རྣམ་རྒྱལ་ཚེ་ལོ་ལ་ཉན་རྗེས་ཀྱི་མྱོང་ཚོར།

91/545

 

མཚམས་ལན་རེར། གྲོང་ཁྱེར་གྱི་འདུ་འཛི་དང་སྤྱི་ཚོགས་ཀྱི་ཟང་ཟིང་ལ་སུན་སྣང་བཟོད་གླགས་མེད་པ་ཞིག་སྐྱེས་ཡོང་། དེ་དུས་ང་ཁུ་སིམ་མེར་དཔེ་ཁང་དུ་བསྡད་ནས་རྩིས་འཁོར་ལས་བོད་ཀྱི་སྲོལ་རྒྱུན་མགུར་གླུ་ཞིག་གི་སེམས་སྨྲེང་བར་བྱེད་པའི་དབྱངས་འགྲོས་དང་ཡིད་སྒུལ་བར་བྱེད་པའི་ཚིག་དོན་ཞིག་ཉམས་སུ་མྱངས་པ་ཡིན་ཏེ། གཙང་ཆབ་བཞིན་རང་བྱུང་གིས་བཞུར་ཡོང་བའི་མགུར་གླུ་དེ་ནི་གནའ་རྒྱའི་ཚེ་ལོ་ཞེས་པ་དེ་ཡིན། ང་རང་གནས་བོའི་མགུར་གླུ་འདི་ལ་ཉན་རྒྱུར་དགའ་བ་ནི། དུས་ཚོད་ཀྱི་རླུང་བུས་ཁུར་ཚར་བའི་ལོ་ཟླ་དེ་ཕྱིར་དྲན་གྱི་ལག་མཐིལ་དུ་ལེན་རྒྱུར་དགའ་བ་དང་མཚུངས་ཏེ། བབ་ཆགས་ཤིང་བརྩེ་སེམས་ཀྱིས་ཁེངས་བའི་འགྱུར་ཁུགས་རྒྱུས་ཡོད་དེ་སྒྲ་བསྐྱེད་ལས་ག་ལེར་གྲགས་ཡོང་དུས། ངའི་མཚོ་ངོས་ཀྱིས་རླབས་རིས་རིམ་གྱིས་ཞི་ཞིང་། ངའི་དར་ལྕོག་གི་དར་ལྕེ་ལྷོད་ལ་བབས་འགྲོ། གནའ་བོའི་འགྱུར་ཁུགས་འདིའི་དབྱངས་ཀྱི་རྟ་ལ་བརྒྱུས་པའི་ཁ་ཏའི་ཚིག་གི་དོ་ཤལ་རེ་རེ་ལས། ང་མེས་པོ་དག་དང་ཉེ་བར་བཅར་བྱུང་ལ། ཉམས་སྣང་ཞིག་ལ་མེས་པོ་ཚོའི་རྩྭ་ཐང་ལྟ་བུའི་བློ་དཀྱེལ་དང་། རྒྱང་རིང་ལྟ་བུའི་རིག་རྒྱང་། དེ་མིན་ད་དུང་ཁོང་རྣམ་པའི་རྣམ་དཔྱོད་དང་། སེམས་ཁུར་སོགས་ཀྱིས་ངའི་སེམས་པ་འདི་སྟེ། ཐང་ཆད་ནས་ངལ་བའི་དུབ་ཡོད་པའི་སེམས་པ་འདིར་དབུགས་དབྱུངས་ཤིག་དང་། སེམས་གསོ་ཞིག་སྤྲད་བྱུང་ལ། ངའི་རང་ཉིད་ཀྱི་སྒེའུ་ཁུང་ཡོད་ཚད་ག་ལེར་ཕྱེས་བྱུང་བ་ཚོར་བྱུང་བ་དང་། དེ་ལས་གནའ་མི་དག་གི་ཡིད་འོང་གི་འཇིག་རྟེན་ཞིག་རིམ་གྱིས་མཐོང་བྱུང་།

སྣང་བ་ཞིག་ལ། མེས་པོ་དག་རྒོད་པོ་བཞིན་འཕུར་ཚར་འདུག ང་ཚོ་ཡང་ལམ་དུ་བསྐྱོད་ནས་ཡུན་རིང་འགོར་འདུག ཡིན་ན་ཡང་ང་ཚོ་ཇི་ལྟར་བསྐྱོད་ཀྱང་མེས་པོ་དག་གི་སེམས་ཁུར་གྱི་གཟིགས་སྐྱོང་ལས་ཐར་མེད་པ་འདྲ། དེར་མ་ཟད། ང་ཚོ་དུས་ནམ་ཡང་ཁོང་རྣམ་པ་དག་གི་མཐོང་རྒྱ་དང་སེམས་རྒྱ་དེ་ལས་བརྒལ་མི་ཐུབ་པར་སྣང་ཞིང་། མེས་པོ་དག་གིས་སྔ་མོ་སྔ་མོ་ཞིག་ནས་ང་ཚོར་མི་ཆོས་དང་ལྷ་ཆོས་གང་ཡུན་རིང་དེ་ལ་འཚམས་པའི་མཐོ་ཚད་དང་རིང་ཚད་ཀྱི་ཚད་ཐིག་ཅིག་ བཞག་ཚར་ཡོད་ལ། ང་ཚོ་དུས་ནམ་ཡང་ཚད་ཐིག་དེ་ལས་ཐར་མི་སྲིད་པ་འདྲ། རེད་ཨང་། ད་ལྟའི་དུས་འདིར། ང་ཚོ་དང་ང་ཚོའི་ཕྱི་རབས་པ་དག་མདུན་ནས་མདུན་དུ་བསྐྱོད་དེ་ཚད་ཐིག་དེ་དག་ལས་བརྒལ་འདོད་ཀྱི་ཧུར་བརྩོན་དང་ཨུ་ཚུགས་གང་མང་རྒྱག་བཞིན་ཡོད། ང་ཚོས་མེས་པོ་དག་ལ་ལེ་བདའ་ཡང་ཡང་བྱེད། ང་ཚོས་སྲོལ་རྒྱུན་རྙིང་བ་ཞེས་མེས་པོ་དག་གིས་བཞག་པའི་ཤུལ་བཞག་ལ་ཅི་མི་སྙམ་པར་གདེང་འཇོག་གང་འདོད་བྱེད། ང་ཚོས་གསར་བ་ཞེས་རི་བོའི་ཕྱི་རོལ་གྱི་མཁའ་རླུང་དེ་ལ་མོས་པའི་རྣམ་འགྱུར་ཅི་ང་སྟོན་པར་བྱེད། འོན་ཀྱང་། ངའི་སྣང་བ་ཞིག་ལ་ང་ཚོ་ཇི་ལྟར་རིང་དུ་ཕྱིན་ན་ཡང་། ཁ་ཕྱིར་འཁོར་དུས་མཐོང་ལམ་དུ་འཆར་ཡོང་བ་ནི་མེས་པོ་དག་གི་བབ་ཆགས་པའི་གནས་ལུགས་དེ་དག་གི་ངོ་གདོང་རྣལ་མ་དེ་ལས་མ་འདས། ང་ཚོ་ཁ་ཕྱིར་འཁོར་ཡོང་དུས། གཞི་ནས་མེས་པོ་དག་གིས་བྲིས་ཚར་བའི་ཚད་ཐིག་དེ་དག་ནི་མི་སྒེར་ཡིན་ན་ཡང་འདྲ། བོད་མི་རིགས་ཡིན་ན་ཡང་འདྲ། དེ་ནི་དུས་ནམ་ཡང་སྲུང་དགོས་པའི་མཐར་མཇུག་གི་ཚད་རྟགས་དེ་ཡིན་ལ། དུས་ནམ་ཡང་བརྒལ་མི་ཐུབ་པའི་མཐར་མཇུག་གི་མཐོ་ཚད་དེ་ཡིན་པ་འདྲ།

གནའ་རྒྱའི་ཚེ་ལོ་ལས་ངས་ནམ་ཡང་ནུབ་པ་མེད་པའི་ཚེ་སྲོག་གི་སྒྲ་དབྱངས་ཞིག་ཐོས་བྱུང་ལ། མི་རིགས་ཤིག་གི་རིག་གནས་ཀྱི་ཆེས་ཟབ་སར་བག་ལ་ཉལ་བའི་སྙིང་ཆུང་གི་འཕར་འགྲོས་ཤིག་ཐོས་བྱུང་།མི་ཚེ་དང་། འཚོ་བ། ལང་ཚོ། བདེ་སྐྱིད། རྒྱུ་ནོར། འཆི་བ། དར་རྒུད་སོགས་ཏེ། སྒྱུ་འཕྲུལ་གྱི་མདངས་ཀྱིས་ཕྱུག་པའི་ཐ་སྙད་འདི་དག་གནའ་རྒྱའི་ཚེ་ལོ་ཞེས་པའི་མི་ཚེའི་སྐྱིད་སྡུག་གི་ཉམས་མྱོང་གིས་ཕྱུག་པའི་རྒད་པོ་འདི་ཡི་མགུར་གླུ་ལས་སྙན་ངག་ལྟར་མཛེས་པའི་མཆོག་ཏུ་གྱུར་ཡོད་ལ། དུས་མཚུངས་སུ་རེ་ཆད་དང་སད་རྟོགས་ཀྱི་ཁ་དོག་ཅིག་གིས་ཀྱང་ཡོངས་སུ་བཀླུབས་ཡོད། ཡ་རབས་ཀྱི་ལས་ལ་གཞོལ་ནས་གཅེས་སྲུང་བྱེད་པ་དང་། རྣམ་དཔྱོད་ཀྱི་རིག་པར་བརྟེན་ནས་མནོ་བསམ་གཏོང་བ། བློ་དཀྱེལ་ཡངས་བར་བྱེད་པ་དང་། མིག་རྒྱང་རིང་བར་བྱེད་པ་སོགས་ནི། འཇིག་རྟེན་རྒད་པོ་འདི་ཡིས་ང་ཚོར་བསླབས་པའི་རྣམ་འགྱུར་འཛིན་སྟངས་ཤིག་ཅི་ལ་མིན་ཨང་། ས་ཆེན་པོ་དང་། གཙང་བོ། ཁ་བ། ཞིང་ས། རི་ར་བ། ཁང་ཁྱིམ། སྒོ་ཕྱུགས་སོགས་ཏེ། སྣོད་ཀྱི་བཀོད་པ་དང་བཅུད་ཀྱི་སེམས་ཅན་འདི་དག་ནི་ང་ཚོའི་འཚོ་རྟེན་ཏེ། ང་ཚོས་འདི་ཡོད་ཚད་ལ་དྲིན་གཟོའི་སེམས་ཀྱིས་སྐྱོང་བ་ལས། ངན་སྦྱོར་གྱིས་རྟེན་འབྲེལ་ལ་གཏོར་ཞིག་གཏོང་མི་རུང་ཨང་།

མགོ་ནག་མི་སྐྱིད་སྡུག་ལ་ངེས་ཤེས་གཏིང་ཟབ་པའི་བགྲེས་སོང་འདིའི་ཁ་ཏ་སློབ་གསོ་ནི། བོད་པའི་འཚོ་བའི་ཁྲོད་ཀྱི་ཉིན་རྒྱུན་གྱི་དོན་རྩག་རྩིག་ཡིན་ན་ཡང་། ཞིབ་ཏུ་གཞིགས་ཚེ་ང་ཚོར་འདི་ལས་ལྷག་པའི་གནས་ལུགས་ཤིག་དང་འདི་ལ་ཟབ་པའི་བདེན་པ་ཞིག་མི་མཁོ་སྟེ། ང་ཚོའི་མི་ཚེ་ཡང་མཐར་གཏུགས་ན་ཉིན་རྒྱུན་གྱི་དོན་བྱ་འདི་དག་ཕུང་བོར་སྤུངས་བའི་རྒྱུན་ཙམ་ལས་མ་འདས། དེར་བརྟེན། ངའི་གནའ་རྒྱའི་ཚེ་ལོ་ནས་ཐོས་པ་ནི་སྟོང་ཁམས་ལྟར་མཐའ་མེད་པའི་སེམས་རྒྱ་ཞིག་ཡིན་སོང་།

ང་རང་དངོས་གནས་གནའ་རྒྱའི་ཚེ་ལོར་ཉན་རྒྱུར་དགའ། ངའི་དེ་ལས་མི་ཚེ་ཟེར་བའི་མཐའ་གཉིས་ཀྱིས་ཆོད་པའི་དུས་ཚོད་འདིའི་རིན་ཐང་རྣལ་མ་དེ་མཐོང་བྱུང་ལ། ཚེ་སྲོག་ཟེར་བའི་ངོ་མཚར་གྱི་གོ་རིམ་འདིའི་མཛེས་སྡུག་ཚོར་བྱུང་། དེར་མ་ཟད། ངའི་འཚོ་བ་འདི་སྦྲང་རྩི་བཞིན་མངར་ཆོག་པའི་བདེན་པ་ཡང་རྟོགས་བྱུང་།