༄༅༎ བཟའ་ཚང་མཐུན་ཞིང་ཁྱིམ་ཚང་སྐྱིད་པར་བྱེད་པའི་མདོ༎ དྷཱིཿཀུན་ཁྱབ།

14/464

 

དེ་ནས་བཅོམ་ལྡན་འདས་མྱ་ངན་ལས་འདས་བར་ཉེ་བའི་དུས་ཉིད་ན་ཡུལ་པཱ་ཝཱར་བྱོན་ཏེ་ཁྱིམ་པའི་སློབ་མ་ཙུནྡའི་ཤིང་ཨ་མྲའི་ཚལ་གྱི་ལྗོན་ཤིང་གི་བསིལ་གྲིབ་འོག་ཏུ་ཁྲི་ཆུང་སྟབས་བདེ་ཤིག་བཤམས་པ་དེའི་ཐོག་ཏུ་བཅོམ་ལྡན་མི་འཇིགས་སྤོབས་པའི་ཉམས་དང་བཅས་ཞབས་དཀྱིལ་དཀྲུང་གིས་འཁོད་པ་ན།

ཙུནྡ་ཁྱོ་ཤུག་གཉིས་ཀྱིས་གཙོས་ཡུལ་དེ་གའི་གྲོང་མི་དེ་དག་དགའ་དད་ཀྱི་རྣམ་པ་རབ་ཏུ་འཕེལ་བའི་རྣམ་པ་དང་བཅས་བཅོམ་ལྡན་འདས་ཀྱི་ཞལ་ལ་མིག་ཟུམ་པ་མེད་པ་རྩེ་གཅིག་ཏུ་ལྟ་བར་བྱེད་དོ༎

སྐབས་དེར་ཁྱིམ་པའི་སློབ་མ་ཙུནྡས་ལག་པའི་ཐལ་མོ་སྙིང་ཁར་སྦྱར་ཏེ་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ༎

ཁྱེད་མཇལ་ཐུབ་པ་འདི་ནི་ངེད་ཚོའི་ཚེ་འདིའི་བསོད་ནམས་རེད། ཁྱེད་ཀྱིས་བྱམས་དང་སྙིང་རྗེས་མ་དོར་བར་ངས་གདན་འདྲེན་ཞུས་པ་ལྟར་འདིར་ཕེབས་པར། ངོ་མ་ཐུགས་རྗེ་ཆེ། ངེད་ཚོ་ནི་མང་ཚོགས་ཕལ་བ་ཡིན་པ་རེད། ཁྱེད་ཀྱིས་བྱམས་དང་སྙིང་རྗེས་གཟིགས་ནས་ངེད་ཚོ་དམ་པའི་ཆོས་བསླབ་པར་ལམ་སྟོན་རེ་གནང་ན་ཨེ་ཆོག ཐུགས་རྗེ་ཆེ་ཞེས་ཞུས་ཤིང་། ཡང་ཁོས་ངའི་ཆུང་མར་ཞུ་བ་ཞིག་ཡོད་ཟེར། འོ་ཁྱེད་ཀྱིས་ངེད་ཚོ་ཁྱིམ་ཚང་གི་འཚོ་བའི་སྐོར་གྱི་སྲུང་བྱའི་ཐད་ནས་བཀའ་གསུང་ཞིག་གནང་ན་ཨེ་ཆོག་ཅེས་ཞུས་པས། སྟོན་པ་མཆོག་ཐུགས་དགྱེས་པའི་ཉམས་དང་བཅས་ཏེ་འདི་ལྟར། ཙུནྡ། ཁྱིམ་གྱི་འཚོ་བའི་ནང་ཟླ་བོ་དང་ཟླ་མོ་འདྲ་མཉམ་ཡོང་བ་གལ་ཆེ། བཟའ་ཟླ་གཉིས་མཐུན་ཞིང་མཛའ་བའི་ངང་འཚོ་བར་རོལ་ན་ཁྱིམ་ཚང་དེར་བདེ་སྐྱིད་ཀྱི་དཔལ་རྒྱས་པ་མ་ཟད། བདེ་སྐྱིད་ཀྱི་དཔལ་དེ་ཡང་གཅིག་ནས་གཅིག་ཏུ་མཆེད་པར་འགྱུར་ཞིང་། མི་རྣམས་དགའ་བདེ་ལ་རོལ་བར་འགྱུར་རོ༎ ཟླ་བོ་དང་ཟླ་མོ་གཉིས་ཕན་ཚུན་ལ་བརྩེ་བ་ཟབ་ན། དེ་ནི་གཟུགས་ཅན་གྱི་ལུས་དང་། རྒྱུ་ནོར་གྱི་རིན་ཐང་ལས་བརྒལ་ཡོད་པ་རེད། ཟླ་མོ་ནི་ཟླ་བོའི་འཇིག་རྟེན་གྱི་ཕྱེད་ཀ་ཡིན་པས་ཟླ་བོ་ཡིས་ནམ་ཡང་རང་གི་ཟླ་མོ་ལ་ངེས་པར་དུ་བརྩི་བཀུར་ཞུ་དགོས་པ་ཡིན། ཟླ་བོས་མི་གཞན་གྱི་མདུན་སར་རང་གི་ཟླ་མོར་བསྙད་འདོགས་དང་། མཐོང་ཆུང་བྱེད་མི་རུང་ལ། ཟླ་མོས་ཀྱང་བུད་མེད་ཀྱི་བཟང་སྤྱོད་ལེགས་པར་སྲུང་རྒྱུ་གལ་ཆེ་བ་ཡིན། ཟླ་བོས་ཁྱིམ་སྐྱོང་བའི་འགན་འཁུར་ཏེ་བྱ་སྤྱོད་ངན་པ་རྒྱུན་དུ་འདོར་རྒྱུ་གལ་ཆེ། ཟླ་བོས་བྱ་བ་གང་ཐག་གཅོད་རྒྱུའི་སྐབས་ཡིན་ནའང་ཟླ་མོ་ལ་གྲོས་ཀྱིས་སྒོ་ནས་བྱ་བར་ཞུགས་ན་ལེགས། ཟླ་བོ་ལ་བཅོས་མིན་གྱི་མཛའ་བ་བཅང་རྒྱུ་ནི་ཟླ་མོའི་འགན་འཁྲི་ཡིན་པས་ཟླ་བོའི་ཁྱིམ་ཚང་གང་ཡིན་པ་སྟེ་ཟླ་མོ་རང་གི་ཁྱིམ་ཚང་ལ་བརྩིས་ཏེ་ཟླ་བོའི་ཁྱིམ་མི་དག་ལ་རོགས་རམ་དང་སེམས་འཁུར་དགོས་པ་མ་ཟད། མགྲོན་པོ་ལའང་བཀུར་སྟི་ཞུ་དགོས་པ་ཡིན། ཁྱོ་ཤུག་ཕན་ཚུན་བར་ཡིད་ཆེས་ཟབ་མོ་བྱུང་ན་བདེ་སྐྱིད་ཀྱི་འཚོ་བ་ནི་ཁྱོ་ཤུག་ཐུན་མོང་ལ་དབང་བ་ཡིན་ནོ༎ ཞེས་གདམས་ངག་བདུད་རྩི་ལྟ་བུ་དེ་དག་བསྩལ་རྗེས།

ཡང་ཙུནྡའི་ཆུང་མ་གང་དེས་སྟོན་པ་ལ་འདི་ལྟར་ཞུས།

གནས་བརྟན་ལགས། དེས་ན་ངེད་ཚོས་གང་ལ་མཉམ་འཇོག་བྱས་ན་ཁྱེད་ཀྱིས་གསུངས་པའི་ལམ་དེར་ཞུགས་ཐུབ་རྒྱུ་རེད་ཅེས་ཞུས་པར།

ཡང་སྟོན་པའི་ཞལ་ནས། གྲོགས་བཟང་པོ་ཞིག་འཚོ་རྒྱུ་གལ་ཆེའོ།། བློ་སེམས་བརྟན་པོ་མེད་པའི་མི་དང་འགྲོག་ན་རང་ཉིད་ཀྱང་ཐ་ཤལ་ཞིག་ཏུ་འགྱུར་སྲིད། རང་གིས་རང་ལ་ལེགས་བཅོས་ཀྱིས་ཁོར་ཡུག་ཅིག་བསྐྲུན་ན་རང་སེམས་གཙང་ཞིང་བདེ་སྐྱིད འབྱུང་ལ། དགེ་བའི་སྤྱོད་པ་མང་པོ་ཞིག་ཉམས་སུ་ལེན་ཐུབ་རྒྱུ་རེད།

​ བྱ་བ་ཞིག་སྒྲུབ་པར་འཇུག་སྐབས་ཚོང་ལས་ཡིན་ན་ཡང་འདྲ། བྱ་བ་གཞན་དག་ཡིན་ནའང་འདྲ་སྟེ་ཐོག་མར་དེའི་གནས་ཚུལ་ཁོང་དུ་ཆུད་པར་བྱེད་ཅིང་དེ་ནས་འབད་པས་སྒྲུབ་པར་བྱའོ༎ དཔེར་ན་ཁ་ཟས་བཟོ་བ་ལྟ་བུར་མཚོན་ན་ལས་ཀ་ཞིག་ཏུ་མི་སེམས་པར་གོ་སྐབས་ཤིག་ཏུ་བརྩིས་ཏེ་རང་དང་། རང་གི་བཟའ་ཟླ། རང་གི་བུ་ཕྲུག རང་དང་འབྲེལ་བའི་གྲོགས་པོ་བཅས་ལ་སྲི་ཞུ་བསྒྲུབ་ན་ཤིན་ཏུ་ལེགས།

སྤང་བྱ་གཅིག་ནི། རང་གཅེས་རང་དོན་ཁོ་ན་མ་གཏོགས་བསམ་བློ་མི་གཏོང་བ་དེ་ཡིན། རང་གི་བདེ་སྐྱིད་དང་ལེགས་སྒྲུབ། རྒྱུ་ནོར་ཐམས་ཅད་སྐྱེ་བོ་གཞན་དག་ལ་འབྲེལ་ནས་གྲུབ་ཡོད། རྒྱན་འཛུགས་སོགས་ཚུལ་མིན་གྱི་གཡེང་བ་སྤང་དེ་གུས་ཞབས་ཆེ་ཞིང་ཕན་སེམས་ལྡན་ལ་མཛའ་སེམས་གཙང་ཞིང་བདེན་པར་སྨྲ་བ་ཞིག་ཏུ་འགྱུར་དགོས། ད་དུང་སྐབས་རེར་དགེ་འདུན་ལ་བསྙེན་བཀུར་བྱེད་པ་དང་། སྒོམ་ལ་ཞུགས་པ་སོགས་བྱེད་ན་འགལ་རྐྱེན་བར་ཆད་ཞི་བའི་གྲོགས་སུ་སོང་སྟེ། མཐར་རང་སེམས་ལ་ཞི་བདེའི་ཁྱབ་པར་འབྱུང་གི་རེད། ད་དུང་བརྗེད་མི་རུང་བ་ཞིག་ནི། ཞོགས་པ་སྔ་མོར་མིག་ཟུང་ཕྱེས་པ་ན་མིག་མདུན་དུ་ཉི་འོད་གསར་པ་ཞིག་འཕྲད་ཡོད་པས་བྱ་བ་གང་སྒྲུབ་ན་ལེགས་མིན་ཤེས་རྒྱུ་གལ་ཆེ། མི་རྣམས་ནི་གཞན་གྱི་བཀའ་དྲིན་བརྗེད་སླ་ཞིང་། གཞན་གྱིས་གནོད་བྱས་པ་སེམས་སུ་དམ་པོར་འཛིན་པ་རེད། ལྗོན་ཤིང་དང་། མེ་ཏོག་དང་། རླུང་དང་། ཆུ་དང་། ནམ་མཁའ་སྟེ། དེ་དག་ཐམས་ཅད་ང་ཚོ་གཅིག་པུའི་མ་ཡིན་པས་འཇིག་རྟེན་གྱི་ཡོད་ཚད་ལ་དྲིན་གྱི་འདུ་ཤེས་སྐྱེ་དགོས། དྲིན་ལ་དྲིན་དུ་མཐོང་བའི་སྒོ་ནས་འཚོ་བ་རོལ་ཞིང་བསམ་པར་བྱའོ༎ དེ་ལྟར་བྱས་ན་འབྲས་བུ་ཞིག་ཡོད་ངེས་ཀྱི་ལག་སྟོང་དུ་འགྱུར་མི་སྲིད་དོ༎ འཐོབ་པར་བྱ་བ་ཅི་ཡང་མ་ཐོབ་ན་ནད་ཀྱིས་གདུང་བ་དང་མཚུངས་ལ། ནད་ཀྱིས་གདུང་ཚེ་འཆི་བ་ལ་ཉེ་བར་ཕྱོགས་པ་མ་ཡིན་ནམ། གཞན་གྱི་བཀའ་དྲིན་ཡིད་ལ་བཅངས་ན་ལྟ་ན་སྡུག་པའི་པདྨ་ཞིག་འཇིག་རྟེན་འདིར་རྣམ་པར་བཞད་པ་དང་མཚུངས་སོ༎ ཞེས་དུས་རབས་གང་དུ་ཡང་མཁོ་བའི་བསླབ་བྱ་ཟབ་མོ་ཇི་སྙེད་ཅིག་བསྩལ་ནས་ཙུནྡ་ཁྱོ་ཤུག་གཉིས་དང་། གྲོང་མི་དེ་དག་ཡི་རང་སྟེ་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་ཏོ༎ ༎

ཞེས་པ་འདི་ནི་འཛམ་གླིང་ན་གྲགས་པའི་སྟོན་པའི་མཛད་རྣམ་གློག་བརྙན་མཇལ་སྐབས་གཞན་ལ་ཕན་ཕྱིར་ཟིན་བྲིས་ཀྱི་ཚུལ་དུ་བསྡུས་པ་ཡིན་ནོ། ༢༠༡༩/༤/༡