པུས་མོ་ས་ལ་བཙུགས་ནས་“གྱེན་ལོག་”བྱེད་པ།

5/464

 

སྤྱི་ལོ་༢༠༡༩ལོའི་ཟླ་༣པའི་ཚེས་༢༠ཉིན། ཧ་ཧྥོཊི་སློབ་ཆེན་གྱི་སློབ་གཙོ་པེ་ལེའུ་རུའེ(Lawrence.S.Bacow)པེ་ཅིན་སློབ་ཆེན་དུ་འཚམས་འདྲིར་ཕེབས་པའི་གསར་འགྱུར་མཐོང་བྱུང་། ཁོང་གིས་པེ་ཅིན་སློབ་ཆེན་བའི་ཤེས་ཡོན་ཅན་རྣམས་ལ་གནང་བའི་གཏམ་བཤད་ནང་བུར་དུ་ཐོན་པའི་ཚིག་“ང་ཚོས་བདེན་དོན་བརྩོན་ལེན་དང་བདེན་དོན་སྟོབས་ཤུགས་ཀྱིས་མ་འོངས་པ་བསྒྱུར་བ་གཏོང་ཐུབ་པའི་ཡིད་ཆེས་དགོས”ཞེས་གསུངས་སོང་།

སྐད་ཆ་དེ་ཐོས་མ་ཐག་ངའི་སེམས་ལ་ད་ལྟའི་བོད་པའི་ཤེས་ཡོན་ཅན་སྡེ་རྣམས་དྲན་བྱུང་། མིག་སྔར་བོད་པའི་ཤེས་ཡོན་ཅན་ཕལ་ཆེ་བ་ནི་བདེན་དོན་བརྩོད་ལེན་དང་མི་རིགས་ལ་རིགས་ཞེན་ཡིན་ཟེར་ནས། སྒེར་གཅོད་གཞུང་ལུགས་མང་དག་ཅིག་དྲྭ་རྒྱར་སྤེལ་དང་སྤེལ་བཞིན་པའི་པུས་མོ་ས་ལ་བཙུགས་ནས་རྣམ་པ་འགྱུར་བའི་“གྱེན་ལོག”བྱེད་ཚུལ་དག་དྲན་བྱུང་།

ཁོ་ཚོ་ལ་བདེན་པ་རེ་བརྗོད་རྒྱུ་ཡོད་མོད་བདེན་པ་དེ་ཤུགས་ཆེ་རུ་གཏོང་མཁན་ཡང་མི་ཉུང་པ་ཡོད་འདུག་ལ་རྩོད་རྩལ་ངོམས་པའི་ཆེད་དུ་རྩོད་བཞིན་པ་ཡང་མཐོང་གསལ་རེད། དེ་ནི་དོན་ངོ་མར་དོན་དངོས་ལ་རྒྱབ་གཏོད་རེད་ལ་ཚད་བརྒལ་གྱིས་ཁྲམ་གཏམ་ཁོ་ན་མ་ཡིན་ནམ།

སེམས་བཟང་ཅན་གྱི་བོད་པའི་འབྱུང་འགྱུར་ལ་བསམ་གཞིགས་བྱེད་བཞིན་བོད་པའི་རིག་གཞུང་ལ་གདུང་སེམས་འཆང་མཁན་དག་གིས། དུས་རྒྱུན་དུ་བོད་པའི་རིག་གནས་ཡོད་དོ་ཅོག་ནུབ་ཕྱོགས་རིག་གནས་དང་མི་རིགས་གཞན་གྱི་རིག་གནས་དང་བསྡུར་ནས། བོད་པའི་རིག་གནས་ཀྱི་རིན་ཐང་གཏན་འཁེལ་བྱ་ཐབས་ལ་འབད་བཞིན་འདུག་ལ། ནུབ་ཕྱོགས་རིག་གནས་མ་དཔེ་ལྟར་གྱིས་བོད་པའི་རིག་གནས་ཀྱི་ཚབ་བྱེད་དུ་འཇོག་འདོད་པ་ནི་དོན་དངོས་དང་མི་མཐུན་པའི་ཞིག་རེད་སྙམ།

དེ་སྔོན་སློབ་མ་བསྡུ་བའི་བརྡ་ཁྱབ་ཤོག་བྱང་ཞིག་གི་སྟེང་ལ་བག་ཆགས་ཟབ་མོ་བཞག་པའི་ཚིག་གཅིག་མཐོང་མྱོང་། དེའི་སྟེང་ལ་“ཁྱོད་ཀྱིས་ནམ་ཡང་ཁྱོད་ཀྱི་སྐྱོན་ཆའི་སྟེང་དུ་ཕམ་མི་སྲིད། འོན་ཀྱང་ཁྱོད་ཀྱིས་རང་ཉིད་ཀྱི་དགེ་མཚན་སྟེང་དུ་ཕམ་པ་ནི་དོན་ངོ་མའི་ཕམ་ཁ་ཡིན་ཟེར།”ཚིག་འདི་མི་རིགས་ཤིག་ལ་མཚོན་ནའང་དེ་ལྟར་རོ། །

ལོ་ངོ་སྟོང་ཕྲག་མང་པོའི་ལོ་རྒྱུས་ནང་ཡབ་མེས་དམ་པས་ང་ཚོར་བཅུ་ཕྲག་རིག་གནས་ཤུལ་བཞག་ཅིག་བཞག་ཡོད། རིག་གཞུང་དེ་དག་གི་ཁྲོད་ནས་ད་ལྟ་ཡོད་ཟེར་རུང་མེད་ཟེར་རུང། དུས་རབས་ཉེར་གཅིག་པ་འདིར་འཛམ་གླིང་ལ་ས་ཁྱབ་རྡོ་ཁྱབ་དུ་གྲག་བཞིན་པ་ནི་ནང་བསྟན་རིག་པ་རེད།

མི་རིགས་རང་རང་སོ་སོ་ལ་ཐུན་མོང་མ་ཡིན་པའི་རིག་པའི་རྒྱབ་རྟེན་རེ་ཡོད། རང་ངོས་ཀྱི་བཟང་ཆ་འདོན་སྤེལ་དང་བེད་སྤྱོད་བྱེད་ནུས་ན། གཞི་ནས་འཛམ་གླིང་སྔོན་ཐོན་མི་རིགས་ཀྱི་གྲས་སུ་འགྲོ་ཐུབ་པའི་རེ་བ་ཡོད། ལྷ་མེད་སྨྲ་བའི་བོད་པའི་ཤེས་ཡོན་ཅན་ཚོ་ལྷ་འདྲེ་མེད་ཚུལ་ཁོ་ན་གླེང་མོལ་བྱེད་སྡོད་པ་ལས་ལྷ་འདྲེ་ཡོད་མེད་ལ་མ་ལྟོས་པར་རང་ཚོད་ཀྱིས་རང་རིགས་ཀྱི་དགེ་མཚན་ཕྱོགས་བསྡུས་བྱེད་ནས། བོད་པའི་དགེ་མཚན་བེད་སྤྱད་ནས་ལྷ་འདྲེ་དང་འབྲེལ་བའི་ལྷ་སྒྲུང་རེ་འབྲི་ནས། མི་རིགས་གཞན་གྱི་སྐད་ཡིག་དུ་བསྒྱུར་ན་ད་གཟོད་ཤེས་ཡོན་པའི་རིན་ཐང་མངོན་ཐུབ་ལ་མི་རིགས་ལ་སྲི་ཞུ། ཞོར་དུ་གྲགས་འདོད་ན་དེ་ལས་ཀྱང་གྲགས་ངེས།

འཛམ་གླིང་ཐོག་ཆེས་རིང་བར་གྲགས་པའི་ལྷ་འདྲེའི་སྒྲུང་《གེ་སར་རྒྱལ་པོ་》འདྲ་བའི་ལྷ་སྒྲུང་མང་ཙམ་འབྲི་ནས་རང་ཉིད་ཀྱི་རྩོད་རྩལ་ངོམ་ཞོར་སྐད་ཡིག་གི་སྒྱུ་རྩལ་ངོམ་ཞོར། བོད་པའི་ལྷ་འདྲེའི་ཁྱད་ཆོས་ངོམ་ཞོར་རེད། མི་རིགས་ཞིག་དར་རྒྱས་འགྲོ་དགོས་ན་སྔོན་ལ་མི་རིགས་ག་གེ་མོ་དེའི་ཤེས་ཡོན་པའི་སྡེ་རྣམས་དར་རྒྱས་འགྲོ་དགོས་ཤིང་རྣམ་དཔྱོད་འབུར་དུ་ཐོན་ཐུབ་དགོས་པ་མ་ཡིན་ནམ།

ནང་ཆོས་ལ་དད་ཀྱང་ཆོག་ལ་སྡང་ཀྱང་རུང་། སློབ་གཉེར་མེད་པའི་སྐྱ་མིན་སེར་མིན་དང་གཅིག །གཞན་ཕན་གྱི་དམིགས་ཡུལ་ཁོག་ཏུ་མེད་པའི་གྲྭ་རྫུན་དངགཉིས། སྡོམ་པ་མེད་པའི་བླ་རྫུན་དང་གསུམ་ལ། ངོ་རྒོལ་མཐའ་གཅིག་ཏུ་ཡོད་མོད།

འོན་ཀྱང་སྟོན་པ་ཐུགས་རྗེ་ཅན་གང་གིས་ལམ་སྟོན་མཛད་པའི་སངས་རྒྱས་ཆོས་ལུགས་དར་ནས་ད་བར་ལོ་ངོ་༢༥༠༠ལྷག་གི་ཕྱིན་ཡང་། སུ་དང་གང་གིས་དགག་ཀྱང་ད་དུང་མི་སེམས་ལ་གཡོལ་འགུལ་ཆེན་པོ་ཐེབས་དང་ཐེབས་བཞིན་པ་རེད་ལ་འཛམ་གླིང་ཆོས་ལུགས་ཆེན་མོ་གསུམ་གྱི་ཡ་གྱལ་དུ་གྲགས་དང་གྲག་བཞིན་པ་རེད། བོན་ཆོས་དང་ཆུ་འོ་མ་འདྲེས་པ་ལྟ་བུའི་རིག་གཞུང་རྒྱུད་ཁོངས་རང་བཞིན་ཅན་གྱི་ནང་བསམ་པའི་རིག་གནས་འདི་བོད་པའི་འཚོ་བའི་ཁྲོད་ཕྱིའི་བཟོ་བཀོད་དང་སྒྱུ་རྩལ་སོགས་ལ་དར་ཁྱབ་ཆེ་བའི་རིག་གནས་ཞིག་ཡིན་པས། ནང་ཆོས་དང་བོན་ཆོས་སོགས་ཆོས་ལུགས་མཐའ་དག་མཐའ་གཅིག་དུ་རྒོལ་བ་རང་ངོ་མི་ཆོད་པའི་རྟགས་མཚན་ལས་ཅི།

དེ་རིང་ང་ཚོས་མུ་མཐུད་དུ་འབད་རྩོན་བྱེད་དགོས་པའི་རྒྱུ་མཚན་གཙོ་བོ་ནི་མ་འོངས་གཅིག་པུའི་ཆེད་དུ་མིན་པར། བོད་པ་ཞིག་ཡིན་པའི་ངོས་ནས་འདོར་དུ་མེད་པའི་འགན་ཁྲི་ཞིག་ཡོད་དེ། དེ་སྔ་ནུས་ཤུགས་ཡོད་རྒུས་དཔའ་ངར་ཞུམ་མེད་ངང་ལམ་ཐོག་དུ་བསྐྱོད་ཅིང་ཨམ་གཙིགས་བསྡམས་ནས་ང་ཚོར་བཅུ་ཕྲག་རིག་གནས་བཞག་མཁན་མེས་པོ་ཚོའི་རྔུལ་ཆུ་སྟོངས་ཟད་མི་འགྲོ་བའི་ཆེད་དུ་ཡང་ཡིན་དགོས། པུས་མོ་ས་ལ་བཙུགས་ནས་གྱེན་ལོག་མ་གནང་།

ཤར་.ཚངས་དབྱངས་ལྷ་མོ་དེས་༢༠༡༩ལོའི་ཟླ༣་པའི་ཚེས༣༡ཉིན་ཕུལ་བའོ།།