ལེ་ཧྥུའུ་ཐོར་སི་ཐའེ་ཡི་སྒྲུང་རིང«འདས་ལོག»[1]བཀླགས་པའི་ཟིན་ཐོ།    འཕགས་པ་འབྲོང་།

94/545

 

ལོ་ངོ་འགའི་སྔོན་དུ«ཞུམ་མེད་ཀྱི་སྤོབས་པའི་རྗེས་སུ་འབྲང»[2]ཞེས་པའི་དཔེ་ཀློག་བརྗེད་ཐོ་ཉེར་གཅིག་གིས་གྲུབ་པའི་དཔེ་ཆ་ཞིག་བཀླགས་མྱོང་།དེབ་དེའི་རྩོམ་པ་པོ་ནི་རྒྱའི་ཤེས་ཡོན་པ་གྲགས་ཅན་ཝང་ཁའེ་ལིན་རེད།དེབ་དེའི་ནང་རྩོམ་པ་པོས་ཨུ་རུ་སུའི་རྩོམ་མཁན་ཐོ་སི་ཐོ་ཡེ་ཧྥོའུ་སི་ཅི་ཡི་སྒྲུང་རིང«ཉེས་པ་དང་ཆད་པ»[3]ཞེས་པར་དཔྱད་ཐུང་ཞིག་བྲིས་འདུག  དཔྱད་ཐུང་གི་ནང་དུ་དྲི་བ་ལྔ་དྲིས་འདུག་པ་གཤམ་གསལ་ལྟར།

༡མི་བསད་ན་ནག་ཉེས་ཡོད་དམ་མེད།༢སྤྱི་ཚོགས་ལ་ཕན་པ་མེད་པའམ་གནོད་པ་ཆེ་བའི་མི་བསད་ན་ནག་ཉེས་ཡོད་དམ་མེད།༣དམིགས་འབེན་རིང་བོའམ་མིའི་རིགས་ལ་བདེ་སྐྱིད་བསྐྲུན་པའི་ལྟ་གྲུབ་ཀྱི་ཆེད་མི་ལ་མི་གཞན་ཞིག་གསོད་པའི་དབང་ཆ་ཡོད་དམ་མེད།༤ལོ་རྒྱུས་སྟེང་གི་མི་སྣ”རླབས་ཆེན”ཡོད་ཚད་ཀྱི་ལག་མགོས་སེམས་ཅན་གྱི་ཁྲག་དམར་དཀྲུགས་ཏེ་རྐང་མགོས་རི་ལྟར་སྤུངས་པའི་མི་རོ་བརྫིས་ནས་ཁྲི་ལ་འཛེགས་ཤིང་རྒྱལ་ཁ་བླངས།མི་རབས་རྗེས་མས་ཁོ་ཚོར་དད་གུས་དང་བསྟོད་བསྔགས་བྱས།ཡིན་ཡང་ཁོ་ཚོའི་རྒྱལ་ཁ་ཡོད་ཚད་མི་གསོད་པ་དང་བྲལ་ཐབས་མེད།དོན་དངོས་སུ་ཁོ་ཚོ་ནི་ཉེས་ཅན་རེད་དམ་དཔའ་བོ་རེད།༥འབངས་མི་ཕལ་བ་ཞིག་གིས་མི་བསད་གྱུར་ན།ཐ་ན་གཟས་ནས་བསད་པ་མིན་ཡང་ཉེས་ཆད་འཁུར་དགོས་པ་རེད།འོན་ཀྱང་མི་སྣ”རླབས་ཆེན”ཚོས་གཞི་རྒྱ་ཆེན་པོའི་ངང་འཛེམ་མེད་དུ་མི་བསད་ཀྱང་།དངོས་ཡོད་འཚོ་བའི་སྟེང་ཚད་བཀག་མི་ཐེབས་པ་མ་ཟད་ལོ་རྒྱུས་སྟེང་དུའང་ལས་སླ་བོའི་ངང་ཉེས་ཆད་ལས་ཐར་ཐུབ།འདི་ཡང་རྒྱུ་མཚན་ཅི་ལ་ཐུག  ཅིའི་ཕྱིར་འདི་ལྟ་བུའི་འགལ་བ་ལྟག་སྤྲོད་དུ་སོང་བའི་རིན་ཐང་དབྱེ་གཅོད་ཅིག་ཡོད་པ་རེད།

ཝང་ཁའེ་ལིན་གྱིས་སྒྲུང་གཏམ་གྱི་མི་སྣ་གཙོ་བོ་ལཱ་སི་ཁེར་ནེའུ་ཁི་ཧྥུའུ[4]ཡི་བྱ་བྱེད་དང་སེམས་ཁམས་ཞིབ་འབྲི་གཞིར་བཟུང་ནས་དྲི་བ་འདི་དག་ལ་ལན་བཏབ་འདུག  སྒྲུང་གཏམ་དེའི་མི་སྣ་གཙོ་བོ་ནི་སློབ་གྲྭ་ཆེན་མོའི་སློབ་མ་ཞིག་རེད།རྒྱུ་རྐྱེན་དུ་མའི་དབང་གིས་སློབ་གྲྭས་ཁོ་རང་སྒོར་བསྐྲད་པ་རེད།ཁོ་ནི་ཁྱིམ་ཚང་དབུལ་བོ་ཞིག་ནས་སྐྱེས་པས་འཚོ་བར་དཀའ་ཁག་ཧ་ཅང་ཆེ།བསམ་བློ་གཏོང་ཕྱོགས་དང་དད་མོས་བྱ་ཡུལ་ལ་ནོར་འཁྲུལ་ཤོར་བས་ཁོས་རྒན་མོ་ལོ་ལོན་ཞིག་བསད་དེ་མོའི་དོང་ཙེ་ཡོད་ཚད་འཕྲོགས་པ་རེད།སྐབས་དེར་ཁོའི་སེམས་སུ་དོན་དག་དེ་འགྲུབ་རྗེས་མི་ཚེ་གང་བོར་མི་བཟང་བོ་ཞིག་བྱས་ཏེ་མིའི་རིགས་ཀྱི་མི་ཇུས་འོས་འགན་ནན་ནན་ཏིག་ཏིག་གིས་ལག་ལེན་དུ་བསྟར་བར་དམ་བཅའ་བཞག  འོན་ཀྱང་མི་བསད་རྗེས་རྒྱུ་འབྲས་འཁོར་ཏེ་ནང་སེམས་སུ་སྡུག་བསྔལ་བཟོད་གླགས་བྲལ་བ་སྐྱེས་མཐར་རང་འགུལ་གྱིས་ཁྲིམས་འོག་ཏུ་སྒུར་ནས་རང་ཉེས་ངོས་ལེན་མི་བྱེད་ཀ་མེད་བྱུང་།ཁོས་དེ་ལྟར་དཀའ་སྡུག་དང་ཉེས་ཆད་ཁུར་ཏེ་རང་ཉིད་ཀྱི་ནག་ཉེས་བཤག་པར་འབད།

ཝང་ཁའེ་ལེན་གྱི་གོ་བ་ལེན་ཕྱོགས་ལྟར་ན«ཉེས་པ་དང་ཆད་པ»ཡི་མི་སྣ་གཙོ་བོར་ནག་ཉེས་ཡོད་མེད་ནི་ཁོའི་ཉེས་པའི་ཡང་ལྕིའི་སྟེང་ན་མེད་པར།ཁོའི་དབང་ཤུགས་ཀྱི་མཐོ་དམན་དང་སྨྲ་བརྗོད་ཀྱི་དབང་ཆ་ལ་འབྲེལ་བ་ཡོད།གལ་ཏེ་མི་སྣ་གཙོ་བོས་རྒན་མོ་ལོ་ལོན་ཞིག་བསད་དེ་དོང་ཙེ་ཡོད་ཚད་འཕྲོགས་པ་ནི”ཐུན་མོང”གི་ཁེ་ཕན་ནམ་ཡང་ན”རིང་ལུགས”གང་ཞིག་གི་དགོངས་པ་དང་མཐུན་ན་དེ་ནི་རླབས་ཆེན་གྱི་བྱ་བ་ཞིག་ཏུ་མི་བརྩི་བའི་ངེས་པ་གཏན་ནས་མེད།གཞན་གྱིས་དེ་ལྟར་བརྩི་བ་མ་ཟད།མི་གསོད་ལག་དམར་ཁོ་རང་གིས་ཀྱང་མི་བསད་པ་དེ་འཁྲུལ་མེད་ཡང་དག་གི་བྱ་བ་ཞིག་ཏུ་བསམ་པ་རེད།

དཔེར་ན་ཧེ་ཐི་ལི་ཡི་བསམ་བློ་ཁྱབ་སྒྲོག་མཁན་ཀི་ཕེར[5]བཟའ་ཟླ་གཉིས་ཀྱིས་རང་སྲོག་གཅོད་སྐབས་རང་གི་བུ་ལ་བྲིས་པའི་འཕྲིན་ཡིག་ཏུ”མ་འོངས་པར་ཁྱེད་ཚོས་ང་ཚོའི་བེམ་པོ་རྡོ་ཀ་མ་རུའི་རོ་སྒམ་དུ་འཇོག་སྲིད”ཅེས་རང་ཉིད་ལ་གདེང་འཇོག་ཚད་མཐོན་པོ་བྱས་ཡོད།འདི་འདྲའི་ང་རྒྱལ་དང”རང་རྟོན།”གཞན་དྲིང་མི་འཇོག་པའི”བློ་སྤོབས”ཤིག་ཇི་ལྟར་སྐྱེས་པ་རེད།དེ་ནི”ཡིད་ཆེས”རེད།དེ་ནི”དད་པ”རེད།ཧེ་ཐི་ལིའི་རྗེས་འབྲང་བ་ཞིག་ཡིན་ཕྱིན་ཧེ་ཐི་ལི་ནི་སྐྱོན་ཀུན་ཟད་དང་ཡོན་ཏན་ཀུན་རྫོགས་ཀྱི་སྐྱེས་བུ་ཁྱད་དུ་འཕགས་པ་ཞིག་ཏུ་བརྩིས་ཡོད་པ་རེད།དེ་མིན་ཚེ་ཁོའི་དྲག་སྤྱོད་དང་གཉའ་གནོན།མནར་གཅོད་དང་ཁྱད་གསོད་སོགས་ཀྱིས་མཚོན་པའི་སྐྱི་གཡའ་བའི་བསམ་སྦྱོར་དེ་སུ་ཞིག་གིས་བཟོད་བསྲན་བྱེད་ཐུབ།ཁོ་ཚོའི་སེམས་སུ་ཧེ་ཐི་ལི་ཡི་བསམ་སྦྱོར་ཐམས་ཅད་ནི་ཁྲིམས་མཐུན་ལུགས་མཐུན་ཞིག་ཡིན་པ་མ་ཟད།གཞན་གྱིས་ཚབ་བྱེད་མི་ཐུབ་པའི”གསར་གཏོད་རང་བཞིན”གྱི་འགྲོ་དོན་སྒྲུབ་སྟངས་ཤིག་ཏུ་འདོད་ཡོད།ཁོ་ཚོས་ཧེ་ཐི་ལི་ཡིས་བཤད་བཤད་ཐམས་ཅད་བདེན་པ་དང་ལས་ལས་ཐམས་ཅད་དྲང་བདེན་དུ་བརྩིས་པ་མ་ཟད།རང་རིགས་ནི་རིགས་རུས་མཆོག་ཏུ་གྱུར་བ་ཞིག་ཡིན་པ་དང་།གཞན་རིགས་ནི་ཀླ་ཀློ་དང་དམན་པའི་རིགས་ཡིན་པས་རང་རིགས་ཀྱིས་གཞན་རིགས་དབང་འོག་ཏུ་བསྒྱུར་བ་ནི་ཚུལ་མཐུན་ལུགས་མཐུན་ཡིན་པ་མ་ཟད།གཞན་རིགས་ཀྱི་བསོད་ནམས་སུ་བསམ་ཆོག་པའི་ཐུན་མོང་གི་འདུ་ཤེས་ཡ་མཚན་ཞིག་ཁོ་ཚོའི་རྒྱུད་ལ་ཆགས་ཡོད་པ་རེད།དཔེར་ན་ཀི་ཕེར་གྱིས་རང་གི་ཆུང་མ་དང་ནར་མ་སོན་པའི་བུ་ཕྲུག་དྲུག་པོའང་རང་ཉིད་དང་འདྲ་བར་ཧེ་ཐི་ལི་ཡི་ཆེད་དུ་འཆི་དགོས་ཚུལ་བཤད་དུས།ཆུང་མའང་མོས་མཐུན་བྱུང་བ་མ་ཟད་མོ་རང་ཉིད་ཀྱིས་བུ་ཕྲུག་དྲུག་པོར་དུག་བླུད་དེ་བསད་པ་རེད།མོའི་སྐད་ཆ་ལྟར་ན”ངས་དངོས་སུ་ཁོ་ཚོ་མ་རུང་བའི་འཇིག་རྟེན་ལས་ཐར་དུ་འཇུག་དགོས།”༼དྲི་མེད་ཀུན་ལྡན་གྱི་བསམ་སྦྱོར་ཡང་འདི་དང་འདྲ་བོ་འདུག༽དེ་འདྲའི”ཡིད་ཆེས་དང་དད་སེམས”ཤིག་ཡོད་པས་ད་གཟོད་ཧེ་ཐི་ལི་ནི་ཁོ་ཚོའི”སྐྱབས་མགོན་དང་སངས་རྒྱས”སུ་གྱུར་བ་རེད།ཧེ་ཐི་ལི་རང་ཉིད་ཀྱི་སེམས་སུའང་རང་ཉིད་ལ་ཉེས་པ་དང་ནོར་འཁྲུལ་ཞིག་ཡོད་པར་གཏན་ནས་འདོད་མི་སྲིད་པ་རེད།གལ་ཏེ་དེ་ལྟར་འདོད་ན་ཁོ་ལ་ནག་ཉེས་དེ་དག་གསོག་པའི་སྤོབས་པ་མེད་པ་མ་ཟད།རང་ཉིད་ཀྱི་ལས་བྱས་ཐམས་ཅད་ཡང་དག་ཡིན་པའི་ཡིད་ཆེས་དང་དད་པ་དེའང་མེད་འགྲོ།

«ཉེས་པ་དང་ཆད་པ»ཡི་མི་སྣ་གཙོ་བོར་རྒན་མོ་ལོ་ལོན་ཞིག་བསད་དེ་དོང་ཙེ་འཕྲོག་པའི་སྤོབས་པ་དང་ཡིད་ཆེས་དེ་སུས་བྱིན་པ་རེད་ཅེ་ན།དེ་ནི་ཎ་ཕོ་ལོན་གྱིས་བྱིན་པ་རེད།ཁོའི་སེམས་སུ་འཇིག་རྟེན་དུ་རླབས་ཆེན་གྱི་སྐྱེས་བུ་ནི་སྐྲག་རྒྱུ་འཇིགས་རྒྱུ་མེད་པ་དང་ཡོད་ཚད་མིག་ལམ་དུ་མི་འཇོག་མཁན་ཞིག་ཡིན་དགོས་སྙམ།མ་འོངས་པའི་རྒྱང་རིང་གི་དམིགས་འབེན་དང་ཕུགས་བསམ་གྱི་ཆེད་དུ་རྒན་མོ་ལོ་ལོན་ཞིག་བསད་པ་ནི་ཅི་ཡང་མ་རེད་སྙམ།དེ་ནི་གནོད་འབུ་ཆུང་ཆུང་ཞིག་བསད་པ་ཙམ་རེད།ཁོས་དེ་ལྟར་མི་གསོད་ཀྱི་ལམ་ཁ་བདམས་པ་རེད།འོན་ཀྱང་ཁོ་ནི་མི་བུ་སྒེར་བ་ཞིག་ཡིན་པས་ཉེས་པའང་མི་སྒེར་གྱིས་འཁུར་དགོས།ཚོགས་པ་དང་ཐུན་མོང་།རིང་ལུགས་དང་གྲུབ་མཐའ་སོགས་ཀྱི་ཁེ་ཕན་དང་དགོངས་པར་ཐད་ཀར་འབྲེལ་བ་མེད་པས་ཁོས་མི་བསད་པ་ནི་ནག་ཉེས་སུ་གྱུར་བ་མ་ཟད།ཁོ་རང་ཉིད་ཀྱིས་ཀྱང་ནག་ཉེས་ཁས་ལེན་བྱས་པས་སྡུག་བསྔལ་ཚད་མེད་སྐྱེས་པ་རེད།ཁོ་ནི་དོན་དམ་གྱི་མི་གསོད་མཁན་ཞིག་མིན་པ་བདེན་དཔང་བྱས་པ་རེད།གལ་ཏེ་རྒན་མོ་ལོ་ལོན་དེ་གསོད་མཁན་ནི་ཀི་ཕེར་དང་ཎ་ཕོ་ལོན་སོགས་ཡིན་པའི་དབང་དུ་བཏང་ན།ཁོ་ཚོར་སྒྲུང་ནང་གི་མི་སྣ་གཙོ་བོ་ལྟར་སྡུག་བསྔལ་དང་འགྱོད་སེམས་བཟོད་གླགས་བྲལ་བ་སྐྱེ་མི་སྲིད་པ་རེད།རྒྱུ་མཚན་ནི་ཁོ་ཚོའི་རྒྱབ་ཏུ་ཚོགས་པ་དང་རིང་ལུགས་གང་ཞིག་གི་རྒྱབ་རྟེན་ཡོད་པས་རེད།

ད་ཐེངས«འདས་ལོག»ཅེས་པའི་སྒྲུང་རིང་འདི་བཀླགས་རྗེས།«ཉེས་པ་དང་ཆད་པ»ཡི་མི་སྣ་གཙོ་བོ་དང«འདས་ལོག»གི་མི་སྣ་གཙོ་བོ་གཉིས་ལ་འདྲ་བའི་ཆ་མང་བོ་འདུག་པ་རྟོགས།ཁོ་གཉིས་ཀྱིས་ཉེས་པ་གསོག་སྐབས་ཀྱི་འདང་རྒྱག་སྟངས་དང་།ཉེས་པ་བསོགས་རྗེས་ཀྱི་འགྱོད་བཤག་བྱེད་སྟངས་སོགས་ཚད་ངེས་ཅན་ཞིག་གི་སྟེང་ནས་འདྲ་འདྲ་རེད།འོན་ཀྱང་གཏམ་རྒྱུད་ཀྱི་བྱུང་རིམ་སྒྲིག་གཞི་དང་ལྷུག་བརྗོད་བྱེད་སྟངས་སོགས་ལ་ཁྱད་པར་ཆེན་པོ་ཡོད་པ་རེད།ཐོག་མར«འདས་ལོག»ལ་རྒྱུས་ལོན་རགས་ཙམ་བྱ།

«འདས་ལོག»ནི༡༩༨༩ལོར་འབྲི་འགོ་བརྩམས་པ་དང༡༩༩༩ལོར་ལེགས་འགྲུབ་བྱུང་བ་རེད།བརྩམས་སྒྲུང་འདི་ནི་དངོས་བྱུང་གི་གཏམ་རྒྱུད་ཅིག་རྨང་གཞིར་བཟུང་ནས་བྲིས་པ་རེད།རྩོམ་པ་པོས་ཁྲིམས་དཔྱོད་པ་ཁུ་ནེ་ཡི་ཁ་ནས་གཏམ་རྒྱུད་འདི་འདྲ་ཞིག་ཐོས་མྱོང་སྟེ།”ན་གཞོན་སྐུ་དྲག་ཅིག་གིས་རང་གི་ཨ་ནེ་ཚང་གི་གཡོག་མོར་ལོག་གཡེམ་བྱས་པ་དང་།གཡོག་མོ་དེར་མངལ་སྦྲུམ་པས་ཨ་ནེ་ཚང་གིས་སྒོར་བདའ་བ་རེད།རྗེས་ནས་གཡོག་མོ་དེ་སྨད་འཚོང་མ་རུ་གྱུར་བ་མ་ཟད།ཁྲིམས་ཁང་གིས་གཞན་གྱི་སྒོར་མོ་བརྐུས་པར་ཁ་གཡར་ནས་ཁྲིམས་ཐག་བཅད་དེ་ཞི་པུ་ལི་ཡ[6]་རུ་རྒྱང་འབུད་བཏང་།མོར་ཁྲིམས་ཐག་གཅོད་སྐབས་ན་གཞོན་སྐུ་དྲག་དེ་འདྲི་གཅོད་ལས་རོགས་པའི[7]གྲལ་དུ་ཡོད་ལ།རང་ཉིད་ཀྱིས་སྔོན་ཆད་ལོག་གཡེམ་བྱས་མྱོང་བའི་བུད་མེད་དེ་མཐོང་བས་སེམས་ནས་མ་བཟོད་པར་ཁྲིམས་དཔོན་ལ་རང་ཉིད་ཀྱིས་མོ་དང་གཉེན་སྒྲིག་བྱ་འདོད་ཀྱི་རེ་འདུན་ཞུས།ཐབས་ལམ་འདི་ལ་བརྟེན་ནས་རང་ཉིད་ཀྱི་བྱས་ཉེས་ཡོད་ཚད་ལ་འགྱོད་བཤག་བྱ་འདོད་པ་རེད།”ལེ་ཧྥུའུ་ཐོར་སི་ཐའེ་གཏམ་རྒྱུད་འདི་ལ་སྤྲོ་བ་ཆེན་པོ་སྐྱེས་ཏེ༡༩༩༥ལོའི་ཡར་སྔོན་དུ་བརྩམས་སྒྲུང་འདིའི་མ་གདན་གྲུབ་ཟིན་པ་རེད།༡༩༩༥ལོའི་ཉིན་ཐོ་ཞིག་ཏུ་ཁོང་གིས«འདས་ལོག»བརྩམས་ཆོས་ལེགས་པོ་ཞིག་ཏུ་མ་ཕྲིས་ཚུལ་དང་དེའི་རྒྱུ་རྐྱེན་གསལ་བོར་བྲིས་འདུག”འདིའི་སྔོན་དུ་འཆམ་འཆམ་ལ་འགྲོ་སྐབས།གློ་བུར་དུ་ངས«འདས་ལོག»མི་ཕྲིས་པའི་རྒྱུ་མཚན་ཤེས་སོང་།་་་་་་་་ངེས་པར་དུ་ཞིང་བ་མང་ཚོགས་ཀྱི་འཚོ་བ་ནས་འགོ་བཟུང་སྟེ་བྲི་དགོས།ཁོ་ཚོ་ནི་ཁ་གཏད་ཡུལ་དང་དྲང་ཕྱོགས་ཀྱི་གྲུབ་ཆ་རེད།གཞན་ཚང་མ་ནི་གྲིབ་མ་དང་ལྡོག་ཕྱོགས་ཀྱི་གྲུབ་ཆ་རེད།”རྒྱུ་མཚན་འདིའི་དབང་གིས་འགྱོད་བཤག་བརྗོད་གཞིར་བཟུང་བའི་ཀུན་སྤྱོད་ཀྱི་སྒྲུང་གཏམ་དེ་བྲིས་ཀྱིན་བྲིས་ཀྱིན་རིམ་བཞིན་ཆབ་སྲིད་དང་དཔལ་འབྱོར།ཆོས་ལུགས་དང་ཁྲིམས་ལུགས་སོགས་ཁྱབ་ཁོངས་སྣ་མང་དུ་གཏོགས་པའི་སྒྲུང་རིང་ཞིག་ཏུ་གྲུབ་པ་རེད།

སྒྲུང་རིང་འདིའི་བྱུང་རིམ་ནི་ན་གཞོན་སྐུ་དྲག་ཉེ་ཧོ་ལུའུ་ཏོ་ཧྥོ་[8]ཡི་ཐོག་མའི་འཆལ་སྤྱོད་དང་བར་མའི་ཐེ་ཚོམ།ཐ་མའི་འགྱོད་བཤག་བཅས་གཏམ་རྒྱུད་ཀྱི་དུས་ཚོད[9]་ཀྱི་གོ་རིམ་ལྟར་སྤེལ་ཡོད་ཀྱང་།སྨྱུག་ཁ་བསྒྱུར་ཡུལ་གཙོ་བོ་ནི་མི་སྣའི་བྱ་བྱེད་དང་སེམས་ཁམས་ཞིབ་འབྲི་དང་།ཞིང་བ་མང་ཚོགས་ཀྱི་འཚོ་བའི་བརྙན་རིས་ཀྱི་འབྲི་བཞེངས་སོགས་ཡིན་པ་མ་ཟད།སྤྱི་ཚོགས་ཀྱི་རིམ་པ་མི་འདྲ་བ་དང་ས་གནས་མི་འདྲ་བ།ལས་གནས་མི་འདྲ་བ་དང་མི་སྣ་མི་འདྲ་བ་སོགས་བསྡུར་བ་བྱས་ཏེ་བྲིས་ཡོད་པས་དམ་ལྷོད་ཕྲ་རགས་ཀྱི་དབྱངས་འགྲོས་ཤིག་རང་བཞིན་གྱིས་གྲུབ་ཡོད་སྙམ།གཏམ་རྒྱུད་ཀྱི་དུས་ཚོད་ནི་ཟླ་འགའ་ལས་སོང་མེད་ཀྱང་དོན་བརྗོད་ཀྱི་དུས་ཚོད[10]རིང་བོར་བསྲིངས་པས་རྩོམ་པ་པོས་ལོ་ངོ་བཅུའི་དུས་ཚོད་སྤྱད་དེ་འབྲི་དགོས་བྱུང་བ་རེད།བརྩམས་ཆོས་འདི་ལྟ་བུར་མཚོན་ན་དོན་གྱི་བྱུང་རིམ་གཙོ་བོར་བཟུང་མེད་པར་འཚོ་བའི་གྲུབ་ཆ་དང་ཟ་ཟུར་མང་བོ་ཞིག་དབེན་དུ་བཟུང་ནས་མིའི་རིགས་སམ་མི་རིགས་གང་ཞིག་གི་འཚོ་བའི་གནས་སྟངས་ངོ་མ་དང་ཚེ་སྲོག་གི་གནས་སྟངས་དམར་རྗེན་ཞིག་སྟོན་རྒྱུ་དེ་གཙོ་བོར་བཟུང་འདུག་སྙམ།གལ་ཏེ་གཏམ་རྒྱུད་ཀྱི་བྱུང་རིམ་ཙམ་གཙོ་བོར་བཟུང་ན་འདི་ནི་སྒྲུང་འབྲིང་ཞིག་ལས་སྒྲུང་རིང་ཞིག་ཏུ་འབྲི་ཐབས་མེད་པ་མ་ཟད།བརྩམས་ཆོས་ལེགས་པོ་ཞིག་ཏུ་དེ་བས་ཀྱང་ཡོང་དཀའ།

སྒྲུང་རིང་འདིའང«ཉེས་པ་དང་ཆད་པ»དང་འདྲ་བར་མི་སྣ་གཙོ་བོ་ན་གཞོན་སྐུ་དྲག་ཉེ་ཧོ་ལུའུ་ཏོ་ཧྥོ་ཡི་རུལ་སུངས་ཀྱི་འཚོ་བ་དང་ཁོའི་སྤྱོད་པ་འཆལ་བོ་ཡིས་གཡོག་མོ་མཱ་སི་ལོ་བ[11]་ཡི་ལང་ཚོ་དང་བདེ་སྐྱིད་བརླགས་པས་ཁོས་ཉེས་པ་དེ་བཤག་ཆེད་མཱ་སི་ལོ་བ་དང་གཉེན་སྒྲིག་བྱ་རྒྱུར་དམ་བཅས་ཏེ།མོའི་གྱོད་དོན་གྱི་ཆེད་དུ་ཞིང་དཔོན་དང་ཁྲིམས་དཔོན།བཙོན་བདག་དང་ཁྲིམས་དཔྱོད་པ།དམངས་ཁྲོད་དང་ཞིང་ཆེན་གཞན་སོགས་ཕྱོགས་སོ་སོར་རྒྱུགས་ནས་གཏུགས་བཤེར་བྱས།གཏུགས་བཤེར་གྱི་གོ་རིམ་ཁྲོད་འཕྲད་པའི་མི་སྣ་མི་འདྲ་བ་དང་ས་ཆ་མི་འདྲ་བ།འཚོ་བ་རོལ་སྟངས་མི་འདྲ་བ་དང་བསམ་བློའི་གོ་རྟོགས་མི་འདྲ་བ་སོགས་ཞིབ་འབྲི་བྱས་ཏེ་སྐུ་དྲག་གམ་མཐོ་རིམ་སྤྱི་ཚོགས་ཀྱི་རུལ་སུངས་དང་འཆལ་སྤྱོད་དམར་རྗེན་དུ་བྲིས་པ་མ་ཟད།ཞིང་བ་མང་ཚོགས་སྟེ་འབངས་མི་ཕལ་བའི་འཚོ་བའི་གནས་སྟངས་ཉམ་ང་བ་དང་ཡིད་སྐྱོ་བའི་རྣམ་པ་སྒྱུ་རྩལ་གྱི་མཚོན་ཐབས་སྤྱད་ནས་མཚོན་ཡོད།ཉེ་ཧོ་ལུའུ་ཏོ་ཧྥོ་ལྟ་བུའི་འཚོ་བ་རོལ་སྟངས་ནི་དཀོན་མཆོག་གིས་གནང་བར་ཡིད་ཆེས་བྱེད་ལ།ཞིང་བ་མང་ཚོགས་ཀྱི་འཚོ་བ་རོལ་སྟངས་དེའང་དཀོན་མཆོག་གིས་གནང་བར་ཡོད་ཆེས་བྱེད།དེ་ནི་སྐུ་དྲག་ཁོ་ནའི་འདོད་ཚུལ་ཞིག་མིན་པར་འབངས་མི་ཕལ་བའི་འདོད་ཚུལ་ཡང་དེ་རེད།ཉེ་ཧོ་ལུའུ་ཏོ་ཧྥོ་དམངས་ཁྲོད་དུ་སོང་ནས་ས་བདག་གི་ལམ་ལུགས་བསྒྱུར་ཏེ་ས་ཞིང་ཞིང་བ་ཡོངས་ལ་དབང་བའི་གྲོས་གཞི་བཏོན་ཀྱང་ཞིང་བ་ཚོས་དང་ལེན་དང་ཡིད་ཆེས་བྱེད་མི་ཐུབ་པ་རེད།སྐུ་དྲག་ཚོས་རྒྱས་ཟ་རྒྱས་འཐུང་གི་རྒྱས་སྤྲོས་ཀྱི་འཚོ་བ་རོལ་བ་ནི་ཁྲིམས་མཐུན་ལུགས་མཐུན་དང་ཡིན་ཆོག་ཆོག་གི་བདེན་པ་ཞིག་ཏུ་གྲུབ་ནས་ཡོད་པས་སྐུ་དྲག་ཚོའི་ཁྲོད་དུ་ཐེ་ཚོམ་དང་ཕྱིར་རྟོག་བྱེད་མཁན་མེད་ལ།འབངས་མི་ཚོའི་ཁྲོད་དུ་དེ་ལ་འཁང་ར་དང་ངོ་རྒོལ་བྱེད་མཁན་དེ་བས་ཀྱང་མེད།ཐ་ན་ཉེ་ཧོ་ལུའུ་ཏོ་ཧྥོ་ཡིས་མཱ་སི་ལོ་བ་ལ་ལོག་གཡེམ་བྱས་པ་དེའང་སྐུ་དྲག་ཚོའི་སྣང་ངོར་གླེང་རིན་མེད་པའི་དོན་ཕྲན་ཚེགས་ཤིག་ཏུ་འགྱུར་བ་རེད།སྐུ་དྲག་གམ་མཐོ་རིམ་སྤྱི་ཚོགས་ཀྱིས་སྐྱིད་རྒྱག་པ་དང་དམའ་རིམ་འབངས་མི་ཡིས་དཀའ་སྡུག་མྱོང་བ་ནི་ལས་དབང་དང་དཀོན་མཆོག་གིས་ཐག་བཅད་ཟིན་པའི་གནས་ལུགས་ཤིག་ཏུ་ཆགས་ཚར་བ་རེད།དེ་བས།གལ་ཏེ་གནས་ལུགས་འདི་དང་འགལ་བའི་བྱ་བ་སྒྲུབ་མཁན་གྱི་མི་ཞིག་བྱུང་ཚེ་དེ་ནི་ངོ་ལོག་པ་དང་ལྟ་ལོག་པ།ཉེས་ཅན་དང་ཁྲམ་པ་རུ་བགྲང་ནས་ཐུན་མོང་གི་ཁ་རླངས་ཀྱིས་གསོད་རྩིས་བྱེད་པ་རེད།གང་ལྟར་བཙོན་མ་ཞིག་ལ་ཉེས་པ་ཡོད་མེད་དང་ཉེས་པའི་ཡང་ལྕི་སོགས་ནི་བཙོན་མ་དེའི་རྒྱབ་ན་མི་ཇི་འདྲ་ཞིག་ཡོད་པའམ་ཚོགས་པ་གང་འདྲ་ཞིག་གི་རྒྱབ་སྐྱོར་ཐོབ་མིན་ལ་ཐུག་ཡོད་པ་རེད།འདི་ནི«ཉེས་པ་དང་ཆད་པ»དང་ཆེས་འདྲ་བའི་ཆ་རེད།མི་སྒེར་ཕལ་བ་ནི་ནམ་ཡང་མི་སྒེར་ཕལ་བ་ཞིག་རེད།མཱ་སི་ལོ་བ་ནི་ནམ་ཡང་མཱ་སི་ལོ་བ་ལས་སྐུ་དྲག་གི་གྲལ་དུ་འགྲོ་ཐབས་མེད།ལཱ་སི་ཁེར་ནེའུ་ཁི་ཧྥོའུ་ནི་ནམ་ཡང་ལཱ་སི་ཁེར་ནེའུ་ཁི་ཧྥོའུ་ཡིན་པས་མི་གསོད་ལག་དམར་ཞིག་ལས་མི་སྣ་རླབས་ཆེན་ཞིག་ཏུ་འགྱུར་ཐབས་མེད།དེ་བཞིན་ཉེ་ཧོ་ལུའུ་ཏོ་ཧྥོ་ནི་ནམ་ཡང་ཉེ་ཧོ་ལུའུ་ཏོ་ཧྥོ་ཡིན་པས་མཱ་སི་ལོ་བ་དང་མཚུངས་རྟགས་འགོད་ཐབས་མེད།མཐའ་མར་ཁོ་ཚོ་རང་རང་སར་མི་འགྲོ་ཀ་མེད་བྱུང་།ཎ་ཕོ་ལོན་དང་ཁེ་སཱ།ཧེ་ཐི་ལི་སོགས་ནི་ནམ་ཡང་ཚོགས་པ་ཞིག་དང་རིང་ལུགས་ཤིག་གི་ཚབ་བྱེད་ཡིན་པས་ཁོ་ཚོས་མི་བསད་པ་དེ་དོན་མཐུན་ཡིན་པས་ལཱ་སི་ཁེར་ནེའུ་ཁི་ཧྥོའུ་དང་མཚུངས་ཐབས་མེད།

བརྩམས་སྒྲུང་འདིའི་མཐར་ཐུག་གི་འབབ་ས་ནི་ཚེ་སྲོག་གི་གནས་སྟངས[12]་རེད་སྙམ།ཚེ་སྲོག་གི་གནས་སྟངས་བརྗོད་པའི་བརྩམས་ཆོས་ཤིག་ཡིན་ཕྱིན་བསྒྲིབས་ཟིན་པའི་ཚེ་སྲོག་གི་གནས་སྟངས་དང་གབ་ཟིན་པའི་ཚེ་སྲོག་གི་གནས་སྟངས།བརྗེད་ཟིན་པའི་ཚེ་སྲོག་གི་གནས་སྟངས་དང་དོར་ཟིན་པའི་ཚེ་སྲོག་གི་གནས་སྟངས་སོགས་སྒྱུ་རྩལ་སྣང་བརྙན་གྱི་ལམ་ནས་མཚོན་ཐུབ་རྒྱུ་གལ་ཆེན་ནང་གི་འགངས་ཆེན་རེད།བརྩམས་ཆོས་འདིའི་ནང་དུ་རྩོམ་པ་པོས་ཚེ་སྲོག་ཕལ་བའི་འཚོ་བའི་གནས་སྟངས་དང་སྐུ་དྲག་གི་འཚོ་བའི་གནས་སྟངས་གཉིས་གཤིབ་བསྡུར་གྱི་ལམ་ནས་ཞིབ་འབྲི་བྱས་པས་ཀློག་པ་པོར་ཚེ་སྲོག་གི་མྱོང་རྟོགས[13]ཟབ་མོ་ཞིག་སྟེར་བ་མ་ཟད།མཉམ་འུར་ཡང་མི་ཆུང་བ་ཞིག་བསླང་ཐུབ།སྒྱུ་རྩལ་བརྩམས་ཆོས་ཁྲོད་ཀྱི་ཚེ་སྲོག་གང་དང་གང་ཡིན་ཡང་དེ་ལ་གོ་ལོན་བྱེད་ཐུབ་པ་དང་སྙིང་རྗེ་སྐྱེ་བ།གདུང་སེམས་མཉམ་སྐྱེད་དང་སྐྱིད་སྡུག་ཁྱབ་མཉམ་དུ་བལྟ་ཐུབ་རྒྱུ་ཤིན་ཏུ་གལ་ཆེ།མི་སྣ་ཞིག་གི་སྒྱུ་རྩལ་སྣང་བརྙན་བཞེངས་བསྐྲུན་བྱེད་སྐབས་དྲང་ཕྱོགས་དང་ལྡོག་ཕྱོགས།དྲང་ལྡོག་གང་ཡང་མིན་པའི་ངོས་བཅས་ཕྱོགས་གསུམ་ནས་འབྲི་ཐུབ་ན་མི་སྣ་དེ་ཤ་དར་ཁྲག་དར་དང་ཚེ་སྲོག་གི་སྟོབས་ཀྱིས་ཕྱུག་པ་ཞིག་ཏུ་འགྱུར་ངེས།དཔེར་ན་ལེ་ཧྥུའུ་ཐོར་སི་ཐའེ་ཡི་སྨྱུག་འོག་གི་ཨན་ཎ[14]་དང་ཧྥི་ལོའུ་པེ[15]་ཡི་སྨྱུག་འོག་གི་ཨེ་མཱ[16]ལྟ་བུ་རེད།བརྩམས་ཆོས་འདིའི་ནང་འཚོ་བའི་དོ་ར།མི་སྣའི་བྱ་བྱེད་དང་སེམས་ཁམས་སོགས་ཞིབ་འབྲི་བྱས་པ་ཧ་ལས་དགོས་པའི་ཚད་དུ་ཐོན་ཡོད་ཀྱང་།མི་སྣ་མང་བོ་ཞིག་གི་སྣང་བརྙན་ནི་ལྡོག་ཕྱོགས་ཀྱི་ངོས་ཁོ་ནར་གནས་པས་དེ་འདྲའི་སྒྱུ་རྩལ་གྱི་ཡིད་འགུག་ནུས་པ་ཐོན་མེད་སྙམ།མི་སྣ་གཙོ་བོ་ཉེ་ཧོ་ལུའུ་ཏོ་ཧྥོ་ལ་མཚོན་ནའང་མི་སྣའི་རང་གཤིས་ཀྱི་གྲུབ་སྟངས་དང་འགྱུར་ལྡོག་ལ་བཙན་ཤུགས་རང་བཞིན་ཞིག་མངོན་འདུག་སྙམ།དོན་བརྗོད་རིག་པའི་བཤད་སྲོལ་ལྟར་ན་རྩོམ་པ་པོའི་སྒྲ་སྐད[17]་དེ་ཤུགས་བསྟན་གྱི་རྩོམ་པ་པོའི་སྒྲ་སྐད[18]་ལས་ཤུགས་ཆེ་བར་སོང་བས་རྩོམ་གྱི་མི་སྣའི་རང་གཤིས་ལ་བཙན་སྒྲིག་གི་རང་བཞིན་ཡོད་པ་རེད།བརྩམས་ཆོས་འདིས་ཀུན་སྤྱོད་སློབ་གསོ་དང་ཁ་ཏའི་ཕྱོགས་སུ་སྨྱུག་ཁ་མང་བོ་བསྒྱུར་ཡོད་པས་ཀློག་པ་པོའི་བསམ་གཞིག་གི་བར་སྟོང་དོག་པོར་བཏང་འདུག་པའི་ཚོར་བ་སྟེར།རྩོམ་པ་པོ་རང་ཉིད་ཀྱི་ལྟ་གྲུབ་གསལ་བོར་བརྗོད་རྒྱུ་དེ་གཙོ་གནད་དུ་བཟུང་བས་བརྩམས་ཆོས་ཀྱི་སྒྱུ་རྩལ་རིན་ཐང་ལ་རྨ་ཕབ་ཡོད་སྙམ།ཉེ་ཧོ་ལུའུ་ཏོ་ཧྥོ་དང་མཱ་སི་ལོ་བ་གཉིས་ཀྱི་ཆེས་མཇུག་མཐའི་ལམ་ཁ་དེའང་མདོར་དེད་ན་རྩོམ་པ་པོས་རང་གི་ལྟ་གྲུབ་ལྟར་བཀོད་སྒྲིག་བྱས་པ་ཞིག་ཡིན་པ་ལས་གཏན་ཚིགས་དང་རྒྱུ་འབྲས་ཀྱི་དབང་གིས་ལམ་དེ་འདྲ་ཞིག་གདམ་དགོས་པའི་བདེན་པ་གྲུབ་མེད་སྙམ།

གང་ལྟར«འདས་ལོག»ནི«ཨན་ཎ་ཁ་ལེ་ཉིན་ཎ»[19]ལྟ་བུའི་སྒྱུ་རྩལ་བརྩམས་ཆོས་ཡ་མཚན་པ་ཞིག་ཏུ་གྲུབ་མེད་པའི་ཚོར་བ་ཞིག་དབང་མེད་དུ་བྱིན་སོང་།ཨན་ཎ་ནི་འཛམ་གླིང་རྩོམ་རིག་གླེང་ས་ཞིག་ཡིན་ཕྱིན་མ་གླེང་ཐབས་མེད་ཀྱི་མི་སྣ་ཞིག་ཏུ་གྱུར་ཡོད།འོན་ཀྱང་ཉེ་ཧོ་ལུའུ་ཏོ་ཧྥོ་ནི་དེ་དང་བསྡུར་ཐབས་མེད་པར་འདོད།ཤེས་དགོས་པ་ནི་སོ་སོར་རང་རང་གི་ཐུན་མིན་གྱི་ཁྱད་ཆོས་ཤིག་ཡོད་པ་ནི་སྨྲོས་མི་དགོས།

སྐད་ཆ་མང་ན་འཁྱལ་འགྲོ།སྐུད་པ་རིང་ན་ཆད་འགྲོ་བའི་དཔེ་ལྟར།སྒྲུང་རིང་འདིའི་བཀླགས་ཐོའི་འབྲི་མཚམས་འདི་ནས་འཇོག  གོང་གི་ཟིན་ཐོ་འདི་ནི་ཀློག་པ་པོ་ཕལ་བ་ཞིག་བརྩམས་ཆོས་གྲམས་ཅན་ཞིག་གི་ཁ་གཏད་དུ་ལངས་ཏེ་མཐོང་བའི་སེམས་ཚོར་ཐ་ཐོར་ཞིག་ཡིན།སྤྱིར་ན་ང་ལྟ་བུས་ལེ་ཧྥུའུ་ཐོར་སི་ཐའེ་མཆོག་གི་བརྩམས་ཆོས་ལ་བཀླགས་ཚོར་ཙམ་བྲིས་ཀྱང་དགོད་བྲོ་བའི་ཡུལ་ལས་ཅི་ཡང་མིན་མོད།ཀློག་པ་པོ་སུ་ཞིག་བརྩམས་ཆོས་དང་རྩོམ་པ་པོ་གང་ཞིག་གི་བྲན་གཡོག་དང་བཟུང་དམག་ཏུ་གྱུར་ཚེ།དེ་ནི་རེ་བ་དང་མདུན་ལམ་མེད་པའི་ཀློག་པ་པོ་སྡར་མ་ཝ་ལྟ་བུ་ཞིག་ཡིན་པ་ཐག་གིས་ཆོད།མཁས་པ་རྩད་ཅིང་མ་དྲིས་པ།དེ་ཡི་བར་དུ་གཏིང་མི་དཔོགས་ཞེས་པའི་གནས་ལུགས་ལྟར།ངེས་པ་དོན་གྱི་སྒྱུ་རྩལ་བརྩམས་ཆོས་གྲགས་ཅན་དག་གི་མདུན་ནས་རང་ཉིད་གཅེར་བུར་འབུད་ཐུབ་པའང་སྤོབས་པ་དང་རྣམ་འགྱུར་ཞིག་ཏུ་བསམ་ཅི་ལ་མི་ཆོག

༢༠༡༩ལོའི་ཟླ༣པའི་ཚེས༡༥ཉིན་འཕགས་པ་འབྲོང་གིས་ནུབ་བྱང་ནས།

 

[1] 《复活》

[2] 《跟随勇敢的心》

[3] 《罪与罚》

[4] 拉斯科尔尼科夫

[5] 戈培尔

[6] 西伯利亚

[7] 陪审员

[8] 涅赫柳多夫

[9] 故事时间

[10] 叙事时间

[11] 马斯洛哇

[12] 存在

[13] 生命体验

[14] 安娜

[15] 福楼拜

[16] 爱玛

[17] 作者声音

[18] 隐含作者声音

[19]《安娜卡列妮娜》