ལོ་ཙཱ་བ་མཁས་དབང་རྫ་ཚེ་རིང་བཀྲིས་ཀྱིས་ཁྱུང་ཡོན་དང་མ་ཡོན་གླེང་བ།

96/545

ཁྱེད་ཀྱིས་བསྒྱུར་པ་དེ་དགོས་ངེས་ཀྱི་དེབ་ཅིག་རེད།

རྩོམ་པ་པོ། རྫ་ཚེ་རིང་བཀྲ་ཤིས།

ཁྱུང་ཡོན་ནི་གུས་པ་དང་ཡུན་རིང་དྲ་འབྲེལ་ཡོད་པའི་བོད་ནང་ཁུལ་དུ་བཞུགས་བཞིན་པའི་དྲྭ་གྲོགས་ཤིག་ཡིན། ལོ་གཅིག་ལྷག་གི་སྔོན་ཁོ་བོ་དང་འབྲེལ་ཡོད་ཀྱི་ཐོག་ནས་དགོངས་ཚུལ་རྩོམ་ཡིག་རིང་པོ་ཞིག་ཀྱང་བྲིས་འདུག དེ་མིན་ཁོང་གིས་བོད་ཀྱི་རིག་གཞུང་དང་འབྲེལ་བའི་ཕྱག་ལས་ཅི་རིགས་གནང་བཞིན་པ་དེ་འདྲ་དྲ་རྒྱ་ཁག་ནས་མཇལ་བར་མ་ཟད། ཁོང་ནི་རང་གི་བསམ་ཚུལ་གང་ཡིན་ཡང་ཚོར་བ་རྣོན་པོའི་ཐོག་ནས་ཐད་ཀར་བརྗོད་རྒྱུའི་བསམ་བློ་ཤུགས་ཆེན་པོ་ཡོད་མཁན་ཞིག་ཡིན་པའི་མྱོང་ཚོར་བྱུང་།

ད་དུང་སྣང་བརྙན་གཞན་ཞིག་ནི་ཁོང་ཉིད་རྟག་པར་མ་ཡུམ་ལ་བརྩེ་བ་ཟབ་མོ་འཆང་མཁན་གྱི་ཕོ་གཞོན་དམིགས་བསལ་ཞིག་ཏུ་མཐོང་བྱུང་། སྤྱིར་བཏང་མི་སུ་ཡིན་ནའང་ཕ་མ་ལ་བརྩེ་བ་མེད་པ་ཕལ་ཆེར་མེད་དགོས་པ་ལྟ་བུ་ལོས་ཡིན་མོད། ཁོང་ནི་ལག་ལེན་དངོས་ཀྱི་ཐོག་ནས་ཉིན་རེའི་འཚོ་བ་དངོས་ཀྱི་ནང་དུ་མ་ཡུམ་དྲིན་མོ་ཆེའི་གཟུགས་བརྙན་དེ་ཧ་ཅང་གལ་ཆེན་དུ་བརྩིས་ནས་ཡོད་ཚད་ཀྱི་ཨང་དང་པོར་འཇོག་མཁན་ཞིག་ཏུ་མཐོང་། ཁོང་གི་དྲ་བརྒྱབ་ཏུའང་རྟག་པར་མ་ཡུམ་དང་མཉམ་དུ་ཕན་ཚུན་མཉམ་དུ་ཡོད་པ་མང་པོ་མཇལ་དུ་ཡོད་ལ། ཉེ་ཆར་ཟླ་བ་གཉིས་པའི་ཚེས་༢༧ཉིན་ཁོང་གི་སྒྱུར་དེབ་གསར་པའི་མཛད་སྒོ་སྤེལ་ཡུལ་གྱི་ཡུལ་ངོས་སུའང་། ཁོང་གིས་མ་ཡུམ་ཉིད་སྐུ་མགྲོན་གྱི་གཙོ་བོ་ལྟ་བུ་བྱས་ནས་བཞག་འདུག ན་ཚོད་དར་ལ་བབ་པའི་ཕོ་གཞོན་ཁོང་གིས་མི་མང་དང་སྐུ་མགྲོན་ཚང་མའི་དཀྱིལ་ནས་ལག་ཏུ་ཡ་ཆེན་འཁོར་ལོ་དམར་རིལ་དང་ཕྲེང་བ་ཐོགས་པའི་ཞིང་གྲོང་གི་ཨ་མ་དེ་དང་མཉམ་དུ་འདྲ་པར་མཉམ་སྒྲོན་བྱ་རྒྱུ་དེར་གལ་ཆེན་དུ་རྩིས་པར་མ་ཟད། སྐབས་དེའི་འཕྲིན་ཕྲན་རྒྱབ་ལོགས་སུའང་སྐུ་མགྲོན་དང་གྲོགས་པོའི་འདྲ་དཔར་དགུ་ཙམ་ཞིག་མཉམ་དུ་བཞག་གནང་ཡོད་ནའང་བོད་ཡིག་གི་ཐོག་ནས“ཨ་མ་ལགས་ཚེ་རིང་རྒྱུ་མ།”ཞེས་པའི་བརྗོད་པ་ཐུང་ཐུང་ཞིག་གིས་ཡོད་ཚད་འཐུས་པར་བྱས་འདུག དེ་ཙམ་གྱི་ངོས་ནས་ཀྱང་བུ་འདིས་རང་གི་ཡོད་ཚད་དང་ཡོད་ཚད་ཨ་མ་ལགས་ཀྱི་བརྩེ་བ་དང་གཉིས་མེད་དུ་བསྟིམས་འདུག་སྙམ་པའི་ཚོར་བ་བཅོས་མིན་ཞིག་སྐྱེས་བྱུང་།

དེ་བཞིན་དུ། ཁོང་གི་རྩོམ་ཡིག་འགའ་རེ་བཀླགས་པ་དང་གཏམ་བཤད་ཀྱི་སྒྲ་སྒམ་རེ་གཉིས་ཉན་པའི་མྱོང་ཚོར་གཞི་ལ་བཞག་ནས་བཤད་ན། ཁོང་ཡང་རང་གི་མི་རིགས་དང་རིག་གཞུང་གི་ཆེད་དུ་སེམས་ཤུགས་ཆེན་པོ་ཡོད་པ་ཞིག་རེད་འདུག་སྙམ་པའི་ཚོར་སྣང་བྱུང་།

སྐད་ཆ་དངོས་ནི་དེ་མ་རེད། དེ་ཡང་ཉེ་ཆར་ཁོང་གིས་ང་ལ། ཁོང་གིས་ཉེ་ཆར་བོད་ཡིག་ཏུ་བསྒྱུར་པའི་རྒྱའི་ཁེ་ལས་པ་གྲགས་ཅན་མཱ་ཡོན་གྱི་སྐད་ཆ་གཅེས་བཏུས་《 དཔལ་འབྱོར་སྒྲུབ་ཐབས 》ཅེས་པ་དེ་བོད་ཡིག་ཏུ་བསྒྱུར་ཟིན་པ་དང་། དེ་དང་འབྲེལ་བའི་བསམ་ཚུལ་ཕྲན་བུ་ཞིག་བཤད་ན་ཆོག་གམ། མ་བདེ་ནའང་ཁྱད་པར་མི་འདུག ཅེས་གསུངས་བྱུང་། སྐབས་དེར་ངེས་བསམ་ཚུལ་ཉུང་ཉུང་ཞིག་འབྲི་རྒྱུར་དང་ལེན་ཞུས་པ་ཡིན། རྒྱུ་མཚན་ནི་ཁ་ཡོད་ལག་ཡོད་ཀྱིས་དགོས་མཁོ་ཡོད་པའི་དེབ་འདི་གཞན་ལ་འོས་སྦྱོར་བྱས་ནས་ཁ་ཕན་ཚིག་ཕན་རེ་ཐོག་སོང་ན་སྙམ་པ་ཡིན། ཁོང་གི་བསམ་ཚུལ་ཡང་དེ་རེད།

མ་གཞི་ཡིག་སྒྱུར་ནི་ཧ་ཅང་དཀའ་ལས་ཆེན་པོ་ཡོད་པའི་ལས་ཀ་ཞིག་རེད། རང་ཉིད་ཡིག་སྒྱུར་ཀྱི་ལས་ཀ་ཕྲན་བུ་བྱེད་མྱོང་མཁན་ཞིག་ཡིན་པའི་ཆ་ནས་དེའི་ཕྱོགས་ལ་ཆ་རྒྱུས་གཏིང་ཟབ་མོ་ཡོད།

ངས་ཁོང་གི་སྒྱུར་དེབ་དེ་དངོས་སུ་མ་མཇལ་བས་དེབ་ཀྱི་ཡིག་སྒྱུར་གྱི་སྤུས་ཚད་ཀྱི་ཐད་ལ་སྐད་ཆ་བཤད་རྒྱུའི་ཐོབ་ཐང་མེད་ན་ཡང་། ང་ཚོ་བོད་ལ་ད་ལྟ་ཆེས་ཆེར་གལ་ཆེ་བ་ནི་ཕྱིའི་རིགས་གནས་དང་བསམ་བློ་ནང་འདྲེན་བྱ་རྒྱུ་དེ་རེད། དེ་ནི་རན་པས་མི་ཚད་འཕྱི་བའི་ཚད་དུ་ཡོད་ཅིང་། འདི་ནི་བོད་མི་རིགས་འདི་དུས་རབས་ཉི་ཤུ་རྩ་གཅིག་པའི་ནང་དུ་མུ་མཐུད་འགྲོ་བ་མིའི་རིགས་ཀྱི་མི་སྡེའི་སྤྱི་ཚོགས་སུ་འཚོ་གནས་ཐུབ་མིན་དང་ཐད་ཀར་འབྲེལ་བ་ཡོད་པའི་ལས་དོན་ཞིག་ཡིན།

ལོ་འགའི་སྔོན་དུ་ང་ཐའེ་ཝན་གྱི་རྒྱལ་ས་ཐའེ་པེ་རུ་ཡོད་པའི་ཁྲིན་ཕེན་དཔེ་ཚོང་ཁང་དུ་ཕྱིན་པ་ཡིན། དཔེ་ཚོང་ཁང་ཆེན་པོ་དེའི་ནང་གི་རིག་ཚན་མི་འདྲ་བའི་སྐོར་གྱི་དེབ་ཀྱི་རྣམ་གྲངས་ནི་ཧ་ཅང་མང་པོ་རེད། ཐ་ན་ཟ་མ་བཟོ་སྟངས་ཁོ་ནའི་སྐོར་གྱི་དེབ་མི་འདྲ་བ་དག་ཀྱང་གྲངས་སུ་བགྲངས་ཏེ་བམ་པོར་བྱས་ན་བོད་ཀྱི་བཀའ་འགྱུར་དང་བསྟན་འགྱུར་ཧྲིལ་པོ་ལས་མང་བ་མེད་དམ་སྙམ་པ་འདུག སྐབས་དེར་ཡང་ང་ལ་ཚོར་སྣང་ཟབ་མོ་བྱུང་།

སྲོལ་རྒྱུན་རིག་གཞུང་གི་ངོས་ནས་ང་ཚོ་ལ་བཀའ་འགྱུར་དང་བསྟན་འགྱུར་ལ་སོགས་པ་འཛམ་བུ་གླིང་ན་ཕུལ་དུ་བྱུང་བའི་ནང་བསྟན་གྱི་རིག་གཞུང་བཟང་པོ་ཞིག་ཡོད་པ་ནི་ཅིས་ཀྱང་སྤོབས་པར་འོས་པ་ཞིག་ཡིན་ན་ཡང་། སྤྱིར་སྟངས་ཀྱི་འཚོ་གནས་དང་འབྲེལ་བའི་ཐོག་ནས་བཤད་ན་ཧ་ཅང་རྗེས་ལུས་ཡིན་པ་དང་། མི་འདང་ས་ཧ་ཅང་མང་པོ་ཡོད་པ་འདི་ང་ཚོ་ཚང་མས་ཁས་ལེན་དགོས་པ་ཞིག་ཆགས་ཡོད། རྒྱུ་མཚན་དེའི་ཆ་ནས་ཀྱང་བོད་ཡིག་གི་ཐོག་ཏུ་གཞན་གྱི་སྲིད་འབྱོར་རིག་གསུམ་དང་འབྲེལ་བའི་དེབ་ཚད་ལྡན་གང་འདྲ་ཞིག་བསྒྱུར་ནའང་དེ་ནི་ངེས་པར་དུ་བསྔགས་པ་བརྗོད་འོས་པའི་བྱ་བཞག་ཅིག་རེད།

ཁྱད་པར་དུ་མ་ཡོན་ལ་མཚོན་ན་ཁོང་ནི་དེང་གི་ཆར་འཛམ་བུ་གླིང་ན་སྙན་པའི་གྲགས་པ་རབ་ཏུ་འབར་བའི་ཁེ་ལས་པ་ཞིག་རེད། མཉམ་འབྲེལ་རྒྱལ་ཚོགས་སོགས་ཀྱིས་ཀྱང་ཁོང་ལ་དོན་དམ་པའི་ཆེ་མཐོང་ཆེན་པོ་འབུལ་བཞིན་པར་མ་ཟད་དཔལ་འབྱོར་གྱི་སློབ་སྟོན་ཞུ་ཡུལ་དེ་འདྲ་ཞིག་རེད། འཇིག་རྟེན་ན་གྲགས་པ་མཐོ་བའི་ཨ་རིའི་ཧ་ཝར་ཌི་གཙུག་ལག་སློབ་ཁང་སོགས་རྒྱལ་སྤྱིའི་གཙུག་ལག་སློབ་ཁང་དག་གིས་ཀྱང་ཁོང་གི་གཏམ་བཤད་དང་བཀའ་སློབ་ལ་གདེང་འཇོག་ཧ་ཅང་མཐོན་པོ་གནང་བཞིན་པ་དངོས་ཡོད་རེད། ད་དུང་ཁོང་ནི་ 2009 ལོར་དུས་རབས་བདུན་ཚགས་ཀྱིས་སའི་གོ་ལའི་ཐོག་གི་ཤུགས་རྐྱེན་ཆེ་ཤོས་ཀྱི་མི་བརྒྱའི་ཁོངས་སུ་བདམས་ཤིང་། སྤྱི་ལོ་2010 ལོར་ཡ་གླིང་གི་དགེ་ལས་དཔའ་བོའི་མཚན་རྟགས་ཐོབ་པ་དང་། སྤྱི་ལོ་2014 ལོར་འབྱོར་ལྡན་ལྔ་བརྒྱའི་དང་པོ་བཅུའི་ནང་དུ་ཚུད་པ་དང་། འཛམ་གླིང་དཔལ་འབྱོར་གླེང་སྟེགས་ཀྱིས་མ་འོངས་པའི་འཛམ་གླིང་གི་དབུ་ཁྲིད་མཁན་ཞེས་པའི་དཔྱད་བརྗོད་གདེངས་འཇོག་གིས་ཆེ་བསྟོད་ཞུ་མྱོང་བ་རེད།

སྐུ་ཞབས་མ་ཡོན་ལགས་ནི་སྒོར་མོ་མང་པོ་ཡོད་པ་ཙམ་མ་རེད། ཁོང་ནི་ཤེས་རབ་དང་ལྡན་པའི་སྐྱེས་བུ་ཕུལ་དུ་བྱུང་བ་ཞིག་རེད། ཁོང་གི་རྣམ་དཔྱོད་ཀྱིས་མི་ཧ་ཅང་མང་པོར་བློ་སྐྱེད་སྤྲོད་ཀྱི་ཡོད་ཅིང་། ཁོང་གི་གཏམ་བཤད་ལ་དགའ་མཁན་གྱི་མི་དུང་ཕྱུར་མང་པོ་ཡོད། ཁོང་གི་སྐད་ཆ་དེ་ཚོའི་ནང་དུ་མི་ཚོའི་ཉིན་རེའི་འཚོ་བའི་ནང་དུ་སྤྱོད་གོ་ཡོད་པའི་ཤེས་རབ་ཀྱི་སྡོམ་ཚིག་ཡིད་དུ་འོང་བ་ཧ་ཅང་མང་པོ་ཞིག་ཡོད། ང་ཡང་རྒྱུན་དུ་ཁོང་གི་གཏམ་བཤད་ལ་ཉན་རྒྱུར་དགའ་མོས་ཆེན་པོ་ཡོད་མཁན་ཞིག་ཡིན། ཁོང་ཉིད་ཀྱི་ཡ་མཚན་ཆེ་ཞིང་ཁྱད་དུ་འཕགས་པའི་མི་ཚེའི་བརྒྱུད་རིམ་གྱིས་མི་ཚོ་ལ་སེམས་ཤུགས་བསྐྱེད་ནས་མདུན་སྐྱོད་བྱ་རྒྱུར་སྐུལ་འདེབས་བྱེད་ཐུབ་ཀྱི་ཡོད།

མ་ཡོན་གྱིས་ཨ་ལི་པཱ་པཱ་གསར་འཛུགས་བྱས་ནས་ད་ལྟའི་ཆེས་གཞི་རྒྱ་ཆེ་བའི་དྲ་ཐོག་ཚོང་ར་གསར་གཏོད་བྱས་པ་སོགས་ཀྱང་ཁོང་ཉིད་ཕྱི་རྒྱལ་དུ་ཐོག་མར་ཕྱིན་སྐབས། སྐབས་དེའི་ཕྱི་རྒྱལ་གྱི་མིས་རྩིས་འཕྲུལ་མ་ལག་དང་དྲ་ལམ་གྱི་ཚོང་གཉེར་བེད་སྤྱོད་བྱེད་པ་མཐོང་ནས་བློ་སྒོ་ཕྱེས་ཤིང་ཕྱིར་རྒྱ་ནག་ཏུ་ལོག་ནས་ལས་ཀ་དེ་དངོས་སུ་ལག་ལེན་བྱས་པར་བཤད། ང་ཚོས་ཀྱང་ཁོང་གི་སྐད་ཆ་དག་ལ་སློབ་སྦྱོང་བྱས་ནས་བོད་པ་རང་གི་དངོས་ཡོད་ཁོར་ཡུག་དང་འཚམས་ཤིང་གནས་དུས་དང་མཐུན་པའི་ཁེ་ལས་ཀྱི་བསམ་བློ་མང་ཙམ་འཁོར་རྒྱུར་དེབ་འདིས་ཕན་ཐོགས་ཀྱི་རེད། དེས་ན་དེ་ལྟ་བུའི་རླབས་ཆེན་གྱི་མི་སྣ་ཞིག་གི་སྐད་ཆ་དག་བོད་སྐད་བོད་ཡིག་གི་ཐོག་ནས་བོད་པ་དཀྱུས་མ་དག་གིས་ཀློག་ཐུབ་པ་འདི་ནི་དོན་དག་ཆུང་ཆུང་ཞིག་མ་རེད།

མཚམས་འདིར་ངས་གཏམ་རྒྱུད་ཅིག་ཞུ། དེ་ཡང་དུས་རབས་ཉི་ཤུ་པའི་ལོ་རབས་བཞི་བཅུ་ཡས་མས་ལ་ཕྱི་རྒྱལ་གྱི་མི་མགོ་སེར་པོ་ཅན་ཞིག་ལྷ་ས་ནས་ལོ་བདུན་ལ་བསྡད་པ་རེད། ཁོང་གིས་བོད་ནི་ཐོན་ཁུངས་ཧ་ཅང་ཕྱུག་པོ་ཡོད་པའི་ས་ཁུལ་ཞིག་ཡིན་ན་ཡང་། མི་ཚོས་དེ་ལོངས་སྤྱོད་ཤེས་ཀྱི་མེད་པ་དང་། ཕྱིའི་དངོས་པོའི་དཔལ་འབྱོར་གྱི་རྩོལ་སྒྲུབ་སོགས་ལ་གོ་རྟོགས་ཧ་ཅང་ཞན་པོ་ཡོད་པ་མཐོང་བ་རེད། རྗེས་སུ་ཁོང་གིས་དེབ་ཅིག་བྲིས་པའི་ནང་དུ་བོད་ཀྱི་ཆུ་འགྲམ་ཚང་མ་ན་གསེར་གྱི་བྱེ་མ་རྡོལ་བཞིན་འདུག་སྟེ། བོད་པ་ཚོས་དེ་གྱེན་ལ་བསྒྲུགས་ནས་བེད་སྤྱོད་ཤེས་ཀྱི་མི་འདུག ཅེས་བྲིས་པ་རེད། ང་ཚོའི་དངོས་ཡོད་ཀྱི་གནས་སྟངས་ནི་ད་དུང་ཡང་ཕལ་ཆེར་དེ་འདྲ་ཞིག་རེད།

དེང་གི་དུས་འདིར་གནས་བབ་མང་པོ་ཞིག་ལ་དཀའ་ངལ་མེད་པ་མིན་ན་ཡང་། བསམ་བློ་འཁོར་ཐུབ་པ་ཡིན་ན། བེད་སྤྱོད་བྱེད་ཤེས་པ་ཡིན་ན། ལག་ལེན་དུ་བཀལ་བ་ཡིན་ན། འགྲོ་ས་འདུག་ས་ཚང་མ་ལ་གོ་སྐབས་ཀྱིས་ཡོངས་སུ་ཁེངས་ནས་བསྡད་ཡོད་པའི་དུས་ཚོད་ཅིག་ཀྱང་རེད། སྤྱི་ཚོགས་ཤིག་ལ་མཚོན་ན། དཔལ་འབྱོར་ནི་ཆེས་གལ་འགང་ཆེ་བའི་སྟོབས་ཤུགས་ཤིག་རེད།

མཇུག་ཏུ། བོད་ཀྱི་ཀློག་པ་པོ་མང་པོ་ཞིག་ལ་དེབ་འདིའི་ཁ་ཡོད་ལག་ཡོད་ཀྱི་ཕན་ཐོགས་འབྱུང་རྒྱུའི་རེ་བ་ཡོད། བཀྲ་ཤིས་བདེ་ལེགས་ཞུ།