༄༅།། དགེ་རྒན་ཞིག་བྱེད་པའི་སེམས་ཚོར་རགས་ཙམ་གླེང་བ།

12/464

 

མ་རིག་མུན་པའི་རྨོངས་པ་སེལ་མཁན་དང་མི་རིགས་བཟོ་སྐྲུན་པ་ཞེས་མིང་རྫིག་པོ་ཤ་སྟག་བཏགས་མོད། འོན་ཏང་། མུན་པ་སེལ་མཁན་དང་བཟོ་སྐྲུན་པ་ཞིག་ཡིན་ཕྱིར། མུན་པ་སེལ་བྱ་གང་ཡིན་པ་དང་། བཟོ་རྒྱུའི་ཅ་ལག་གམ་སྐྲུན་རྒྱུའི་དངོས་པོ་ཅི་ཞིག་ཡིན་པ་གསལ་པོ་ཤེས་དགོས་ཤིང་། དྭངས་གཙང་བྱིས་བློའི་རྒྱུད་ལ་བག་ཆགས་བཟང་པོ་དང་། རང་ཡིག་རང་སྐད་ལ་ཆ་རྒྱུས་ཡོད་པ། ཐ་སྙད་ལ་ངེས་ཤེས་ལྡན་པ། གཤིས་སྤྱོད་དྲང་མོ། ལན་འདེབས་ཀྱི་སྤོབས་པ་ལྡན་པ། ལྟ་ཀློག་དང་རྩོམ་འབྲི་ལ་སྤྲོ་བ་ཅན། དཔེ་ཀློག་དང་བསམ་བློ་བརྗེེ་རེས་ལ་དགའ་ཞེན་སོགས་གསོ་སྐྱོང་བྱ་རྒྱུ་ནི་དགེ་རྒན་ཞིག་ལ་ཡོད་པའི་འོས་འགན་དངོས་མ་ཞིག་རེད་འདུག་སྙམ།

དེང་གི་དགེ་རྒན་གྱི་དཔུང་སྡེ་ཞན་པ་འམ་སློབ་གསོའི་མ་ལག་མི་བཟང་བ། ཡང་ན་སློབ་མའི་བྱང་ཚད་ཇེ་སྡུག་ཏུ་ཕྱིན་པ་གང་ཡིན་མི་ཤེས་པའི་གནད་དོན་ཅི་རིགས་ཤིག་འབྱུང་བཞིན་འདུག སློབ་ཆུང་ལོ་ངོ་དྲུག་གི་རིང་དུ་སློབ་སྦྱོང་བྱས་ནས་དམའ་འབྲིང་གི་སྒོ་ཐེམ་སྤོ་དགོས་པ་ནི་འོས་འགན་སློབ་གསོའི་བཏོན་པའི་ཆ་རྐྱེན་ཞིག་རེད། ཡིན་ན་ཡང་། སློབ་ཆུང་ལས་མཐར་ཕྱིན་ཞིང་དམའ་འབྲིང་གི་སྒོ་ཐེམ་སྤོ་བའི་སློབ་མ་མང་ཆེ་བས་བོད་སྐད་གཙང་མ་བཤད་མི་ཤེས་ཤིང་གོ་བརྡ་ཡང་ཡག་པོ་ཞིག་འཕྲོད་དཀའ། དེ་བཞིན་བོད་ཡིག་གཙང་མ་འབྲི་མི་ཐུབ་པའི་གནད་དོན་དང་སྦྱོར་ཀློག་སོགས་ལ་ཡང་དཀའ་ངལ་ཆེ་ཙམ་ཡོད་པར་སྣང་། འདི་དག་གི་འབྱུང་ཁུངས་ལྟ་བུའི་རྒྱུ་རྐྱེན་ཉག་གཅིག་ཡོད་པ་ནི་སློབ་གྲྭ་སོ་སོའི་བོད་ཡིག་དགེ་རྒན་རྣམས་ལ་ཐུག་ཡོད། གང་ཡིན་ཞེས་ན། བོད་ཡིག་དགེ་རྒན་ནི་བོད་རིགས་སློབ་མ་ཚོས་ཆེས་མཐོང་ན་འདོད་པའི་དགེ་རྒན་དང་པོ་དང་། མ་ཟད་བོད་ཡིག་གི་སྲོག་ཤིང་ནི་བོད་ཡིག་དགེ་རྒན་གཞག་ཀྱང་ཆོག་པ་ལྟ་བུ་ཞིག་རེད། འོན་ཏང་། དེང་གི་བོད་ཡིག་དགེ་རྒན་ཚོས་སློབ་མའི་གནས་ཚུལ་དང་སློབ་མའི་འབྲི་ཀློག་གི་དཀའ་ངལ་ལ་མ་ལྟོས་པ་ཁྲིད་རྐྱང་བྱས་པའི་དབང་གིས་སློབ་མའི་རྒྱུད་ལ་རིག་གནས་ཡག་པོ་མི་འབྱོར་ཞིང་། ཐ་ན་རྒྱུན་སྤྱོད་ཀྱི་ཐ་སྙད་རྐུབ་རྟེགས་དང་། སློབ་གྲྭ ། སློབ་ཁང་། དགེ་རྒན། སློབ་ཆུང་། ཇ་ཁང་། མཐར་ཕྱིན། དམའ་འབྲིང་ལྟ་བུའི་ཐ་སྙད་དག་ཀྱང་བྲིས་ལ་མི་བྱང་ཞིང་ཐ་ན་བོད་ཀྱི་ཐ་སྙད་དུ་མེད་པའི་མིང་ཚིག་རྒན་དགེ་ལྟ་བུ་གང་མང་ཞིག་ཀྱང་འབྲི་བཞིན་པའི་གནས་ཚུལ་དང་གནད་དོན་འདུག འདི་དག་ནི་གཅིག་ན་སློབ་གྲྭའི་ཁོར་ཡུག་དང་། དགེ་རྒན་གྱི་དཔུང་སྡེའི་ཁྲོད་ནས་སྐད་དང་པོའི་སློབ་གསོའི་མ་འཇོན་པ་རང་རེད། དེ་མིན་རྒྱུན་སྤྱོད་ཀྱི་འཚོ་བའི་ཁྲོད་ནས་སྐད་དང་པོའམ་ཕ་སྐད་གཙང་མ་མང་ཙམ་བཤད་ན་སློབ་མའི་རྒྱུད་ལ་བོད་ཀྱི་ཐ་སྙད་མང་པོ་གསོག་ཆོག་ལ། དཔེར་ན། ཇ་ཁང་དུ་ཟ་མ་ཟ་སྐབས། སློབ་གྲྭའི་ཚོགས་འདུ་ཆེ་མ་ཆུང་གསུམ་སྐབས། བོད་ཡིག་སློབ་ཁྲིད་སྐབས། དགེ་སློབ་བར་གྱི་ཁ་བརྡའི་ཁྲོད་སོགས་ནས་ཀྱང་བོད་སྐད་གཙང་མའི་ལབ་གླེང་བྱེད་ན་བོད་ཀྱི་ཐ་སྙད་མང་པོ་ཞིག་སློབ་མའི་རྒྱུད་ལ་གསོག་འགྲོ་བས་ཡིག་ནོར་དང་བོད་ཡིག་གི་འབྲི་ཀློག་སོགས་ལ་ཡང་ཕན་ཐོགས་ངེས་ཅན་ཞིག་ལྡན་ངེས་ཡིན།

ཉེ་བའི་ལོ་ངོ་དུ་མའི་རིང་དགེ་རྒན་དང་སློབ་མའི་སྤུས་ཚད་ཇེ་སྡུག་དུ་འགྲོ་བཞིན་ཡོད་པ་ནི་མིག་མཐོང་ལག་ཟིན་དང་མིག་མཐོང་རྣ་ཐོས་རང་རེད། དགེ་རྒན་གྱི་དཔུང་སྡེ་ཇི་ཙམ་ཞན་ན་སློབ་གྲྭའི་ཁོར་ཡུག་དང་སློབ་གྲྭའི་སྤྱོད་པ་༼校风༽ཡང་དེ་བཞིན་ཇེ་སྡུག་ཕྱིན་པ་ནི་ཆོས་ཉིད་རེད། དེ་བཞིན་དགེ་རྒན་གྱི་དཔུང་སྡེ་ཞན་པ་སོང་ན་སློབ་མའི་སྤུས་ཚད་སྨོས་མ་དགོས་རེད། སློབ་ཆུང་ནི་སློབ་མ་ཕལ་ཆེར་བའི་ཀ་ཁའི་གདངས་དབྱངས་ཐོག་མ་གྱེར་ས་དེ་ཡིན་པས་སློབ་ཆུང་གི་དགེ་རྒན་ནི་ཡིག་རྨོངས་ལས་ཐོག་མ་གྲོལ་མཁན་དེ་ཡིན་འོས། དེར་བརྟེན་སློབ་ཆུང་གི་དགེ་རྒན་ཚོས་སློབ་མའི་རྒྱུད་ལ་རྨང་རྡོ་ཡག་པོ་མ་བརྩིགས་ན་དམའ་འབྲིང་སུ་སླེབས་སྐབས་རྨང་རྡོ་ཞིག་པའི་ཉེན་ཁ་དང་འཕྲད་སྲིད་པས་དགེ་རྒན་ཚོས་སྒྲིག་ལམ་དང་ཁྲིད་རྐྱང་བྱེད་པ་ལས་དོན་དངོས་ཐོག་སློབ་མ་ལ་ཆ་རྒྱུས་ལོན་རྒྱུ་དང་སློབ་མས་དགེ་རྒན་ལ་ཆ་རྒྱུས་ལོན་རྒྱུ་ནི་ཧ་ཅང་གལ་ཆེ་བར་སྙམ།

དེར་བཞིན་དམའ་འབྲིང་གི་དགེ་རྒན་དག་ཀྱང་གཅིག་མཚུངས་རེད། དགེ་རྒན་ཞིག་གི་མིང་བྱང་རྫིག་པོ་ཞིག་བཟུང་ནས་མ་སྡོད་པར་འགན་ཁུར་ཡོད་པའི་སྒོས་སློབ་གསོའི་བྱ་བ་སྒྲུབ་རྒྱུ་ནི་རྩ་བའི་འོས་འགན་ཞིག་ཡིན། དེ་བཞིན་དམའ་འབྲིང་དགེ་རྒན་དག་ལ་འགན་ཁུར་ཧ་ཅང་ལྗིད་པོ་ཞིག་ཡོད་པ་ནི་ལོག་ལམ་དུ་འགྲོ་བཞིན་པའི་སློབ་མ་དག་ལེགས་ལམ་དུ་ཁྲིད་རྒྱུ་དང་། སྦྱོར་ཀློག་དང་རྩོམ་འབྲི། ལྟ་ཀློག དག་ཡིག་སོགས་ལ་དཀའ་ངལ་མེད་པ་ཞིག་བྱ་རྒྱུ་ནི་མིག་སྔར་གྱི་འོས་འགན་ཞིག་ཡིན། རང་ཉིད་སློབ་མཐར་ཕྱིན་ནས་དམའ་འབྲིང་གི་ཁྲིད་སྟེགས་ཤིག་ལས་ཐོག་མའི་སློབ་ཁྲིད་བྱེད་སྐབས་ད་གཟོད་ངས་དགེ་རྒན་ཟེར་བའི་ལས་རིགས་འདིའི་ཉེན་ཁ་དང་དཀའ་ཁག་སོགས་ལས་རགས་ཙམ་རྒྱུས་ལོན་བྱུང་། དགེ་རྒན་ཞིག་ཡིན་ཕྱིར། འཁྲིད་བྱ་གང་ཡིན་པར་ཆ་རྒྱུས་དང་རང་རྒྱུད་ལ་སློབ་སྦྱོང་ཅུང་མེད་ན་སློབ་མ་ལ་ཕན་ལས་གནོད་པ་ཆེ་བའི་དོགས་ཤིག་འདུག རང་ངོས་ནས་ཀྱང་ཤེས་རྟོགས་གང་མང་བྱུང་། དཔེར་ན། སློབ་སྦྱོང་དང་ཡོན་ཏན་གཏིང་ཟབ་མེད་པས་ཁྲིད་ལ་དཀའ་ངལ་དང་བཤད་ལ་བྱང་ཆ་མེད་པའི་ཚོར་འདུ་འདི་དག་གིས་ང་ལ་ད་དུང་དཔེ་ཀློག་བྱོས། ཡོན་ཏན་སྦྱོངས་ལྟ་བུའི་སྐུལ་མ་གཏོང་བའི་སྣང་ཚུལ་ཅི་རིགས་བྱུང་། དེར་བརྟེན། དགེ་རྒན་ཞིག་ཡིན་ན། ངེས་པར་དུ་སོ་སོའི་ཀུན་སྤྱོད་དང་ནུས་པ་སོགས་ལ་སྦྱོང་བརྡར་ངེས་ཅན་ཞིག་དགོས་ངེས་འདུག་པས་ངས་འདི་ནས་མཁས་མདོག་དང་འཇོན་མདོག་མ་ཡིན་པར་རང་གིས་མྱོང་ཚོར་ཙམ་གླེང་བ་ལས་གཞན་ཅི་ཡང་མིན་པས་ཐུགས་དང་འགལ་བ་མེད་པ་མཁྱེན།

མདོར་ན། སློབ་གསོ་བ་གཅན་རོང་བསྟན་འཛིན་མཆོག་གིས་གསུངས་པ་ལྟར། ཟུང་བཀུར་ཟུང་གཅེས་བྱ་རྒྱུ་ནི་ཆེས་ལེགས་པའི་ཐབས་ལམ་ཞིག་ཡིན། དགེ་སློབ་གཉིས་ཀྱི་སློབ་ཁྲིད་བརྗེ་རེས་དང་མི་དང་སྤྱི་ཚོགས་ཀྱི་འབྲེལ་བའི་ཁྲོད་ནས་རང་རང་གི་འོས་འགན་དང་དབང་ཆའི་རྨང་གཞིའི་སྟེང་ནས་ལག་བསྟར་བྱེད་དགོས་ལ། དེ་ནི་དགེ་སློབ་འཕེལ་རྒྱས་དང་། སྤྱི་ཚོགས་ཡར་རྒྱས། ཀུན་ལ་ཕན་པའི་བསམ་བློ་ཕུན་སུམ་ཚོགས་པ་ཞིག་ཡིན་པས་སློབ་གསོའི་ལག་ལེན་ལས་བྱུང་བའི་བསམ་བློ་དང་ཐབས་ལམ་དག་ལ་བརྟེན་སློབ་ཁྲིད་དང་སློབ་མ་གསོ་སྐྱོང་བྱ་རྒྱུ་ནི་ཧ་ཅང་གལ་ཆེན་རེད་འདུག དེང་གི་སློབ་མའི་རྨང་གཞི་དང་མི་སྤུས་སོགས་ཀྱི་འགྱུར་ཚད་ཧ་ཅང་མྱུར་བས་འཇིགས་ཤིང་གནས་དགོས་པའི་ཚད་དུ་སླེབས་འདུག་སྙམ་པའི་སེམས་ཚོར་འདི་དག་ཀྱང་རང་ཉིད་སློབ་སྐབས་གཉིས་ཙམ་ལ་དགེ་རྒན་བགྱིས་པའི་ལག་ལེན་དངོས་ནས་ཐོབ་པའི་སེམས་ཚོར་དམར་རྗེན་ལྟ་བུ་ཞིག་གོ །

ཁ་བ་སྙན་གྲགས། དཀར་མཛེས།