གངས་ཅན་པར་ཕན་པའི་གསོལ་ཀ་ཉུང་བསྡུས་ཞེས་བྱ་བ།

92/545

 

ཆོས་ཀྱི་དབྱིངས་ལས་མི་བྲལ་བར། །

དོན་དམ་གདེངས་ལས་མ་ཉམས་པར། །

ལས་འབྲས་གསང་ལས་མ་འདས་པར། །

དམ་ཅན་དམག་རྣམས་དགོངས་སུ་གསོལ། །

ཞབས་རྣམས་འཇིག་རྟེན་ཀུན་ལ་ཚུགས། །

ཕྱག་ཏུ་སྐར་མདའ་མང་པོ་ཁྱེར། །

དྲག་པོའི་ཆ་ལུགས་གང་དགར་བྱོས། །

ཐམས་ཅད་དེ་རིང་དམག་ལ་བྱོན། །

སྲིན་བུ་བདུད་ཀྱི་མི་རྣམས་དང་། །

བསྟན་ཤིག་དམ་ཉམས་ཐམས་ཅད་དང་། །

ལྷག་པར་བོད་ཀྱི་སྡང་དགྲ་རྣམས། །

མྱུར་དུ་སོད་ཅིག་དམ་ཅན་ཚོགས། །

དཀར་ཕྱོགས་ཕེལ་བར་མ་དགའ་ཞིང་། །

ནང་བསྟན་དར་བ་མ་བཟོད་ཅིང་། །

བསམ་སྦྱོར་ངན་པའི་མི་ངན་ཡི། །

སྙིང་ཁྲག་བཞེད་ལ་སྲོག་རྩ་ཆོད། །

བོད་འབངས་སྐྱོངས་ཤིག་དམ་ཅན་རྣམས། །

བསྟན་པ་སྲུང་ཞིག་ཆོས་སྐྱོང་རྣམས། །

ནག་ཕྱོགས་གཏོར་ཞིག་སྲུང་མ་རྣམས། །

དུས་ལ་བབ་བོ་ས་མ་ཡཱ། །

ཁྱད་པར་མགོན་པོ་བེར་ནག་ཅན། །

དཔལ་ལྡན་ལྷ་མོ་རྣམ་གཉིས་ཀྱིས། །

མི་རྗེ་ཨོ་རྒྱན་འཕྲིན་ལས་ཀྱི། །

སྐུ་བསོད་བསྟན་སྲིད་རྒྱལ་པར་མཛོད། །

བདག་བློའི་རེ་དོགས་འདི་ཉིད་དང་། །

ཀི་ལིའི་ཆིམས་སྒྲ་འདིར་དགོངས་སྟེ། །

མཁྱེན་བརྩེ་ནུས་གསུམ་མཐུ་སྟོབས་ལས། །

བདག་གི་བསམ་དོན་གྲུབ་པར་མཛོད། །

གང་དྲན་དགེ་བ་ལྟར་སྣང་འདིས། །

དཀར་ཕྱོགས་བསྟན་པ་རྒྱས་པ་ཤོག །

ནག་ཚོགས་སྟོབས་རྣམས་ཉམས་པ་ཤོག །

བོད་རྣམས་བདེ་ཞིང་དར་བར་ཤོག །

བོད་པའི་ལོ་གསར་ཚེས་ལ་ཉེ་བའི་ཉི་ཤུ་དགུར།/སྙེ་ལྕེ་བཙན་ཕྲུག