ཆོས་ལུགས་ནི་ཐ་ཤལ་ཚོར་མཚོན་ན་འཁྲུག་རྩོད་བྱེད་སྤྱད་ཀྱི་ལག་ཆ་ཞིག སྙེ་ལྕེ་བཙན་ཕྲུག

6/464

 

ཨབ་རྡོལ་ཀ་ལམ་གྱིས་གསུང་ཚད་མ་དང་། དེའི་འགྲེལ་བཤད།

རྩ་བ། ཆོས་ལུགས་ནི་སྐྱེས་ཆེན་ཚོར་མཚོན་ན་མཛའ་མཐུན་ཡོང་བྱེད་ཀྱི་ལམ་བུ་ཞིག་ཡིན་ལ། ཐ་ཤལ་ཚོར་མཚོན་ན་འཁྲུག་རྩོད་བྱེད་སྤྱད་ཀྱི་ལག་ཆ་ཞིག་གོ།།

འགྲེལ་བ། ཞེས་ཨབ་རྡོལ་ཀ་ལམ་གྱིས་མཐོང་ཆོས་མྱོང་འགྱུར་གྱི་ཉམས་མྱོང་དང་། ཟབ་མོའི་ཤེས་རབ་ལས་ལེགས་པར་འཁྲུངས་པའི་གསུང་ཚད་མ་དེའི་དོན་དང་པོའི་འགྲེལ་བཤད་ཡོད་དེ། སྐྱེས་བུ་ཆེན་མོ་ཤེས་རབ་དང་། བྱམས་བརྩེ་ལྡན་པའི་དམ་པ་ཚོས། ཆོས་ལུགས་ཡང་དག་པ་ཡིན་པ་ལ་ཡིན་པར་ངོ་ཤེས་ཅིང་། སྐྱེས་ཆེན་ཚོས་ཆོས་ལུགས་ཀྱི་དགོས་དོན་དང་། སྙིང་དོན་མངོན་སུམ་དུ་རྟོགས། སྐྱེས་ཆེན་ཚོས་ཆོས་ལུགས་ཀྱི་བསྟན་དོན་ཆ་ཚང་བ་དེ། མ་ནོར་བ་ཞིག་བློ་གྲོས་ཕུན་ཚོགས་ལྡན་པ་རྣམས་ཀྱིས་ཤེས་ཐུབ་ཀྱི་ཡོད་པ་རྟོགས། སྐྱེས་ཆེན་ཚོས་ཆོས་ལུགས་ཀྱིས་དངོས་པོའི་གནས་ལུགས་གང་ཡིན་པ་མི་རྣམས་ལ་ལེགས་པར་སྟོན་ཐུབ་ཀྱི་ཡོད་པ་མཁྱེན། སྐྱེས་ཆེན་ཚོས་དེ་ལྟར་གྱི་ཆོས་ལུགས་ཀྱི་རང་བཞིན་གང་ཡིན་པ་ཤེས་པས་ཆོས་ལུགས་ཀྱི་རྒྱ་མཚོར་འཇུག་སྟེ། དེས་ཤེས་བྱ་དེ་ཡང་དག་པར་ཤེས་ན་དེ་འདྲའི་གངས་ཟག་གིས། དེ་ལ་དགག་པ་མི་བྱེད་པས་ཁྱབ་པའི་གནས་ལུགས་འདི་སྐྱེས་ཆེན་ཚོས་མཁྱེན་པས། ཁོང་ཚོ་ཆོས་ལུགས་ལ་དགག་པ་མི་བྱེད་མཁན་གྱི་དོན་གྱི་རྩ་བ་ལ་ཐུག་པ། ཆོས་ལུགས་དང་། ཆོས་ལུགས་པ་ལ་དབྱེ་བ་འབྱེད་མཁས་པ། ཆོས་ལུགས་པས་ཆོས་ལུགས་ལོག་པར་བེད་སྤྱོད་གཏོང་མཁན་ཚོ། ཡང་དག་རིགས་པ་དང་། དུས་བསྟུན་ཤེས་རབ་ཀྱིས་ཐེར་འདོན་བྱེད་མཁས་པོས་ཁོར་ཡུག་དང་། འགྲོ་བ་གཞན་ལ་གནོད་འཚེ་སྤོངས་བ། མིའི་རིགས་རྣམས་ལ་སེམས་ཁམས་ཀྱི་ཞི་བདེ་བསྐྲུན་པ་སོགས་ཀྱིས་ཐབས་ལམ་ཡང་དག་པ་དེ་རྣམས། སྐྱེས་ཆེན་ཨབ་རྡོ་ཀ་ལམ་ལྟ་བུ་ཁོང་གིས་ལེགས་པར་མཁྱེན། མ་ནོར་བར་རྟོགས། སྙིང་དོན་དེ་ཁོང་དུ་ཆུད་པ་འདི་ཁོང་གིས་མདོར་བསྡུས་ཏེ། ཆོས་ལུགས་ནི་སྐྱེས་ཆེན་ཚོར་མཚོན་ན་མཛའ་མཐུན་ཡོང་བྱེད་ཀྱི་ལམ་བུ་ཞིག་ཡིན་ཞེས་པའི་ལེགས་བཤད་དེ་འགྲོ་བ་མི་རྣམས་ལ་བཤད་བཞག་པ་ཡིན་པའོ།།

ཆོས་ལུགས་ནི་ཐ་ཤལ་ཚོར་མཚོན་ན་འཁྲུག་རྩོད་བྱེད་སྤྱད་ཀྱི་ལག་ཆ་ཞིག་གོ།། ཞེས་པ་ཨབ་རྡོལ་ཀ་ལམ་མཆོག་གིས་མཐོང་ཆོས་མྱོང་འགྱུར་གྱི་ཉམས་མྱོང་དང་། ཟབ་མོའི་ཤེས་རབ་ལས་ལེགས་པར་འཁྲུངས་པའི་གསུང་ཚད་མ་དེའི་དོན་གཉིས་པའི་འགྲེལ་བཤད་ཡོད་དེ། དེ་ཡང་། ཐ་ཤལ་ཚོར་ཡོན་ཏན་ལ་འཇུག་པའི་བརྩོན་པ་མེད་པས་ཡོན་ཏན་གྱིས་དྲི་མ་ཕོག་མེད། དེ་མེད་པས་ཐ་ཤལ་ཚོར་རང་སྣང་གང་ཤར་གྱི་ང་རྒྱལ་ཤུགས་ཆེ་བ་ཡོད། ཐ་ཤལ་ཚོས་ཆོས་ལུགས་ཀྱི་དགེ་ཚན་མ་རྟོགས་པ་དང་། ཐ་ཤལ་ཚོས་ཆོས་ལུགས་ཀྱི་སྙིང་དོན་མི་ཤེས་པ། ཐ་ཤལ་ཚོས་ཆོས་ལུགས་ཀྱི་རིན་ཐང་མི་དྲན་པ། ཐ་ཤལ་ཚོས་ཆོས་ལུགས་གཞུང་ལུགས་མ་སྦྱང་པ་སོགས་ཀྱིས་ཆོས་ལུགས་མི་ཤེས་པ་རྒྱུ་མཚན་དེ་ཁོ་ན་ཉིད་ཀྱིས་ཐ་ཤལ་ཚོས་ཆོས་ལུགས་ལ་དགག་པ་བརྒྱབ་བཞིན་ཡོད་རེད།

ད་དུང་། ཐ་ཤལ་ཚོའི་རང་བཞིན་ནམ་རྟགས་གསལ་པོ་ཞིག་འབྲི་རྒྱུ་ཡོད་དེ། རང་ཉིད་ཀྱི་མིང་སྐམ་པོ་ཞིག་གཞན་གྱིས་དོ་སྣང་ཡོང་ཆེད་དུ། མི་དམངས་དང་། བདེན་དོན་སོགས་ཀྱི་མིང་ཚིག་ཁྱར་རེ་ཁྱོར་རེ་རེ་བསྒྲིགས་ནས་གནས་ལུགས་གླིང་ཁུལ་བྱེད། དེ་ལྟར་གྱི་དམིགས་ཡུལ་ལོག་པ་དེ་གྲུབ་སོང་ན། ལོག་བཤད་ཀྱི་དེབ་སྙིགས་ཁ་ཤས་སྟོན་འདོད་བྱེད། དེས་རང་ཉིད་ཀྱི་འཚོ་བར་ཕན་པར་འདོད་པའི་སེམས་ངན་བཅངས་ནས་སྒེར་དོན་ཞིག་གཡོ་སྒྱུས་ཆེན་མོས་ལེགས་གྲུབ་ཡོང་བ་ལ་རྦད་པ་བྱེད། ལྷག་ཏུ་ཐ་ཤལ་ཚོས་རང་ཉིད་ཀྱིས་རང་ཉིད་ལ་ཀུན་མཁྱེན་སོགས་ཀྱི་ཐ་སྙད་བཏགས། གཞན་གྱི་སྐྱོན་གླེང་དུས་ཧ་ཅང་གི་དགོས་པོ་དང་། རང་ཉིད་སྐྱོན་ཀུན་ཟད། ཡོན་ཏན་ཀུན་ལྡན་ཡིན་པར་རློམས་ཅིང་། ཡ་རབས་ཀྱི་སྤྱོད་པ་ཅི་ཡང་མེད་པ། མི་རབས་ཀྱི་སྤྱོད་ངན་གང་ཡིན་ཡང་ལྟ་ལོག་སྤྱོད་ངན་ཚོར་ཡོད་པ། བདག་མེད་དང་། བདེན་མེད། སྟོང་ཉིད་དང་རྟེན་འབྲེལ་སོགས་ཀྱི་ལྟ་གྲུབ་ལ་ལོག་འགྲེལ་བྱེད་ཅིང་། ཕྱི་རོལ་མུ་སྟེགས་པའི་ལྟ་ངན་ཡོན་ཏན་བྱ་མེད་བདག་ཡོད་པའི་ལྟ་ངན་དག་ལ་དགའ་མདོག་གི་རྔ་མ་གཡུགས། ཆོས་ལུགས་ཀྱི་མིང་ཁྱེར་མཁན་ཏེ། ཆོས་ལོག་པའི་བྱ་ངན་སྤྱོད་ངན་དེ་ཚོའི་སྐྱོན་ངན་རྣམས་ཆོས་ལུགས་ཀྱི་སྐྱོན་ཡིན་པར་བཤད་ནས་སྨྱོ་གཏམ་ལུང་པ་གང་བཤད།

དོན་དངོས་ཀྱི་ལྟ་གྲུབ་ལ་སློབ་སྦྱོང་སྐར་མ་ལྔ་ཙམ་ཡང་བྱེད་མྱོང་མེད་བཞིན་དུ། དངོས་པོའི་གནས་ལུགས་ལ་དགག་པ་བྱེད་མཁན་གྱི་ལྐུག་པ། ཡང་དག་པའི་སྤྱོད་པ་སྟེ། བྱམས་བརྩེ་དང་། སྙིང་རྗེའི་ཆོས་ལུགས་ཤིག་བོར་ལ་དར་བ་འདིས་བོད་འདི་ཕུང་སོང་ཟེར་ནས་ཧམ་བཤད་གཡག་ལས་ཆེ་བའི་ཡི་གེ་དྲྭ་ཚོགས་སུ་བསྐུར། དེ་འདྲ་ཡི་སྨྱོ་ཧམ་ཅན་གྱི་ཐ་ཤལ་ཚོ་ཉོན་ཨང་། འོ་ན། སངས་ཆོས་བོད་ལ་དར་བས་བོད་འདི་ཕུང་སོང་ཟེར་ན། རྒྱ་ནག་རྒྱལ་ཁབ་འདི་ཡང་ཕུང་སོང་ངམ། ཅིའི་ཕྱིར་ཞེ་ན། རྒྱ་ནག་ལའང་སངས་ཆོས་དར་བས་སོ། ། དེས་ན། རྒྱུ་མཚན་དེ་རྣམས་ཀྱི་ཕྱིར། ཐ་ཤལ་ཁྱོད་ཚོས་བོད་ཀྱི་ཆོས་དང་རིག་གཞུང་ལ་བྱས་རྗེས་རྟིལ་འབྲུ་གཅིག་ཙམ་ཡང་བསྟན་རྒྱུ་མེད་པའི་ཕྱིར། ཁ་སྟོང་ནང་གི་གཏམ་སྟོང་། ལྕེ་སྟོང་ནང་གི་ལག་སྟོང་། གལ་སྙིགས་ནང་གི་གལ་སྙིགས་དེ་ཚོ་ནི། ཐ་ཤལ་བ་སྟེ། ལྟ་ལོག སྤྱོད་ལོག་ཚོའི་རང་བཞིན་མངོན་གསལ་དོད་པོ་ཞིག་གོ ། ཐ་ཤལ་ཚོ་ལ་གོང་བཤད་དེ་ལྟ་བུའི་སྐྱོན་དང་། ནོར་འཛོལ་ཡོད་པ་ཡིན་པ་ཨབ་རྡོལ་ཀ་ལམ་མཆོག་གིས་མཁྱེན་ནས། ཁོང་གིས་ཆོས་ལུགས་ནི་ཐ་ཤལ་ཚོར་མཚོན་ན་འཁྲུག་རྩོད་བྱེད་སྤྱད་ཀྱི་ལག་ཆ་ཞིག་རེད་ཅེས་པའི་གདམ་ངག་འདི་འགྲོ་བ་མི་རྣམས་ལ་ལེགས་པར་བཞག་པ་ཡིན་ནོ།།

མདོར་ན། བོད་ཀྱི་བློ་གསལ་གངས་ཕྲུག་ཚོའོ།། དེ་ཤག་གི་ཐ་ཤལ་ཚོར་རྟགས་དེ་ལྟ་བུ་ཡོད་པས་ཐ་ཤལ་ཚོའི་གང་བཤད་སྨྱོ་གཏམ་གྱིས་གཡོ་འོག་ལ་མི་ཚུད་པའི་ཆེད་དུ། རད་ཉིད་ཀྱིས་དཔེ་ཀློག་མང་ཙམ་བྱེད་དགོས། ལྟ་རྒྱ་མཐོང་རྒྱ་མང་བར་ཉར་ཚག་བྱེད་དགོས། སྐྱེས་ཆེན་དམ་པ་ཚོའི་གསུང་ཚད་མ་ལ་བརྟག་དཔྱད་ཡང་དག་པར་བྱས་ནས་སྙིགས་དོར་བཅུད་ལེན་བྱེད་ཤེས་དགོས། དང་པོ་ལ་རང་ཉིད་ཡོན་ཏན་གང་ཡང་ལྡན་པར་བྱེད་དགོས། མི་ཚེ་ཟ་ཁང་དང་། ཁ་པར་ནང་ལ་ཉོག་གཏམ་བཤད་མཁན་ཚོའི་སྨྱོ་བཤད་ལ་ནམ་ཡང་མི་ལྟ་བ་ཞིག་དགོས་སོ། ། སྐབས་དེར་ཆོས་ལུགས་དང་། ཐ་ཤལ་ཞེས་པའི་ཐ་སྙད་གཉིས་ཀྱི་དང་པོ་ཆོས་ལུགས་ཞེས་པ་དེ་ཚོ་ནང་ཆོས་ལ་གོ་བ་ལེན་ན་འགྲིག་ཅིང་། ཐ་ཤལ་ཞེས་པའི་མིང་ཚིག་མང་པོ་བེད་སྤྱོད་བྱེད་ཡུལ་གྱི་མི་ངན་དེ་ཚོ་བོད་ལ་ཡོད་པའི་ལས་མེད་ཕོག་མེད་ཟས་མེད་ལྟ་ལོག་འཆོལ་གཏམ་བཤད་མཁན་ཚོ་ལ་གོ་ན་ཆོག་པ་ཡིན་ནོ།། ལྷག་ཏུ་རྩོམ་ཡིག་འདིའི་གོ་དོན་དེ་རྣམས་དེང་སང་གི་བོད་ལ་ཡོད་པའི་ཐ་ཤལ་ཚོ་དང་། བོད་བརྒྱུད་ནང་བསྟན་གྱི་ཆོས་ལུགས་དང་སྦྱར་ནས་གོ་བ་ལེན་ན་ཧ་ཅང་གི་ལེགས་པ་ཡིན་ནོ། །