བོད་མོ་ཚོ་ལོངས་ཤིག  གྲུ་སྟོང་བཙན།        

9/464

 

གནམ་འོག་ཆོས་ལུགས་དག་གི་སྡིག་ཉེས་ལས། །

ཤཱཀྱ་ཐུབ་པའི་ཆོས་ལུགས་ལོ་རྒྱུས་ནང་། །

ཨ་མ་བུ་མོར་དམན་ལྟའི་སྲོལ་ངན་དག །

འདི་ནས་དྲང་བདེན་ངག་གིས་ཅུང་ཟད་སྨྲ། །

 

དགེ་སྦྱོང་གོོའུ་ཏམ་བསྙད་པའི་སྟོན་པ་དེས། །

རྒྱ་གར་ཡུལ་གྱི་རིགས་རུས་དབྱེ་འབྱེད་ལ།

དགག་པ་ཕྲན་ཚེག་འགའ་ཞིག་བཏང་ན་ཡང་།

བུ་མོ་དམན་པར་ལྟ་བའི་རྒྱལ་ངན་ལ། །

 

རྒོལ་བར་མ་ནུས་རྫུན་གྱིས་སྐད་འདི་བཤད། །

མཚན་མ་འབུར་ཉག་ཙམ་གྱི་ཁྱད་པར་ལས། །

ཆགས་སྡང་རྒྱུད་ཁེངས་སྐྱག་པའི་ཤུན་ལྤགས་ལ། །

མ་འདྲའི་དངོས་པོ་རྡུལ་ཙམ་དབེན་ན་ཡང་། །

 

བུད་མེད་རབ་བྱུང་བསྟན་པའི་གནས་ཚད་བྲི། །

ཉོན་མོངས་མང་བས་བསྲུང་བྱ་མང་དགོས་སོ། །

སངས་རྒྱས་སྟོང་རྩ་ཡོད་ཚད་སྐྱེས་པ་ལས། །

བུ་མོའི་ལུས་སུ་གཏན་ནས་མི་འབྱུང་ཟེར། །

 

ད་དུང་ཐེག་ཆེན་རྫུན་སྒྲུང་མཚོ་མོའི་ནང་། །

ཤཱཀ་ཐུབ་སྟུ་ལས་མ་འཁྲུངས་རྩིབ་བར་ནས། །

དལ་གྱིས་འོངས་ཏེ་ལྷ་ཡིས་ཁྲུས་བྱས་ཤིང་། །

མི་སྐད་བཤད་དེ་གོམ་བདུན་བོར་རོ་ལོ། །

 

 

དེ་བཞིན་ཡེ་ཤུའི་རྫུན་ལུང་ནག་པོ་ལས། །

དཀོན་མཆོག་རྒན་པོས་སྐྱེད་ཚལ་ར་བ་རུ། །

ཐོག་མར་གཙོ་བོ་སྐྱེས་པ་ཨ་དམ་བཟོས། །

གཙོ་བོ་དེ་ཡི་རྩིབ་རུས་ཆུང་ཆུང་ཞིག །

 

བཀོག་སྟེ་ཨ་དམ་རོགས་སུ་ཧ་ཝཱ་ཞེས། །

བུད་མེད་བཟོས་པས་བུད་མེད་བློ་མ་བརྟན། །

བདུད་པོ་སེ་ཏན་ངག་ལ་མཉན་ནས་སུ། །

ཤིང་ཏོ་བརྐུས་ཏེ་འགྲོ་བ་མི་རྣམས་ཀྱི། །

 

སྡིག་ཉེས་ཐོག་མ་བཟོས་པའི་ཞྭ་ནག་བསྐོན། །

བུ་མོ་དམན་པ་འདོད་པའི་ལྟ་ཚུལ་མང་། །

དེ་བཞིན་ཡོ་རོབ་མུན་ནག་སྤྱི་ཚོགས་ཁྲོད། །

བུད་མེད་རྣམ་ཤེས་ཡོད་མེད་གླེང་བརྗོད་སོགས།།

 

ཆོས་ལུགས་སྟོན་པའི་སྡིག་ཉེས་བསམ་མི་ཁྱབ། །

དེ་ནས་ཧིན་དྷི་བྲམ་ཟེ་ལས་བྱུང་བའི། །

བོད་བརྒྱུད་གསང་སྔགས་ཆོས་ཀྱི་གཞུང་དག་ལས། །

བུ་མོ་ཡུག་སའི་ལག་ཟས་ཟོས་གྱུར་ན། །

 

དམ་ཉམ་ལྷ་མི་འགྲུབ་པའི་ཐན་སྐད་བཤད། །

བུ་མོ་མགོན་ཁང་ཡོང་ན་མནོལ་འགྲོ་ཟེར། །

བུ་མོས་བསང་བཏང་ལྷ་འདྲེ་འཁྲུག་གོ་ལོ། །

བུ་མོས་རྩྭ་རི་གནས་ཀྱི་སྒྲོན་མ་ལར། །

 

རྐང་པ་སྤོས་ན་མྱུར་དུ་འཆི་ཚུལ་དང་། །

དེ་བཞིན་གསོ་རིག་སྨན་མཆོག་འགའ་རེ་ལ། །

ལག་གིས་རེག་ན་ཕན་ནུས་ཉམ་འགྲོ་ཞེས། །

སྨྱོན་པའི་ལབ་བརྡོལ་སྡིག་ཉེས་ཤིན་ཏུ་མང་། །

 

དེ་སོགས་གནམ་འོག་ཆོས་ལུགས་སྟོན་པ་ཡིས། །

ཁས་ཞན་ལུས་སྟོབས་ཆུང་བའི་བུ་མོ་ལ། །

ངན་དམད་བཏང་བའི་སྡིག་ཉེས་ནག་པོ་དག །

རི་ལས་དཔངས་མཐོ་མཚོ་ལས་གཏིང་ཟབ་བོ། །

 

དེ་འདྲའི་རྫུན་གཏམ་ལྕགས་ཐག་འདོམ་དགུ་ཡིས། །

ལོ་ངོ་སྟོང་ལ་བཅིངས་བའི་བོད་པ་ཚང་། །

ཨ་མ་མཛངས་མའི་ལས་སྐལ་རི་བོང་རྭ། །

མི་ཆོས་རིག་པའི་སྐྱེས་བུ་ཉིན་སྐར་ཟླ། །

 

ད་ནི་ཉེར་གཅིག་དུས་ཀྱི་ཁུག་སོ་འདིར། །

འཛམ་གླིང་སྤར་མཐིལ་མཐོང་བའི་སྐབས་ཤིག་ཤར། །

ཕྱི་གླིང་བུ་མོ་དབུ་འཕང་གནམ་ལས་མཐོ། །

དམངས་གཙོའི་དབུ་ཁྲིད་རྒྱལ་ཁབ་བློན་ཆེན་དང་། །

 

བསླབ་ཆེན་སློབ་དཔོན་རབ་འབྱམས་འབུམ་རམས་པ། །

སྲིད་འཛིན་དབུ་གཙོ་ལ་སོགས་སྟེགས་བུ་རུ། །

འདྲ་མཉམ་སྲོག་ཏུ་ཞུགས་པའི་གནས་སྟངས་ལ། །

བོད་མོས་མིག་གིས་ལྟོས་ལ་སོམས་ཤིག་ཀྱེ། །

 

འོག་སྒོའི་སྟུ་དང་བྲང་གི་ནུ་འབུར་སོགས། །

བུ་མོ་འདྲ་འདྲ་ཡིན་པ་མ་ཤེས་སམ། །

མངལ་དུ་སྦྲུམ་དང་ཟླ་མཚན་འབབ་པ་སོགས། །

བུ་མོའི་མཛེས་སྡུག་ཡིན་པ་མ་རྟོགས་སམ། །

 

ཆོས་ལུགས་མི་སྣའི་རྫུན་གྱི་འཆལ་གཏམ་བཤད། །

དེ་ལ་ཡུལ་གྱི་སྲོལ་ངན་གནས་བཅས་པའི། །

འགག་འཕྲང་ནག་པོ་བརྒལ་བའི་སྙིང་སྟོབས་འདི། །

ཕོ་མོ་འདྲ་མཉམ་སྐས་རིམ་དང་པོ་ཡིན། །

 

མི་འགྱུར་བོད་མོ་རེ་རེའི་སྙིང་ཤ་རུ། །

བྲག་བརྐོས་རི་མོ་བཞིན་དུ་ཁོད་ཅིག་དང་། །

ཁ་བའི་ལས་དབང་འབྲེལ་བའི་བོད་མོ་དག །

དབུ་འཕང་དགུང་དུ་འདེགས་པའི་རྒྱུ་འབྲས་ཡོད། །

 

དེ་སོགས་མི་སྐད་གསོན་པོའི་ངར་སྒྲ་འདི། །

ཆོས་ལུགས་ཞེན་ལྟ་དོར་བའི་མི་བུ་སྟེ། །

རུས་ལ་གྲུ་པ་མིང་ལ་སྟོང་བཙན་ཞེས། །

འཁྱམ་པོ་གང་དེས་བོད་མོ་ཡོངས་ལ་སྤྲིངས། །

2015/6/9