མོད། ཕྱིས་སུ་རིམ་བཞིན་བརྙན་ལམ་ཁག་ན《ཤོའོ་ཧྲེན་ཁའི་སྡིག་བཤགས 》ཀྱི་གདེང་འཇོག་ཐོབ་སྐར་གོང་གི་གློག་བརྙན་ལས་བརྒལ། མཐར2003ལོར“ཨ་རིའི་རྒྱལ་ཁབ་དཔེ་མཛོད་ཁང་ཐེབ་རྩ་ལྷན་ཚོགས”ནས་ཁོང་ལ“ཚེ་གང་གྲུབ་འབྲས་བྱ་དགའ”སྤྲད་ཅིང་། ཁོང་གིས་བྲིས་པའི“གད་སྙིགས”དག་ལ་ཀུན་གྱིས་ཁས་ལེན་དང་ཀློག་པ་པོའི་དགའ་བསུ་ཆེན་པོ་ཐོབ་སྟེ། “ཨ་རིའི་ཁྱིམ་ཚང་མི་རེ་ངོ་རེར་མ་མཐར་དཔེ་ཆ་གཉིས་ཡོད་དེ། གཅིག་ནི་དམ་པའི་གསུངས་རབ་དང་གཅིག་ཤོས་ནི་ཧྲི་ཏི་ཧྥེན•ཅིང་གི་བརྩམས་ཆོས་ཡིན”ཞེས་པར་གྲགས་སོ། །
2
སྔོན་འགྲོའི་ཚུལ་དུ་བརྩམས་སྒྲུང་དེ་ཉིད་ཀྱི་བྱེད་པོ་ཧྲི་ཏི་ཧྥེན•ཅིང་གི་བྱུང་བ་རགས་བསྡུས་ཤིག་བརྗོད་རྗེས་སྐབས་སུ་བབས་པའམ་བརྗོད་པར་འདོད་པ་ནི། 《ཤོའོ་ཧྲེན་ཁའི་སྡིག་བཤགས 》ཞེས་པའི་བརྩམས་སྒྲུང་འདི་ཉིད་ཚར་འགའ་བཀླགས་རྗེས་ཀྱི་སེམས་ཚོར་འགའ་སྟེ།
དེ་ཡང་། བརྩམས་སྒྲུང་དེ་ཀློག་ཐེངས་རེ་རེར། ང་ལ་ཚོར་བ་དམིགས་བསལ་བ་རེ་སྦྱིན་པར་བྱེད། དེ་ནི་ངའི་ཤེས་ཚོད་ལོ་ཚད་དང་མྱོང་བཅད་དཔྱོད་ཤེས་དང་འབྲེལ་བ་ཡོད་ངེས་ལ། བརྩམས་སྒྲུང་དེ་ཉིད་སྒྱུ་རྩལ་བརྩམས་ཆོས་རྣལ་མ་ཞིག་ཡིན་པས་ཀྱང་ཡིན་ངེས་སྟེ། གཤའ་མ་ལྷད་མེད་གྱི་སྒྱུ་རྩལ་བརྩམས་བྱ་ཞིག་ཡིན་ན་ཡུལ་དུས་གནས་སྐབས་ཀྱི་ཚད་བཀག་ལས་བརྒལ་ཏེ། ནམ་ཡང་ཚོད་བགམ་ཐེག་ངེས་པ་ནི། སྟབས་ཟས་རིག་གནས(快餐文化)དང་མི་འདྲ་བའི་ཆ་དེའོ། །
ཕུལ་དུ་བྱུང་བའི་སྒྱུ་རྩལ་བརྩམས་བྱ་ཞིག་ཡིན་ན། དེས་སྤྱི་ཚོགས་ཀྱི་དངོས་དོན་མཚོན་པར་བྱེད་ཅིང་། མི་གཤིས་ཀྱི་ཟབ་ས་ནས་ཀུན་གཞིའི་ངོས་ཀྱི་དགའ་སྐྱོ་ཆགས་སྡང་ལ་སྦར་སྙོབ་བྱེད་ཅིང་། མིའི་ཚོར་ཤེས་འཁྱོམ་པར་བྱེད་ལ། ཞིབ་གདང་དང་ཕྱིར་དྲན་ལ་འཇུག་པར་བྱེད། སྒོས་སུ་འཚོ་བའི་ངོ་སྦག་དག་དམར་རྗེན་དུ་བཤུས་པས་མི་བུ་མང་ཆེ་བར་སྐྱོ་སྣང་དང་ཡིད་མུག རེ་ཆད་དང་འཇིག་ཞུམ་སྟེར་བར་བྱེད། གཞན་ཡང་ཚ་ནན་དང་སྐུལ་ལྕག་ཀྱང་བྱེད། 《 ཤོའོ་ཧྲེན་ཁའི་སྡིག་བཤགས》ཞེས་པའི་བརྩམས་སྒྲུང་དེ་ལ་གོང་གི་ཁྱད་ཆོས་དག་བཙན་ཚུགས་ཀྱིས་བཟོས་པ་མ་ཡིན་པར་རང་བཞིན་གྱིས་འཛོམས་པ་ནི། ཤོའོ་ཧྲན་ཁའི་བཙོན་ཁང་ཞེས་པའི་འཇིག་རྟེན་ཆུ་ཆུང་ཞིག་ན། མི་སྣ་གཙོ་བོ་ཨན་ཌི(安迪)ལ་མ་ཉེས་ཁ་གཡོག་གི་ཉེས་པ་ཕོག་ནས་བསྡིགས་བཤག་མ་ཡིན་པའི་བསྡིགས་བཤག་བྱེད་བཞིན་པའི་རྣམ་པ་ཞིབ་འབྲི་བྱས་པ་བརྒྱུད། རང་གཞན་གང་གིས་རྐྱེན་གྱིས་བྱས་མིན་ལ་མ་བལྟོས་པར་ཨན་ཌིའི་བཙོན་ཁང་དུ་ལྷུང་བ་ནི་འགྲོ་བ་མིའི་ཡོངས་ཁྱབ་ཀྱི་རིན་ཐང་སྟེ། དམངས་གཙོ། རང་དབང་། འདྲ་མཉམ་ཞེས་པའི་ཐོབ་ཐང་དག་བརླག་མེད་དུ་གྱུར་བའི་མཚོན་དོན་རེད་ལ། སྒྲིག་བསྒྱུར(体制化)ཏེ། ལམ་ལུགས་སྲོལ་ལམ། སྒྲིག་གཞི། གོམས་འདྲིས་དང་། འདུ་ཤེས་འཛིན་སྟངས། ཁོར་ཡུག་གི་གླེང་ཕྱོགས། འཚོ་གནས་ཀྱི་མཁའ་དབུགས་སོགས་གང་རུང་ཞིག་གི་ནང་། གཞི་རྣམ་པར་ཤེས་པའི་ངོས་ནས་དེར་ཁས་ལེན་དང་བསྒྱུར་བཅོས་བྱེད་པའི་བསྡུས་གཟུགས་ཀྱང་ཡིན་ཏེ། “གོམས་ན་སླ་བར་མ་འགྱུར་བའི་བྱ་གང་ཡང་ཡོད་མ་ཡིན ”ཞེས་པ་བཞིན། ལས་གང་ཡིན་ཡང་ལོ་ཟླའི་བཞུན་བརྡར་དང་བཅར་རྡུང་བཙན་བཅུན་གྱི་ཁྲོད་གོམས་འདྲིས་སུ་སོང་ཟིན་ན། བཟང་འདྲིས་ཡིན་ཡང་ཆོག་ལ། ངན་ལོབ་ཡིན་ཡང་འགྲིག་སྟེ། ཐོག་མའི་མ་འཕྲོད་པ་དང་། སྡུག་བསྔལ་བ། ཞེ་འཚེར་བ། དོགས་མི་བདེ་བ། གང་ཡིན་ཡང་མ་གོམས་ནས་གོམས་པ་དང་། མ་བདེ་བ་ནས་ཆེས་རྒྱུན་གཏན་དུ་གྱུར་འགྲོ་བ་ནི་འཇིག་རྟེན་གྱི་ཆོས་ཉིད་རེད།
དེ་ཡང་། བརྩམས་སྒྲུང་ཞིབ་བརྗོད་པའམ་མི་སྣ་ཨང་གཉིས་པ་ལེའེ་ཏའེ(雷德)ཡི་སྐད་ཆ་ལྟར་ན། “ ངས་དེ་སྔོན་བཙོན་ཁང་གི་སྒྲིག་གཞིའི་ཚད་འཛིན་འོག་ཏུ་འཚོ་བཞིན་པའི་མྱོང་བ་དག་ཞིབ་འབྲི་བྱེད་པར་རྩོལ་མྱོང་། ཐོག་མར། ཕྱོགས་བཞི་མཚམས་བརྒྱད་བརྩིགས་པས་བསྐོར་ཡོད་པའི་ཚོར་སྣང་དེར་བཟོད་བསྲན་བྱ་དཀའ་བ་དང་། དེ་ནས་རིམ་བཞིན་དེ་ལྟའི་འཚོ་བར་སྡུག་རུས་བྱེད་ཐུབ་པ། རྒྱུན་མཐུད་འཚོ་བ་དེར་ཁས་ལེན་བྱེད་པ། དེ་རྗེས། རང་གི་གཟུགས་ཕུང་དང་རྣམ་ཤེས་གཉིས་ཀ་རིམ་བཞིན་དེ་ལྟའི་འཚོ་བར་གོམས་ལོབ་ཏུ་གྱུར་པ། ཐ་ན་འཚོ་བ་དེར་ག་ལེར་དགའ་ཞེན་སྐྱེས་པར་བྱེད”ཅེས་པ་དེ་རེད།
3
འདི་ལྟར་ན། ང་ལ་སེམས་ཁྲལ་ཞིག་རང་བཞིན་བཅོས་མིན་དུ་སླེབས་ཡོང་བ་ནི། བརྩམས་སྒྲུང་འདི་ཉིད་ཀྱི་གཙོ་ཐིག་ཏུ་གྱུར་པའི་བསམ་བློ་ནང་དོན་ཏེ། ཨན་ཌིའི་ཡི་མཚོན་དོན་གྱུར་བའི་བསམ་བློ་ནང་དོན། རང་ཚུགས་ཐུབ་པའི་མི་ཞིག་ཡིན་ཕྱིན། བློ་ཁོག་པའི་ཕུག་ན་བདེན་མཐའ་སྔ་ཕྱི་མ་གཏོགས་གསལ་བའི་དུས་ཤིག་ངེས་པར་ཡོད་ངེས་སྙམ་པའི༼ རེ་བ ༽ཞིག་དང་། རྩོལ་བ་གྲོགས་སུ་བརྟེན་ནུས་ན་འབྲས་བུ་ཉེ་རིང་མ་གཏོགས་སྨིན་ངེས་སེམས་པའི༼ བློ་སྤོབས༽ ཤིག་ཡོད་ན། སྡུག་མུན་པ་མཐའ་ནས་བསངས་པའི་དུས་ཤིག་དང་། སྐྱིད་ན་ཟླ་བ་གུང་ནས་འཚེར་བའི་སྐབས་ཤིག་ཏན་ཏན་ཡོད་ངེས་པའི་གནས་ལུགས་བརྗོད་པར་བྱས་ཡོད་མོད། ཨན་ཌི་ཕུད་བརྩམས་སྒྲུང་ནང་གི་མི་སྤྱི་བྱིངས་ལ་དེ་འདྲའི་རེ་སེམས་དང་། བློ་སྤོབས་མེད། ཐ་ན་རྒྱུན་པར་ཨ་ཌི་ལ་བརྙས་བཅོས་ཀྱི་ཚུལ་མཐུན་འཁྲིག་པ་སྤྱོད་པར་ཡོང་མཁན་གྱི་མི་དེ་དག་དང་། ཤོའོ་ཧྲེང་ཁ་ཞེས་པའི་བཙོན་ཁང་ནང་གང་ཡིན་ཡང་སྒྲུབ་ཐུབ་མཁན་གྱི་ལེའེ་ཏའེ(雷德)སོགས་སུ་གང་ལ་ཡང་དེ་འདྲའི་རེ་སེམས་དང་བློ་སྤོབས་མེད། མ་ཟད་ད་ལྟའི་འཚོ་བར་གོམས་ལོབ་ཆེ་དྲགས་པས་སྐྱེལ་བཞིན་པའི་བཅུན་བརྡར་གྱི་འཚོ་བ་སྟེ། ག་དུས་བཟས་ཟ་མིན། ག་དུས་དུ་བ་འཐེན་མིན། ག་དུས་གཉིད་དགོས་མིན། མི་སུ་དང་ཕྲད་ན་སྐད་ཆ་ག་རེ་བཤད་དགོས་མིན། གཙོག་པ་ག་དུས་བཏང་དགོས་མིན་སོགས་གཏན་འཁེལ་བྱས་ཟིན་པས། མདོར་ན། ཡོད་ཚད་ལ་གཞན་གྱིས་འཆར་གཞི་བཀོད་ཟིན་པས། སང་གི་ཉི་མ་ཇི་ལྟར་བསུ་དགོས་མིན་དང་། གནངས་ཀྱི་བྱ་བ་ཇི་ལྟར་སྒྲུབ་དགོས་མིན་ལ་བསམ་གཞིགས་དང་སེམས་ཁྲལ་བྱེད་མི་དགོས་པར་འཁོར་ཁྲོམ་ཆེན་པོ་ཞིག་གི་ལྷུ་ལག་བཞིན། ཟད་ཟད་བར་བསྐྱར་ཟློས་ཡང་ཟློས་ཀྱི་འཁོར་ན་འགྲིག་པས། ནམ་ཉི་མ་ཞིག་ལ་ཁོ་ཚོར་སུ་ཞིག་གིས་རང་དབང་གསོལ་རས་གནང་ན་ཡང་། ཐོག་མར་རང་དབང་ནས་གཞན་དབང་ལ་འཇུག་མི་བདེ་བ་ཇི་བཞིན། ད་ལྟ་རང་དབང་ནས་གཞན་དབང་ལ་ཡང་འཇུག་མི་བདེ་བ་ནི། དཔེར་ན། སྒྲིག་བསྒྱུར(体制化)ཤུགས་ཆེན་ཐེབ་ཡོད་པའི་རྒན་པོ་པུའུ་ལུ་ཁེ(布鲁克)དང་གཅིག་མཚུངས་སྟེ། མི་ལོ་ལྔ་བཅུ་ཙམ་སྒྲིག་འཛུག་ཅིག་གི་ནང་དུ་འཚོ་བར་རོལ་བས། “ཁྱི་རྒན་ཡ་རྐན་ཕུག་པའི་ཁྲག རུས་པའི་བཅུད་དུ་སྒོམ་ནས་བཅའ”ཟེར་བ་ཇི་བཞིན་མགོ་རུལ་བ་སྣ་ཡིས་མི་ཚོར་བར་དེར་བྱང་ཆ་ཡོད་པ་དང་། དེ་བདེ་སྐྱིད་དུ་སྒོམ་པ། དེར་སྤྲོ་བས་གཏད་པས། བཙན་བཅུན་མེད་པའི་བློ་བདེ་བག་གཡང་གི་འཚོ་བར་མི་གོམས་པར་ཅི་ནུས་གང་ནུས་ཀྱིས་བཙོན་ཁང་གི་འཚོ་བར་ལོག་པར་རྩོམ་པ་དང་། མཐར་རང་དབང་གི་འཚོ་བར་ཡིད་མུག་དང་ཕྱི་རོལ་གྱི་འཚོ་བར་ཞེད་སྣང་གི་ཁྲོད་རང་སྲོག་རང་གིས་ལྕེབས། དེ་བཞིན་ལེའེ་ཏའེ(雷德)མཐར་བཙོན་གྲོལ་བྱུང་ནས་རང་དབང་གི་འཚོ་བར་རོལ་སྐབས། སྔོན་བཙོན་ཁང་ནང་གི་གཅིན་པ་གཏོང་དུས་ཀྱི་དུས་བཀག་ལ་སླེབས་ན་མ་གཏོགས་གཅིན་པ་ཐིགས་པ་གཅིག་ཀྱང་གཏང་མི་ཐུབ་པ་དང་། དེ་ཡང་ལས་ཀ་བྱེད་སའི་ཚོང་ཁང་གི་སྦྱིན་བདག་ལ་སྙན་སྒྲོན་ཞུ་ན་མ་གཏོགས། གཏོང་མི་ཐུབ་ལ་དེ་འདྲ་རེད། དེས་ན། ང་ཚོ་ཡང་བཙོན་ཁང་མ་ཡིན་བཙོན་ཁང་གི་ཁོར་ཡུག་ཆུང་ཆུང་ཞིག་ན་འཚོ་བཞིན་ཡོད་དུས། ཚོད་ཚོད་ལ་རང་དབང་འདྲ་ཡང་དོན་དུ་གཞན་དབང་གི་སྒོ་ཁ་ན་རྒྱུ་བཞིན་ཡོད་དུས། མི་མངོན་པའི་དབྱིབས་གཟུགས་ཤིག་གིས་ལྕགས་རི་ལྟར་མཐའ་ནས་སྐོར་བཞིན་ཡོད་དུས། མི་ཡུལ་ཟེར་བའི་གར་སྟེགས་འདི་ནས། སྒྲིག་གཞི་ཞེས་པའི་བཙོན་ཁང་འདི་ནས། ང་ཚོས་འཁྲབ་ཀྱིན་པའི་རྣམ་ཐར་ནི་ཅི་ཞིག་རེད། འཛིན་བཞིན་པའི་བརྟུལ་ཞུགས་ནི་གང་ཞིག་རེད། སེམས་ན་ཁྲ་ཁྲ་རིག་རིག་རེད། དེ་ཡང་ཡིན་ངེས་ཏེ། སྤྱིར་ན་འཇིག་རྟེན་འདིར་རླབས་ཆེན་གྱི་མི་སྣ་ལས་མི་ཕལ་པ་བརྒྱ་གྱུར་སྟོང་གྱུར་གྱིས་མང་ཞིང་། མི་ཕལ་པ་དག་ནི་ཆུ་ཐིགས་རྒྱ་མཚོར་སིམ་པ། བྱ་སྤུ་བར་སྣང་དུ་འཕྱོ་བ་ཇི་བཞིན། བསླུ་བྲིད་བྱ་སླ་ལ་། ནད་གཡམ་ཕོག་རྐྱེན་པ། རང་ཚུགས་མི་ཐུབ། སྒལ་ཚིགས་མི་བརྟན་པས། དེས་ན་ཉིན་ནས་ཉིན་དང་། ཟླ་ནས་ཟླ། ལོ་ནས་ལོ། ཕར་ཕར་ལ་བསྙེགས་འགྲོ་སྐབས། ང་ལ་སེམས་ཁྲལ་མི་ཡོང་ཅི་ལ་སྲིད། ངས་སྡིག་བཤགས་མི་བྱེད་ག་ལ་འགྲིག