ལབ་གླེང་གཞན་ཞིག་ནས་ལབ་གླེང་གཞན་ཞིག་བྱེད་ན། གསང་བདག 

89/545

 

 

སྤྱི་ཚོགས་ཤིག་གམ་ཁོར་ཡུག་ཅིག་གི་ངོ་བོ་དང་སྣང་བརྙན་གང་འདྲ་ཞིག་ཡིན་མིན་ནི། གནས་ཡུལ་གང་དེར་འཚོ་གནས་བྱེད་ཀྱིན་ཡོད་པའི་སྐྱེ་བོ་སྒེར་བ་རེ་རེའི་བསམ་བློའི་ཁྱབ་རྒྱུན་དང་གོ་རྟོགས་གི་ཟབ་གསལ། ལས་འཇོན་གྱི་བྱེད་ནུས་སོགས་ལ་རག་ལས་ཀྱིན་ཡོད་པ་རེད། དེས་བས། ང་ཚོའི་ཁོར་ཡུག་འདིའི་ཁ་ཚུགས་ངོ་མདོག་གང་འདྲ་ཞིག་ཡིན་མིན་ཀྱང་། ང་ཚོ་སྟེ། སྐྱེ་བོ་སྒེར་བ་རེ་རེའི་བསམ་བློ་དང་གོ་རྟོགས། ལས་འཇོན་སོགས་དང་འབྲེལ་ཆེ་བའི་བྱེད་ནུས་སྐོར་ཞིག་གིས་གསལ་གསལ་པོར་བཏོད་ཀྱིན་ཡོད་པ་རེད།

བྱེད་ནུས་དེ་དག་གི་དབང་གིས། ཁོར་ཡུག་ཁྱོན་ལ་བསམ་བློའི་སྐོར་ཕྱོགས་མི་འདྲ་བ་འགའ་ཞིག་དང་སྐད་ཆའི་གླེང་ཕྱོགས་མི་འདྲ་བ་འགའ་ཞིག་མཆེད་ཀྱིན་ཡོད་པ་སྟེ། དཔེར་ན། ཞོགས་དུང་ལགས་ཀྱི་«དཔྱོད་ཤེས་རྒྱང་འབོད་»དང་། མདའ་སྨྱུག་ལགས་ཀྱི་«ལོག་རྟོག་སྙིང་སྟོབས་»སོགས་ཀྱི་བསམ་བློའི་ཚ་རླབས་དང་དགག་སྒྲུབ་ཀྱི་སྙིང་སྟོབས་ཀྱིས་རྐྱེན་པས། སྔར་ལུས་ཀྱི་གྲིབ་མ་ལྟར་འགྲོགས་ཤིང་འདྲིས་པའི་སྐྱེ་བོ་མང་པོའི་དད་པ་དང་དག་སྣང། དེ་དག་ལས་འདས་པའི་རྨོངས་དད་སྐོར་ཞིག་ལ་ཐད་ཀར་ཕོག་ཐུག་དང་བཤགས་བཅོས་བྱས་པར་བརྟེན། སྐོར་ཞིག་ལ་བསམ་བློའི་འགྱུར་བ་ཅུང་ཟད་ཐེབས་ཏེ། ལྷ་ཆོས་དང་མི་ཆོས་ཀྱི་འགལ་འདུ་ལ་ལ་ཞིག་ཀྱང་མཐོང་སྣང་དང་ཐོས་སྣང་ཙམ་མ་ཡིན་པའི་མྱོང་རེག་ཨེན་ཙམ་བྱེད་ནུས་པ་བྱུང་ཞིང་། དེ་ག་ནང་བཞིན། ང་ཚོའི་ཤེས་ཡོན་པ་སྐོར་ཞིག་གིས་ནུབ་ཕྱོགས་ཀྱི་ཡོངས་ཁྱབ་རིན་ཐང་གི་ལྟ་གྲུབ་མང་པོ་ཞིག་ནང་འདྲེན་དང་རྒྱུད་སྒྲོག་བྱས་པའི་དྲིན་གྱིས། གོ་བ་ལོན་པ་དང་མ་ལོན་པ་ཚང་མས་དམངས་གཙོ་དང་རང་དབང་། འདྲ་མཉམ་སོགས་ཀྱི་ཁ་གཡང་འབོད་རྒྱུ་བྱུང་ཞིང་། སྐྱེས་མའི་ཐོབ་ཐང་རྩོད་ལེན་གྱི་བསམ་བློ་དང་སྐད་ཆ་རེ་ཟུང་ཡང་འབུད་རྒྱུ་བྱུང་ཡོད་པ་རེད།

དེ་ལྟར་དེ་ལྟར། སྲོལ་རྒྱུན་གྱི་ཆོས་ལུགས་དང་ལམ་ལུགས། རིག་གནས་དང་གོམས་སྲོལ་སོགས་ལ་དགོས་པ་ཡོད་མེད་ལ་ལྟོས་མཁན་དང་མི་ལྟོས་མཁན་གཉིས་ནས་ཨ་འཐས་ཀྱིས་སྲུང་ཞིང་འཛིན་པའི་ཕྱོགས་རྟོགས་པ་དང་གཅིག ལྷ་ཆོས་དང་མི་ཆོས། སྲོལ་རྒྱུན་གྱི་གོམས་སྲོལ་དང་དེང་རབས་ཀྱི་ལུགས་སྲོལ་སོགས་ལ་རྒྱུ་མཚན་ཡོད་མེད་ལ་ལྟོས་མཁན་དང་མི་ལྟོས་མཁན་གཉིས་ནས་ལབ་གླེང་ཅི་རིགས་བཟོ་བའམ་དགག་སྒྲུབ་ཅི་རིགས་བྱེད་མཁན་གྱི་ཕྱོགས་རྟོགས་པ་དང་གཉིས། དམངས་གཙོ་དང་འདྲ་མཉམ། རང་དབང་དང་ཁྲིམས་སྐྱོང་སོགས་འོ་སྐོལ་གྱི་རིག་གནས་གོམས་སྲོལ་ལ་གཤིབ་བསྡུར་དང་མཚམས་མི་མཚམས་ལ་ལྟོས་མཁན་དང་མི་ལྟོས་མཁན་གཉིས་ནས་འོལ་ཚོད་ཡིན་ལ་མིན་པའི་སྐད་ཆའི་གླེང་ཕྱོགས་སྣ་ཚོགས་བཟོ་བའི་ཕྱོགས་རྟོགས་པ་དང་གསུམ་ཏེ། རྩ་བའི་ཕྱོགས་རྟོགས་པ་དེ་གསུམ་གྱིས་ཟུར་མི་འདྲ་བའི་ལུས་ངག་ཡིད་གསུམ་གྱི་སྦྱོར་བ་རེ་དེད་དེད་པས། ང་ཚོའི་ཁོར་ཡུག་འདི་ཉིད་དཀར་ནག་སེར་གསུམ་འཐབ་ཅིང་། བསམ་ཕྱོགས་དང་གླེང་ཕྱོགས་དང་བྱ་ཕྱོགས་སོགས་ནམ་ཡང་གམ་མི་ཐུག་པའི་འཐབ་ར་ཟུར་གསུམ་ཞིག་བསྐྲུན་ཀྱིན་ཡོད་འདུག

འཐབ་ར་དེའི་གང་དང་གང་ལ་ཕྱོགས་རྟོགས་ཀྱི་མི་མང་ཆེ་བས་རང་ཉིད་ནི་འཐབ་མོ་བ་ངོ་མ་ཞིག་ཡིན་པར་སྙམ་སྟེ། བདེན་དོན་ལ་བརྩི་འཇོག་མེད་པར། མཉམ་གནས་ལ་བསམ་བློ་མེད་པར། རང་ཕྱོགས་ཁོ་ནར་བཟུང་བའི་སྐད་ཆ་ཁོ་ན་བཤད་དེ། ཕ་རོལ་པོ་ལ་ངན་སྨད་དང་བསྙོན་འཛུགས། འཚང་འབྲུ་དང་ཆེད་གསོད། སྐུར་འདེབས་དང་རྒོལ་རྡུང་བྱེད་པ་སོགས་ཀྱི་ལངས་ཕྱོགས་རིང་ལུགས་པའི་བསམ་སྦྱོར་གཏི་ཐུག་རེ་ཁྱེར་ཏེ། མི་གཞི་ཆུ་ལ་གཡུག་རེས་དང་རྩིས་ཐང་རྡོག་རོལ་གཏོང་རེས་བྱེད་ཀྱིན་ཡོད་པ་རེད། དེ་ལྟ་བུའི་རྟོག་དཔྱོད་དང་བླངས་དོར་ཅི་ཡང་མེད་པའི་ལངས་ཕྱོགས་རིང་ལུགས་ཀྱི་བསམ་སྦྱོར་གྱིས་ང་ཚོར་ལེགས་ཚོགས་ཅི་ཞིག་འདྲེན་རྒྱུ་ཕར་ལ་ཞོག བསམ་ན་སེམས་ཀྱིས་མི་བཟོད་ཅིང་མཐོང་ན་མིག་གིས་མི་བཟོད་པའི་སྐྱོ་གར་འབའ་ཞིག་འདྲེན་བཞིན་པ་མཐོང་ཆོས་ལྟར་རེད།

དེ་བས། བོད་མོ་ཆོས་ཉིད་དབང་མོས་བྲིས་གནང་བའི“བོད་ཀྱི་སྤྲུལ་སྐུ་དང་བུད་མེད་བསྡུར་བ”ཞེས་པའི་རྩོམ་ཐུང་འདི་ཡང་ཐལ་དྲགས་པའི་ལངས་ཕྱོགས་རིང་ལུགས་པའི་བསམ་སྦྱོར་གཏི་ཐུག་དེ་ལས་མི་འདའ་བར་འདུག་སྟེ། ཆོས་ཉིད་དབང་མོས་བཤད་པ་བཞིན། བུད་མེད་དག་སྐྱེ་གནས་ཡོད་པས་བུ་ཕྲུག་སྐྱེ་བཞིན་ཡོད་པ་རེད། དེ་བདེན་པ་རེད། བུད་མེད་དག་ལ་ནུ་འོ་ལྡན་པས་བུ་ཕྲུག་གསོ་སྐྱོང་བྱེད་པར་རང་བཞིན་གྱིས་སྟབས་བདེ་རྩང་། དེ་ལྟར་གསོ་སྐྱོང་བྱེད་ཀྱིན་ཡོད་པ་རེད། དེ་ཡང་བདེན་པ་རེད། ཡིན་ན་ཡང་། དེ་དག་ཡོད་ཚད་ནི་ལྷན་སྐྱེས་གོ་སྒྲིག་གི་འགན་འཁྲི་ཞིག་རེད་པས། དེ་ལ་ངོམ་རི་བ་ཅི་ཡང་ཡོད་པ་མ་རེད། དེ་བས། ང་ཚོའི་ཁོར་ཡུག་གང་ལ་བརྟག་ཀྱང་། བོད་ཀྱི་བུད་མེད་དག་གི་ཁྲོད་དུ༼མཛངས་མའི་ཡོན་ཏན་བརྒྱད༽དེ། ༡སྐྱེས་པ་མེད་ཀྱང་ཉོན་མོངས་ཀྱི་དབང་དུ་མི་འགྲོ་བ། ༢ཁྱིམ་ཐབ་ལ་སྙིང་ཉེ་བ། ༣བུ་མང་དུ་བཙའ་བ། ༤ལུས་ཚུགས་ཐུབ་པ། ༥སྨྲ་བ་མང་པོ་མེད་པ། ༦སེམས་དྲང་པ། ༧ཕྱི་ཐག་རིང་བ། ༨ལས་ལ་ཡང་ཞིང་ལག་འབྲས་གཙང་བ། བཅས་ཀྱི་ཕྱོགས་ཙམ་ཚང་བའི་བོད་མོ་བརྒྱ་ཆའི་ཉི་ཤུ་ཙམ་ཡོད་དཀའ་ན། སྒྲུབ་བྱེད་དུ་མི་འགྲོ་བའི་བུད་མེད་ཀྱི་བྱེད་ནུས་འགའ་ཞིག་འཁུར་བཞིན། སྤྲུལ་སྐུ་ཚོ་དང་སྤྲུལ་སྐུ་ཚོ་ཟེར་བའི་མང་ཚིག་སྦྱར་ནས། སྤྲུལ་སྐུ་ཚང་མ་དང་གཤིབ་བསྡུར་བྱེད་ཀྱིན་ཡོད་མདོག་གི་སྐད་ཆ་བཤད་པ་ནི་ནོར་འཁྲུལ་འབའ་ཞིག་སྟེ། སྤྲུལ་སྐུ་ཟེར་བ་ཡག་སྡུག་གཉིས་ཀྱི་ཕྱོགས་ལ་ཡོད་རེད། བུད་མེད་ཀྱང་དེ་བཞིན་རེད། སྤྲུལ་སྐུ་ལ་ལ་འཛམ་གླིང་མཛེས་པའི་རྒྱན་གཅིག་པུར་གྱུར་ཡོད་ཅེས་ལབ་ཀྱང་ཐལ་མི་དྲགས་པ་ལྟ་བུ་ཡོད་རེད། དེ་དག་ལ་ང་ཚོའི་བུད་མེད་དག་གིས་ཅི་དང་གང་ཞིག་གིས་བསྡུར་ཐབས་ཡོད་པ་མ་རེད། དེ་ནི་གནས་ལུགས་དང་འགལ་བའི་ཁྱོད་ཀྱི་བསྡུར་བ་ཞིག་གམ་སྐད་ཆ་ཞིག་རེད། སྤྲུལ་སྐུ་ལ་ལ་བུད་མེད་ཐེབས་ཆག་དག་ལས་ཀྱང་ཐབས་སྡུག་པ་ཞིག་རེད། དེ་ནི་གནས་ལུགས་དང་མཐུན་པའི་ཁྱོད་ཀྱི་བསྡུར་བ་ཞིག་གམ་སྐད་ཆ་ཞིག་རེད། དེས་ན། ཁྱོད་ཀྱིས་སྤྲུལ་སྐུ་ཚོ་ཟེར་ནས་སྤྲུལ་སྐུ་ཚང་མ་ཡག་སྡུག་གི་རིམ་པ་གཅིག་ལ་བཞག་པ་ནི་ནོར་འཁྲུལ་ཟིག་རེད། དེ་བས། ང་ཚོ་སུ་དང་སུ་ཡིན་རུང་། བདེན་དོན་དང་མཉམ་གནས་ཀྱི་བསམ་སྦྱོར་གཙུག་ཏུ་བཀུར་ཏེ། རུང་བསྟུན་དང་དཀྱིལ་ཡངས་ཆེན་པོས་བསམ་ཕྱོགས་དང་གླེང་ཕྱོགས་ཡོད་ཚད་ཀྱང་དྲང་ལྡོག་གཉིས་དང་ངོས་ལྐོག་གཉིས་ནས་འདང་རྒྱག་དགོས་པ་ཡིན།

ཡང་བསྐྱར་གསལ་བཤད་བྱེད་རྒྱུ་ཞིག་ལ། ཕྲན་རང་ངོས་ནས་བཤད་ན། མ་འོངས་པར་བོད་ཀྱི་སྤྲུལ་སྐུ་ལམ་ལུགས་རྒྱུན་བསྐྱང་རྒྱུར་དེ་ཙམ་འཐད་པ་མེད་མཁན་གྱི་གྲས་ཤིག་ཡིན་མོད། འོན་ཀྱང་། ད་ཡོད་ཀྱི་སྤྲུལ་སྐུ་དག་གི་ཁྲོད་དུ་ཕན་གནོད་དང་ཡག་སྡུག་གཉིས་ཀྱི་ཆ་ཡོད་པས། བཟང་ངན་ཅི་ཞིག་ཡིན་མིན་དེ་ཡང་དག་པའི་རྟོག་དཔྱོད་དང་ཡང་དག་པའི་བླངས་དོར་གྱིས་འབྱེད་རྒྱུ་ལས་གདམ་ག་གཞན་ཞིག་མེད་པར་སྙམ་ལ། འདོར་ན། སུ་དང་གང་ཡིན་རུང་ལངས་ཕྱོགས་རིང་ལུགས་ཀྱི་བསམ་བློའི་ཤུགས་ཆེ་མ་དྲགས་ན་ཡག་པར་སྙམ་མོ།།

བཀྲ་ཤིས་པར་གྱུར་ཅིག།